ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས།

༼ཕ༽

༄༅། །ཐུགས་རྗེ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་ཐུགས་རྗེ་ཆེན་པོ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧྲཱིཿདཀར་པོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། སྤྱི་གཙུག་ནས་རྐང་པའི་མཐིལ་གྱི་བར་གྱི་ལུས་ཐམས་ཅད་ཡོངས་སུ་གང༌། སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། སྡུག་བསྔལ་ཐམས་ཅད་སྦྱངས། ཕར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ནས་རང་ལ་ཐིམ་པས། རང་ཉིད་ཐུགས་རྗེ་ཆེན་པོར་གྱུར་བ་ནི། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་སངས་རྒྱས་ཐམས་ཅད་ལ་ཐལ་མོ་སྦྱར་ནས། སེམས་ཅན་གྱི་དོན་ལ་བསྐུལ་བ། གཡས་ཀྱི་གཉིས་པས་ཕྲེང་བ་དཀར་པོ་དང༌། གཡོན་གྱི་གཉིས་པས་རིན་པོ་ཆེ་དང་བཅས་པའི་པདྨ་དཀར་པོ་འཛིན་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། རབ་ཏུ་ཞི་ཞིང་གཟི་བརྗིད་མཐའ་ཡས་པ། སྤྱི་བོར་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམས་པ་ལ་ཡིད་གཏད་དེ་མཉམ་པར་གཞག་གོ །དེ་ནས་སྔགས་ཟློ་བར་འདོད་ན། སྙིང་གི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཧྲཱིཿབསྒོམས་པའི་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཀྱིས། བདག་གི་སྡིག་པ་དང༌། སྒྲིབ་པ་དང༌། ནད་དང༌། སྡུག་བསྔལ་ཐམས་ཅད་སྦྱངས། ཕྱིར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་རང་ལ་འཇུག་པར་བསམ་ཞིང༌། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཇི་སྲིད་མི་སྐྱོའི་བར་དུ་བཟླ་བར་བྱའོ། །ཕྲེང་བའི་མདོ་འཛིན་ནས། མདོ་འཛིན་ལ་མ་སླེབས་ཀྱི་བར་དུ་ཚིག་གཞན་གྱིས་བར་མ་ཆོད་པར་བཟླ། གྲངས་ཀྱི་བསྙེན་པའི་ཚད་ནི་འབུམ་ཕྲག་དྲུག་ཅུ་སྟེ། དེས་ལས་ཀྱི་ཚོགས་ཇི་སྐད་བཤད་པ་རྣམས་འགྲུབ་ལ། བྱང་ཆུབ་བསྒྲུབ་པ་ལ་ནི་ཚད་མེད་དོ། །དེ་ནས་བཟླས་པ་ཚར་བ་དང༌། དགེ་བའི་རྩ་བ་སངས་རྒྱས་སུ་བསྔོས་ནས། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱའོ། །རང་དང་གཞན་གྱི་ནད་ཀྱི་ཟུག་རྔུ་སེལ་བར་འདོད་པས། གང་ན་བའི་སར། ཟླ་བ་ལ་གནས་པའི་ཧྲཱིཿའི་ཡི་གེ་ལས། བདུད་རྩིའི་རྒྱུན་བབ་པས། ཟུག་རྔུ་ཐམས་ཅད་བསལ་ཞིང༌། བདེ་བས་གང་བའི་ཏིང་ངེ་འཛིན་དང་ལྡན་པས། ཡི་གེ་དྲུག་པའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱའོ། །སྔགས་ཀྱི་ཆུས་བདག་དང་གཞན་ལ་ཕན་གདགས་པར་འདོད་ན། ཆུ་གཙང་མའི་ནང་དུ། པདྨ་འདབ་མ་དྲུག་པའི་ལྟེ་བར་ཧྲཱིཿ འདབ་མ་རྣམས་ལ་རིམ་པ་བཞིན་ཡི་གེ་དྲུག་པ་བཀོད་ནས། དེ་རྣམས་ལས་བདུད་རྩིའི་རྒྱུན་བབས་པས། སྣོད་ཡོངས་སུ་གང་བར་བསམ་ཞིང༌། ཡི་གེ་དྲུག་པས་མངོན་པར་བསྔགས་པའི་ཆུ་འཐུངས་པ་དང༌། བཀྲུས་པས་ནད་དང༌། ཟུག་རྔུ་སེལ་བར་བྱ་བའོ། །ཉལ་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལ་ཉལ་ཞིང༌། ལྡང་བའི་ཚེ་ལྷའི་ང་རྒྱལ་གྱིས་ལྡང་བར་བྱའོ། །འདིའི་རྣལ་འབྱོར་གྱིས་རྟག་ཏུ་གནས་ན། གནས་སྐབས་སུ་ནད་དང་སྡུག་བསྔལ་ཞི་ཞིང༌། སྡིག་པ་དང་སྒྲིབ་པ་སྦྱངས་ནས་མཐར་བྱང་ཆུབ་འགྲུབ་པ་ཉིད་དོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྒྲུབ་པའི་ཐབས། ཆོས་རྗེ་ས་སྐྱ་པའི་གསུང་བཞིན། འཕགས་པས་རྒྱའི་ཡུལ་དུ་ཡི་གེར་བཀོད་པའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*