འཇམ་དཔལ་གྱི་སྒྲུབ་ཐབས།

༼ཕ༽

༄༅། །འཇམ་དཔལ་གྱི་སྒྲུབ་ཐབས་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་བསྒོམ་པར་འདོད་པས། སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་དོན་དུ་འཇམ་དཔལ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཟླ་བའི་སྟེང་དུ་དྷཱིཿདམར་སེར་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་རང་གི་སྡིག་པ་དང་མི་ཤེས་པ་ཐམས་ཅད་དག བ་སྤུའི་བུ་ག་ཐམས་ཅད་ནས་འོད་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་གྱི་སྡིག་པ་དང་མ་རིག་པ་བསལ། འོད་ཚུར་འདུས་ནས་རང་ལ་ཐིམ་པས། རང་གི་ལུས་འཇམ་དཔལ་དུ་གྱུར་པར་བསམ། དེའང་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་གཅིག་པ་ཕྱག་གཉིས་པ། ཕྱག་གཡས་པ་ན་ཤེས་རབ་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་པ་ན་མེ་ཏོག་ཨུཏྤ་ལའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་པུསྟི་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཅའ་ཅན། སྐུ་མདོག་གསེར་བཙོ་མ་ལྟ་བུ། གཞོན་ནུ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་བྱད་ཅན་མི་བསྐྱོད་པས་དབུར་བརྒྱན་པར་བསྒོམ། དེའི་དཔྲལ་བར་ཨོཾ་དཀར་པོ་ཞུ་བ་ལས་འཇམ་དཔལ་དཀར་པོ། མགྲིན་པར་ཨཱཿལས་འཇམ་དཔལ་དམར་པོ། སྙིང་གར་ཧཱུྃ་ལས་འཇམ་དཔལ་སྔོན་པོ། ཕྱག་མཚན་དང་རྣམ་པ་རང་དང་འདྲ་བར་བསྒོམ། སྙིང་གའི་འཇམ་དཔལ་གྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་དྷཱིཿདམར་སེར་ཅིག་བསྒོམ། དེ་ལས་འོད་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་རང་ཉིད་ལ་ཞུགས་པར་བསམས་ལ་དྷཱིཿའི་མཐའ་མར་སྔགས་ཀྱིས་བསྐོར་བར་དམིགས་ཤིང༌། ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་པ་ཅི་ནུས་པ་བཟླ། དེའི་རྗེས་སུ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ན་བི་ཤོ་དྷ་ན། ཤོ་དྷ་ཡ་བི་ཤོ་དྷ་ཡ། འདི་གཟུངས་རྣམས་ནས། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། བ་མ་ལ། ཞེས་འབྱུང་ཡང་འདིའི་ཕྱི་མོ་ན་མི་འདུག་པས་དཔྱད། ཛ་ཡ་ཝ་རེ། རུ་རུ་ཙ་ལེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། གཟུངས་ཀྱང་ཅི་རིགས་པ་བཟླ། མཐར་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་སུ་བསྔོ། འཇམ་དཔལ་གྱི་སྒོམ་ཐབས་མེ་ཕོ་འབྲུག་གི་ལོ་སྟོན་ཟླ་ར་བ་ལ་རྒྱལ་བུ་མུ་གས་བསྐུལ་ནས་འཕགས་པས་བཤད་ཅིང་བྲིས་ནས་ཕུལ་ལོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*