འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས།

༼ཕ༽

༄༅། །འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས་བཞུགས།།

༄༅། །འཇམ་དཔལ་དཔའ་བོ་གྲུབ་པའི་སྒྲུབ་ཐབས་ཞེས་བྱ་བ། འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་ཡེ་ཤེས་ཀུན་ནས་རབ་གསལ་བ། །སྣ་ཚོགས་གདུལ་བྱའི་ཡིད་ལ་མཉམ་པར་འཇུག །རྨོངས་པའི་ཐིབས་པོ་ཀུན་ནས་སེལ་མཛད་པ། །འཇམ་པའི་རྡོ་རྗེའི་ཞབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འཇམ་པའི་རྡོ་རྗེ་ཡིས། །དཔའ་བོ་གྲུབ་པར་གང་གསུངས་པའི། །གཙོ་བོའི་གྲུབ་ཐབས་རིམ་པ་འདི། །བདག་གིས་རིམ་པར་བཤད་པར་བྱ། །དེ་ལ་དཔའ་བོ་གྲུབ་པ་བསྒོམ་པར་འདོད་པའི་གང་ཟག་གིས། ཁྲུས་དང་གཙང་སྦྲ་ལ་སོགས་པ་སྔོན་དུ་འགྲོ་བས། དབེན་པའི་གནས་སུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་བསྒྲུབ་པའི་འདུན་པ་དང་ལྡན་པས། སྙིང་གི་དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་མུཾ་གྱི་ཡི་གེ་ལས་རྣམ་པ་སྣ་ཚོགས་པའི་འོད་ཟེར་བྱུང་བས། རང་གི་རྒྱུད་ཀྱི་སྒྲིབ་པ་སྦྱངས་ནས་སླར་ཡང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲོས་པས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་སྦྱངས་ནས། དེ་ཉིད་ཀྱི་སྣང་བས། མགོན་པོ་དཔའ་བོ་གྲུབ་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་སྤྱན་དྲངས་ལ་ཕྱག་འཚལ་བ་དང༌། མཆོད་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ཡན་ལག་བདུན་པ་ལན་གསུམ་བྱས་ལ། ཚད་མེད་པ་བཞི་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་པས་ཕྱི་ནང་གི་ཆོས་ཐམས་ཅད་སྟོང་པར་བསྒོམ་མོ། །སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མུྃ་གྱིས་མཐའ་མར། ཨོཾ་བཛྲ་ཏིཀྵྞ། དུཿཁ། ཙྪེ་ད། པྲཛྙཱ། ཛྙཱ་ན་མུརྟ་ཡེ། ཀཱ་ཡ་ཝཱི་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ ཞེས་བྱ་བའི་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱི་སྣང་བ་ཕྱོགས་བཅུར་སྤྲོས་པས་སེམས་ཅན་གྱི་ཁམས་མ་ལུས་པའི་སྡིག་པ་ཐམས་ཅད་རྣམ་པར་སྦྱངས་ནས། བདེ་བའི་མཆོག་ལ་བཀོད་དེ། སླར་འདུས་ནས་ཡི་གེ་དེ་ཉིད་ལ་ཐིམ་པས། རང་ཉིད་བཅོམ་ལྡན་འདས་དཔའ་བོ་གྲུབ་པ། པདྨ་དང་ཟླ་བའི་སྟེང་ན་བཞུགས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་པས་མཆོག་སྦྱིན་དང༌། གཡོན་པས་ཨུཏྤ་ལ་ཐུགས་ཀར་འཛིན་ཅིང་སྙན་གྱི་ཐད་སོར་རྒྱན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་ཞིང༌། དར་སྣ་ཚོགས་པའི་ན་བཟས་ཀླུབས་པ། རབ་ཏུ་ཞི་ཞིང་དར་ལ་བབ་པ། འོད་ཟེར་དུ་མ་འཕྲོ་བ་དང་སྡུད་པའི་བདག་ཉིད་ཅན་དུ་བསམས་ལ། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་གར། ཨོཾ་དང༌། ཨཱཿདང༌། ཧཱུྃ་གི་ཡི་གེ་དཀར་པོ་དང༌། དམར་པོ་དང༌། སྔོན་པོ་རྣམས་རིམ་པ་བཞིན་དུ་བསམས་ལ། བདག་བསྐྱེད་དེ་ཉིད་བྱིན་གྱིས་བརླབས་པའི་ཕྱིར་ལྷའི་སྐུ་ལ་དམིགས་ལ། ཨོཾ་ཨཱདྱ་ནུཏྤནྣ་པྲ་ཀྲྀ་ཏི། པྲ་བྷ་ཝ། སྭ་ར་སུ་བི་ཤུདྡྷ། དྷརྨ་དྷཱ་ཏུ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་དོ། །དེ་ནས་དེའི་སྙིང་གའི་ས་བོན་གྱི་ཡི་གེ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་དཔག་ཏུ་མེད་པ་སྤྲོས་པས། འཇམ་པའི་རྡོ་རྗེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་གཏོས་ཁྱབ་པས་ཡོངས་སུ་བསྐོར་བ་སྤྱན་དྲངས་ལ། མཆོད་པ་ལྔས་མངོན་པར་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་བྱ་བའི་སྔགས་ཀྱིས་རང་དང་གཉིས་སུ་མེད་པར་བསྟིམ་པར་བྱས་ལ། ཡང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ལ་བརྟན་པར་བྱའོ། །ཡང་དབང་བསྐུར་བའི་སླད་དུ། དེ་བཞིན་གཤེགས་པ་རིགས་ལྔ་རིག་མ་དང་སེམས་དཔའ་དང༌། ཁྲོ་བོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་སྤྱན་དྲངས་ལ། ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། རིག་མ་དང་བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད། དེ་བཞིན་གཤེགས་པ་རྣམས་ཀྱིས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང༌། ཡེ་ཤེས་ཀྱི་བདུད་རྩིས་ཡོངས་སུ་གང་བའི་བུམ་པའི་ཆུས་ཚངས་པའི་བུ་ག་ནས་དབང་བསྐུར་བས་ཕྱི་དང་ནང་གི་དྲི་མ་ཐམས་ཅད་དག་པར་སྦྱངས། རང་གི་ལུས་ཡེ་ཤེས་ཀྱི་ཆུས་ཡོངས་སུ་གང༌། རིགས་ཀྱི་བདག་པོ། དབང་བསྐུར་གྱི་ལྷ་རྣམས་གཅིག་ཏུ་གྱུར་ཏེ། རྣམ་པར་སྣང་མཛད་ཀྱི་རྣམ་པ་ཅན་གྱིས་དབུར་བརྒྱན་པར་བསམ་མོ། །ལྷའི་སྐུ་དེ་ཉིད་ཀྱང་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་དམིགས་ལ། རྣལ་འབྱོར་པའི་བློ་མཉམ་པར་གཞག་པར་བྱའོ། །དེ་ནས་མཉམ་པར་བཞག་པ་ལས་ལངས་ཏེ། བཟླས་པ་བྱེད་པར་འདོད་པས་རང་གི་སྙིང་གི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་མུྃ་གྱི་མཐའ་མར་བསྐྱེད་པའི་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་དམིགས་པ་གཏད་དེ་བཟླས་པར་བྱའོ། །བསྙེན་པའི་གྲངས་ནི་འབུམ་ཕྲག་བཅུ་གསུམ་མོ། །ཨོཾ་ཧེ་ཧེ་ཏིཥྛ། བནྡྷ་བནྡྷ་དྷ་ར་ཡ་དྷ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ། ཞེས་བྱ་བ་འདི་མཛོད་སྤུ་ནོར་བུ་ཞེས་བྱ་བའི་གསང་སྔགས་ཏེ། ལྷའི་རྣལ་འབྱོར་འདི་ཉིད་ལ་གནས་ནས། ལས་ཐམས་ཅད་རྒྱུད་ལས་འབྱུང་བ་ལྟར་བསྒྲུབ་པར་བྱ་སྟེ། ཐམས་ཅད་དུ་ཐོགས་པ་མེད་པར་ཤེས་པར་བྱའོ། །གསུང་རབ་རྒྱ་མཚོའི་གླིང་ལས་ལེགས་འོངས་ཤིང༌། །ཡང་དག་བླ་མ་ཀླུ་དབང་གིས་བསྟེན་པའི། །མན་ངག་རིན་ཆེན་ཕྲེང་བ་ཁོས་བོས་སྤེལ། །ཡེ་ཤེས་ལྷ་ཡི་རྒྱན་གྱིས་མཛེས་པར་ཤོག །དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། །བླ་མ་དམ་པའི་ཞལ་ལས་འབྱུང་བ་བཞིན། །དགེ་ཚུལ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཤིང་ཕོ་སྟག་གི་ལོ་བྱ་སྤོའི་ཟླ་བ་ལ་མདོ་ཁམས་སྒང་དུ་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*