སྒྱུ་མ་ཆེན་མོའི་ཚོགས་འཁོར།

༼ཕ༽

༄༅། །སྒྱུ་མ་ཆེན་མོའི་ཚོགས་འཁོར་བཞུགས།།

༄༅། །དཔལ་སྒྱུ་མ་ཆེན་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ། སྒྱུ་མ་ཆེན་མོ་ལ་ཕྱག་འཚལ་ལོ། །དཔལ་མཆོག་བདེ་ཆེན་སྒྱུ་མའི་སྐུ། །མི་ཟད་གསང་བ་གསུམ་བདག་ཉིད། །སྒྱུ་མ་ཆེན་མོར་ཕྱག་འཚལ་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད། །འདིར་སྔགས་དང་སྨན་གྱིས་ཀུན་དུ་བྱིན་གྱིས་བརླབས་པའི་དུག་ཡོངས་སུ་བསྟེན་པ་ནི། ཟས་དང་སྨན་གཞན་པས་བཅུད་དང་ཕན་ཡོན་ཆེ་བ་ལྟར། གང་གིས་ཡོངས་སུ་གདུང་བར་འགྱུར་བ་འདོད་པའི་ལོངས་སྤྱོད་དང༌། ཀུན་ནས་ཉོན་མོངས་པ་དེ་དང་དེ་དག་ཐབས་ལ་མཁས་པའི་ཁྱད་པར་གྱིས་བྱིན་གྱིས་བརླབས་ནས་ཡོངས་སུ་སྤྱད་ན། འདོད་པའི་ལོངས་སྤྱོད་དང་ཉོན་མོངས་པ་ལ་མི་མཐུན་པའི་ཕྱོགས་སུ་ལྟ་བའི་ལམ་དེ་དག་པས་ཁྱད་པར་དུ་འཕགས་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ཀྱི་སྡེ་སྣོད་ལས། འདོད་པ་དང་འདོད་པའི་ལོངས་སྤྱོད་རྣམས་དུག་དང༌། མཚོན་དང༌། ཆོམ་རྐུན་དང༌། རབ་ཏུ་འབར་བའི་མེ་དང་འདྲ་བར་བསྟན་པས་ཤིན་ཏུ་སྨད་པར་གྱུར་པ་དེ་ཉིད་བྱང་ཆུབ་སེམས་དཔའི་སྣེ་སྣོད་དག་ལས། ཐབས་ཀྱིས་ཡོངས་སུ་ཟིན་ན་ལམ་ལ་ཕན་པར་འགྱུར་བར་བསྟན་ཏེ། ཇི་སྐད་དུ་རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་ལ་ལ་ལ་ནི་ཕ་དང་མ་དང་ཆུང་མ་དང་བུ་དང་བུ་མོ་དག་ཀྱང་གདོན་མི་ཟ་བར་དགོས་སོ། །ཞེས་པ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ལ་ནི་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱད་དེ། ཆུང་མའི་འཁོར་གྱི་ནང་ནས་མངོན་པར་བྱུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བ་དང༌། དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་གྲོང་ཁྱེར་གྱི་ལུད་གང་ཡིན་པ་དེ་ནི། འབྲས་ཀྱི་ཞིང་དང༌། བུ་རམ་གྱི་ཞིང་དང༌། ཏིལ་གྱི་ཞིང་ལ་ཕན་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ཕན་པ་ཡིན་ནོ། །ཞེས་གསུངས་ལ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། བྱིས་པ་རྣམས་ནི་གཟུགས་ལ་ཆགས། །བར་པ་རྣམས་ནི་ཆགས་བྲལ་འགྱུར། །མཁས་པ་རྣམས་ཀྱིས་གཟུགས་ཀྱི་ནི། །རང་བཞིན་ཤེས་ནས་རྣམ་པར་གྲོལ། །ཞེས་གསུངས་སོ། །རིག་པ་འཛིན་པའི་སྡེ་སྣོད་ལས་ལམ་གྱི་དངོས་གཞིར་གསུངས་ཏེ། གསང་བ་འདུས་པའི་རྒྱུད་ལས། ཆགས་ཅན་ཡེ་ཤེས་འདོད་པ་ཡིས། །རྟག་ཏུ་འདོད་ཡོན་ལྔ་རྣམས་བསྟེན། །ཞེས་པ་དང༌། ཀྱེའི་རྡོ་རྗེའི་རྒྱུད་ལས་ཀྱང༌། སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་འགྱུར། །ཆགས་པས་འཇིག་རྟེན་འཆིང་འགྱུར་བ། །འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ། །བཟློག་པའི་བསྒོམ་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཅིས་མི་ཤེས། །ཞེས་འབྱུང་ངོ༌། །དེའི་ཕྱིར་ཕྱི་དང་ནང་གི་བདེ་བ་ཆེན་པོ་ཐབས་ཁྱད་པར་དུ་འཕགས་པ་དང་བཅས་པ་ལས་བྱུང་བའི་ཏིང་ངེ་འཛིན་དམ་པ་ནི། ངེས་པར་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཕྲལ་དུ་མངོན་དུ་བྱེད་པའི་ཕྱིར་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་རྨད་དུ་བྱུང་བའི་ཐབས་ཀྱིས། ཕྱི་དང་ནང་གི་དཀྱིལ་འཁོར་མཆོད་པ་དང༌། ཡེ་ཤེས་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེའང་ལས་དང་པོ་པ་རྣམས་ལ་ཉེ་བར་གདམས་པའི་ཕྱིར་དེ་དག་གི་ཇི་ལྟར་བྱ་བའི་ཚུལ་བརྗོད་པར་བྱའོ། །དེའང་དུས་ཁྱད་པར་ཅན་ལ་བབ་པའི་ཚེ་དབེན་ཞིང་ཡིད་དུ་འོང་བའི་གནས་བྱི་དོར་ལེགས་པར་བྱས་ཏེ། བླ་རེ་ལ་སོགས་པས་ལེགས་པར་བརྒྱན་ནས་འདི་ཉིད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དཀོན་མཆོག་གི་རྟེན་ཉེ་བར་བཤམས་པའི་མདུན་དུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། མཚན་ཉིད་དང་ལྡན་པའི་ཐོད་པར་ཆང་དང་བདུད་རྩི་སྦྱར་བས་བཀང་བའི་ནང་གི་མཆོད་པ་དང༌། ཤས་བརྒྱན་པའི་གཏོར་མ་གསུམ་དང༌། རྡོ་རྗེ་དྲིལ་བུ་དང་མེད་དུ་མི་རུང་བའི་རྫས་ཁ་ན་མ་ཐོ་བ་དང་བྲལ་བའི་ཤ་དང༌། ཆང་དང༌། གཞན་ཡང་བཟའ་བ་དང༌། བཏུང་བ་གྱ་ནོམ་པ་རྣམས་ལེགས་པར་འཚོགས་པར་བྱའོ། །དེ་ནས་ཚོགས་ཀྱི་གཙོ་བོ་གྲལ་གྱི་ཐོག་མར་འཁོད་ནས། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པའི་དཔའ་བོ་དང༌། རྣལ་འབྱོར་མ་རྣམས་རྒན་རིམ་གྱིས་གནས་པ་ལ། ལས་ཀྱི་སློབ་མས་མཎྜལ་དང་སོ་སོ་ལ་མེ་ཏོག་ཕུལ་ནས་ཕྱག་འཚལ་ཏེ། ཀུན་བཟང་རྣམ་འཕྲུལ་མཆོད་པའི་སྤྲིན་ཕུང་གིས། །དཔའ་བོ་རྣལ་འབྱོར་མ་རྣམས་མཆོད་པ་དང༌། །ཡོན་བདག་བགེགས་ཞི་ཚོགས་གཉིས་བསག་པའི་ཕྱིར། །གཉིས་མེད་ཏིང་འཛིན་དག་ལ་གནས་པར་གསོལ། །ཞེས་གསོལ་བ་བཏབ། མེ་ཏོག་རྣམས་བསྡུས་ཏེ་ཚོགས་ཀྱི་གཙོ་བོ་ལ་དབུལ། དེས་ཀྱང་བླ་མ་དང་དཀྱིལ་འཁོར་ལ་དབུལ་ཏེ། ཆོ་ག་ལ་འཇུག་པར་རྗེས་སུ་གནང་བའི་དོན་དུ་གསོལ་བ་བཏབ་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར། ཚོགས་ཀྱི་འཁོར་ལོ་བྱ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་སྭ་བྷཱ་ཝའི་སྔགས་ཀྱིས་གནས་ཁང་དེ་མི་དམིགས་ཏེ་སྟོང་པར་བསམས་པའི་ངང་ལས། རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་པའི་ནང་དུ་ཀུན་དུ་བཟང་པོའི་མཆོད་སྤྲིན་དང་འདྲ་བའི་མཆོད་རྫས་ཐམས་ཅད་ཀྱིས་ཡོངས་སུ་གང་བར་བསམ་ཞིང༌། ནང་གི་མཆོད་པ་ལའང་ཨཱཿལས་ཐོད་པ་ཆེན་པོ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམས་ལ། ཐམས་ཅད་ཀྱང་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་སྡིག་པ་དང་སྒྲིབ་པ་འདག་པར་བྱ་བའི་དོན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཡི་གེ་བརྒྱ་པ་ཅི་རིགས་པ་བཟླས་ནས། སྒྱུ་མ་ཆེན་མོའི་མངོན་པར་རྟོགས་པ་གསལ་བར་བསྒོམས་ལ། བཟླས་པ་ཅི་ནུས་པ་བྱས་ནས། ཨོཾ་བཛྲ་ཨ་མྲྀ་ཏའི་སྔགས་བརྗོད་ཅིང་ནང་མཆོད་ཀྱིས་མཆོད་རྫས་རྣམས་བསངས་ནས། སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་མཆོད་པའི་གྲངས་དང་མཉམ་པའི། ཨོཾ་ཨཱཿཧཱུྃ་གི་ཡི་གེ་ཞུ་བ་ལས་ངོ་བོ་བཟང་ཞིང་རྒྱ་ཆེ་བའི་མཆོད་རྫས་སུ་བསྐྱེད་ནས། སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་མདུན་ན་དམིགས་པའི་རྟེན་ཡོད་པ་འམ་མེད་ཀྱང་རུང་སྟེ། སྐད་ཅིག་གིས་རང་གིས་བསྒོམས་པ་ལྟ་བུའི་དཀྱིལ་འཁོར་འཁོར་ལོ་གསལ་བར་དམིགས་ནས། དབུ་རྒྱན་ལ་རིགས་བདག་གི་རྒྱས་བཏབ་པའི་བར་བདག་བསྐྱེད་ལྟར་བསྒོམས་ལ། རིགས་ཀྱི་བདག་པོ་ཉིད་བླ་མ་དང་གཉིས་སུ་མེད་པར་བསམས་པའི་མཐའ་མར་བརྒྱུད་པའི་བླ་མ་རྣམས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བར་བལྟའོ། །དེ་ནས་རང་གི་སྙིང་ག་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་མཆོད་རྫས་རྣམས་རིམ་པ་བཞིན་བཟུང་ནས་མཆོད་པར་བསམ་ཞིང་སྒྲུབ་པའི་ཐབས་ནས་འབྱུང་བའི་སྔགས་ཏིང་ངེ་འཛིན་ཕྱག་རྒྱས་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་ནང་མཆོད་གཏོར་མ་ལྟར་བྱིན་གྱིས་བརླབས་པ་ལག་པ་གཡོན་པའི་མཐེབ་སྲིན་གྱིས་གཏོར་བའི་ཐོར་མ་རྣམས་ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པར་གྱུར་པས་སོ་སོ་ལ་མཆོད་པར་བསམ་ཞིང༌། རང་གི་རྩ་བའི་བླ་མ་དང༌། བླ་མ་བརྒྱུད་པ་དང་དཀྱིལ་འཁོར་གྱི་ལྷ་དང༌། ཡི་དམ་གྱི་ལྷ་གཞན་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སོ་སོའི་སྔགས་དང་མཚན་གྱི་མཐར། ཨོཾ་ཨཱཿཧཱུྃ་བརྗོད་པས་ཕུལ་ནས་རང་གི་ལྕེ་དང༌། དཔྲལ་བ། མགྲིན་པ། སྙིང་ག་རྣམས་སུ་བདུད་རྩིས་རེག་པས་ལུས་ཀྱི་ལྷ་རྣམས་མཆོད་པར་བསམས་ནས་ཆོས་སྐྱོང་བ་དང༌། སྲུང་མ་གཞན་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། དུར་ཁྲོད་ཀྱི་བདག་པོ་དང༌། ཕྱོགས་སྐྱོང་བ་དང༌། ཞིང་སྐྱོང་འཁོར་དང་བཅས་པ་དང༌། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། ཕྱོགས་སྐྱོང་བ་བཅུ། འཇིགས་བྱེད་ཆེན་པོ་དགུ། རྒྱལ་པོ་ཆེན་པོ་བཞི། གཟའ་དགུ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ལ་སོ་སོའི་སྔགས་དང༌། མཚན་གྱི་མཐར། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་ཕུལ་ལ། མཐར་གཞི་བདག་དང་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་བྱིན་པས་མཉེས་ཤིང་ཚིམ་པར་བསམ་མོ། །དེ་ནས་བདག་དང་མཆོད་པའི་ལྷ་མོ་དེ་དག་ཉིད་ཀྱིས་བསྟོད་པར་བསམ་ཞིང༌། གང་གི་དྲིན་གྱིས་བདེ་ཆེན་ཉིད། །ལ་སོགས་པས་བླ་མ་དང༌། མཆེ་བ་གཙིགས་ཤིང་འཇིགས་པའི་གཟུགས། །ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བསྟོད་ནས་ཉེས་ལྟུང་གི་ཚོགས་དག་ཅིང་དམ་ཚིག་དང་སྡོམ་པ་བརྟན་པར་བྱ་བའི་ཕྱིར་རྒྱུན་བཤགས་དང༌། སྡོམ་པ་གཟུང་བ་ཡང་ལན་གསུམ་གྱི་བར་དུ་བྱའོ། །དེ་ནས་གཏོར་མ་ནང་གི་མཆོད་པ་དང༌། ཆུ་དང༌། ཆང་གིས་སྦྱངས་ལ། ཐོག་མར་དཀྱིལ་འཁོར་གྱི་ལྷ་དང༌། གཉིས་པ་ཆོས་སྐྱོང་བ་དང༌། གསུམ་པ་ཡུལ་དེའི་ཞིང་སྐྱོང་བ་རྣམས་ལ་སོ་སོའི་ཚོགས་དབུལ་བར་བྱའོ། །མདུན་བསྐྱེད་མཆོད་པའི་ཆོ་གའོ། །དེ་ནས་བདག་བསྐྱེད་མཆོད་པའི་ཕྱིར་ཚོགས་ཀྱི་ཡོ་བྱད་རྣམས་ལྷན་ཅིག་བསོགས་ལ་ནང་མཆོད་ཀྱིས་གཏོར་ནས་བསང་བ་དང༌། སྦྱང་བ་དང་བྱིན་གྱིས་བརླབ་པ་རྣམས་གཏོར་མ་རྒྱས་པ་ལྟར་བྱས་ཏེ། སླར་ཡང་ནང་མཆོད་ནས་ཐམས་ཅད་ལ་གཏོར་བས་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་རོ་གཅིག་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ཞེས་པ་དང༌། ཧ་ཧོ་ཧྲཱིཿཞེས་ཡང་ཡང་བརྗོད་ནས་བྱིན་གྱིས་བརླབ་བོ། །དེས་མདུན་བསྐྱེད་དང་དཔའ་བོ་རྣལ་འབྱོར་མ་དང་འབྱུང་པོའི་ཚོགས་ཐམས་ཅད་ཀྱི་ཐུགས་དམ་བསྐང་བར་བསམ་ཞིང༌། དབྱངས་དང་བཅས་པའམ་དབྱངས་མེད་ཀྱང་རུང་སྟེ། བདག་གིས་བཤམས་པའི་ཚོགས་ཀྱི་ཡོ་བྱད་འདི། །ཟག་པ་མེད་པའི་ཡོན་ཏན་ཀུན་ལྡན་ཞིང༌། །ཡེ་ཤེས་ལྔ་ཡི་འོད་ཟེར་རབ་འཕྲོ་བ། །ནམ་མཁའ་ཡོངས་སུ་ཁྱབ་པར་མངོན་སྤྲུལ་ཏེ། །བླ་མ་རྣམས་དང་དཀྱིལ་འཁོར་ལྷ་ཚོགས་དང༌། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས་རྣམས་ལ། །རབ་ཏུ་གུས་པའི་ཡིད་ཀྱིས་བདག་དབུལ་ཞིང༌། །སྡིག་དང་ལྟུང་བ་ཐམས་ཅད་བཤགས་པ་དང༌། །ནོངས་པ་ཐམས་ཅད་བཟོད་པར་གསོལ་བགྱིད་ཀྱིས། །ཅི་བདེར་བཞེས་ནས་བདག་ཡིད་དག་པ་དང༌། །སྨོན་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཨ་ཧོ་སུ་ཁཾ་ཞེས་བརྗོད་ཅིང་མ་ད་ན་དང་བ་ལའི་ཕུད་མཆོད་པ་དང་གཏོར་མ་ལ་ཕུལ་ནས་ལས་ཀྱི་སློབ་མས། ཚོགས་ཀྱི་གཙོ་བོ་ལ་ཕྱག་འཚལ་ཞིང༌། གཞན་རྣམས་ལ་མི་འཚལ་བར། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་ཡང༌། །རང་བཞིན་ཅིག་པ་ཉིད་དུ་བཞེས། །ཞེས་བརྗོད་ཅིང་དང༌། དེས་ཀྱང༌། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ཅིང་བླང༌། གཉིས་ཀས་རྣམ་ལྔ་འདོད་པའི་བསྐོར་བའི་ཕྱག་རྒྱ་བྱ་ཞིང༌། ཨ་ཧོ་སུ་ཁཾ་ཞེས་བརྗོད་དོ། །བཟའ་བཏུང་གཞན་ཐམས་ཅད་ཀྱང་སྔགས་དེ་ཉིད་ཀྱིས་དྲང་ཞིང་བླངས་ནས། དམ་ཚིག་གི་ཕུད་ནང་མཆོད་ཀྱི་སྐབས་ལྟར་དང༌། ཟས་ཀྱི་ཕུད་ཕུལ་ནས་ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད་དོ། །ལས་ཀྱི་སློབ་མས་དམ་ཚིག་མ་ཐོབ་ཀྱི་བར་དུ་གཞན་རྣམས་ཀྱིས་དམ་ཚིག་གི་རྫས་ས་ལ་མི་བཞག་ཅིང༌། ཚོགས་ཀྱི་གཙོ་བོས་ལོངས་མ་སྤྱོད་པར་གཞན་གྱིས་ལོངས་མི་སྤྱད་ལ། སྣོད་ཁ་སྦུབ་དང༌། སྟོང་པར་མི་བཞག་གོ །དེར་འདུས་པའི་གང་ཟག་རྣམས་ཧེ་རུ་ཀའི་ངོ་བོ་ཡིན་པས་བཟང་ངན་གྱི་རྟོག་པ་མི་བྱ་བ་དང༌། བྱིན་གྱིས་བརླབས་པའི་ཡོ་བྱད་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་ཡིན་པའི་ཕྱིར། གཙང་མི་གཙང་དང་རུང་མི་རུང་མི་དབྱེའོ། །རབ་ཏུ་མྱོས་པའི་ཆང་མི་བཏུང་ཞིང་ཆགས་སྡང་གི་རྣམ་རྟོག་དང༌། དེས་ཀུན་ནས་བསླངས་པའི་གཏམ་མི་བྱའོ། །རང་ཉིད་གྲོགས་དང་བཅས་པ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འདུ་ཤེས་དང༌། ཁ་ཟས་ལ་ཡེ་ཤེས་ཀྱི་བདུད་རྩིའི་འདུ་ཤེས་དང༌། ལོངས་སྤྱོད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཡང་ཡང་གསལ་གདབ་ཅིང་མཆོད་པར་བྱ་བ་དང༌། མཆོད་པར་བྱེད་པ་དང༌། མཆོད་པའི་ཡུལ་ཐམས་ཅད་ངོ་བོ་ཉིད་ཀྱིས་མ་གྲུབ་པ་སྒྱུ་མ་ལྟ་བུར་ཤེས་པར་བྱའོ། །ཡོ་བྱད་རྣམས་ལ་བརྡའི་མིང་གིས་སྨོས་པར་བྱ་སྟེ། ཆང་ལ་མ་ད་ན་དང༌། ཤ་ལ་བ་ལ་དང༌། ཁ་ཟས་གཞན་ལ་ཏྲི་པི་ཏ་དང༌། ཐུག་པ་ལ་མ་ལ་ཏིན་དྷ་ནཾ། སྣོད་ལ་པདྨ་བྷཉྫ་ན། ཞེས་བརྗོད་ཀྱི་ཕལ་པའི་སྐད་ཀྱིས་མི་བརྗོད་དོ། །ཡིད་སྤྲོ་ན་ཕྱི་ནང་གི་ལྷ་རྣམས་མཆོད་པ་དང༌། ཏིང་ངེ་འཛིན་བརྟན་པར་བྱ་བའི་ཕྱིར། གླུ་དང་གར་གྱི་མཆོད་པ་ཡང་བྱ་སྟེ། སྐྱེས་པས་གླུ་ལེན་ན་འོད་དཔག་ཏུ་མེད་པ་དང༌། བུད་མེད་ཀྱིས་གླུ་ལེན་ན་གོས་དཀར་མོ་དང༌། སྐྱེས་པས་གར་བྱེད་པ་རྣམ་པར་སྣང་མཛད་དང༌། བུད་མེད་ཀྱིས་གར་བྱེད་ན་སངས་རྒྱས་སྤྱན་གྱི་ང་རྒྱལ་དང་ལྡན་པ་དང༌། གླུ་ངག་དག་པར་བྱེད་པ་སྔགས་དང༌། གར་ལུས་དག་པར་བྱེད་པ་ཕྱག་རྒྱ་དང༌། སྟང་སྟབས་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རྣམ་པར་རོལ་པས་འཕགས་པ་མཆོད་པ་དང༌། སེམས་ཅན་གྱི་དོན་འབྱུང་བར་བསམ་ཞིང༌། གླུ་དང་གར་བྱའོ། །བག་མེད་པས་རྣམ་པར་གཡེངས་པའི་རྒོད་པ་དང༌། གཉིད་དང་རྨུགས་པ་ལ་སོགས་པ་བྱིང་བར་མི་བྱ་ཞིང༌། ཆོ་ག་མ་ཚར་གྱི་བར་དུ་ཚོགས་ཀྱི་ཁང་པའི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་དགོས་ན་བླ་མའམ་གྲོགས་ལ་ཞུས་ནས། རྣལ་འབྱོར་མ་ཉམས་པར་སོང་ལ་སླར་ལྡོག་པར་བྱའོ། །བྱིན་གྱིས་བརླབས་པའི་ཁ་ཟས་དབང་མ་ཐོབ་པ་ལ་མི་སྦྱིན་ཞིང༌། གལ་ཏེ་སྟེར་དགོས་ན་ལྷག་མའི་གཏོར་མའི་སྔགས་ཀྱིས་ལྷག་མ་ལ་དབང་བའི་འབྱུང་པོ་ལ་བསྔོས་ནས་བྱིན་ན་ཉེས་པར་མི་འགྱུར་རོ། །བཟའ་བ་དང་བཏུང་བས་ཚིམ་པ་དང་སྙིང་གར་མ་ད་ནའི་ཐིག་ལེ་བྱས་ལ། རང་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བར་དམིགས་ནས། སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་ཆེན་པོས་ཕྱི་ནང་གི་ལྷ་རྣམས་མཆོད་པར་བསམ་ཞིང༌། སྣང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་རྐྱེན་དྲུག་ཏུ་འཆར་བར་བལྟས་ནས། བདེ་བ་དང་སྟོང་པ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་བསྒོམ་བར་བྱའོ། །དེ་ནས་བཟའ་བཏུང་གི་ལྷག་མ་རྣམས་བསྡུས་པ་ལ་ཚོགས་ཀྱི་གཙོ་བོས་འབར་བའི་ཕྱག་རྒྱའི་ནང་ནས་ཆང་གི་ཁ་ཕྲུ་བཏབ་སྟེ། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ལྷག་མ་ལ་དབང་བའི་ཚོགས་ལ་བྱིན་པར་བསམ་ཞིང༌། ཨོཾ་ཨ་ཀཱ་རོའི་སྔགས་ལན་བདུན་བརྗོད་པའི་མཐར། ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་ལྔའམ་བདུན་གྱིས་བསྔོས་ལ་ཚིམ་པར་བསམས་ནས། མཁའ་འགྲོ་མ་རྣམས་མཉེས་ཤིང་དངོས་གྲུབ་བླང་བ་དང༌། དཀྱིལ་འཁོར་པ་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་དྲིལ་བུ་འཛིན་པས། ཀོལླ་ཨེ་རེ་ཊཋི་ཨ་བོ་ལཱ་མྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲི་པི་ཊ་ཧོ་ཁཱཛྫཱ་ཨི། ཀཱ་རུ་ཎེ་ཀེ་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫཱ་ཨི། གཱ་ཌེཾ་མ་ཨ་ནཱ་བི་ཛྫཱ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རི་སིཧླ། ཀཔྤུ་ར་ལཱ་ཨི་ཨ་ཨཱི། མཱ་ལ་ཨིནྡྷ་ཎ་སཱ་ལིཉྫ་ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨཱི། ཕྲེཾ་ཁ་ཎ་ཁེ་ཊ་ཀ་རནྟེ་ཤུདྡྷ་ཨ་ཤུདྡྷ་ན་མ་ཎི་ཨ་ཨཱི། ནི་རཱཾ་ཤུ་ཨཾ་གེ་ཙཱ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུནྡུ་རུ་བཱཊྚཱ་ཨི། ཌིཎྜྀ་མ་ཏ་ཧིནྣ་བཛྫི་ཨ་ཨི། ཞེས་རྡོ་རྗེའི་གླུ་བླང་ངོ༌། །དེ་ནས་ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་པ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱས་པར་བརྗོད་པའི་མཐར། ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང༌། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས། ཕྱོགས་དང་དུས་ཀུན་ཏུ་རྒྱལ་བར་གྱུར་ཅིག ཅེས་བཀྲ་ཤིས་ཀྱི་ཚིག་གིས་བཀྲ་ཤིས་པར་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་དངོས་གྲུབ་སློང་བའི་བསམ་བས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ནས། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུངས་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ནི་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཅེས་པ་དང༌། བདག་གི་སྡིག་པ་དང་སྒྲིབ་པ་དང་དམ་ཚིག་གི་ཉེས་པ་དང༌། ཕྱི་དང་ནང་གི་བར་ཆད་ཐམས་ཅད་ཞི་བ་དང༌། ཚེ་དང་དཔལ་དང་འབྱོར་པ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཧེ་རུ་ཀ་ཆེན་པོའི་གོ་འཕང་མྱུར་དུ་རྫོགས་པར་མཛད་དུ་གསོལ། ཞེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་ཆོ་ག་ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པ་ལན་གསུམ་དུ་བཟླས་ནས། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་ལན་གསུམ་བརྗོད་པས། བཟོད་པར་གསོལ་ནས་ལས་བསགས་པ་འབྲས་བུ་མཆོག་དང་ལྡན་པར་བྱ་བའི་ཕྱིར། བདག་གི་དགེ་བའི་ལས་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འགྲུབ་གྱུར་ཏེ། །སེམས་ཅན་འཁོར་བའི་རྒྱ་མཚོ་ལས། །བླ་མེད་གནས་སུ་སྒྲོལ་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་པ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །གནས་སྐབས་སུ་བདག་ཅག་ཚེ་རིང་བ་དང༌། ནད་མེད་པ་དང༌། བར་ཆད་ཞི་བ་དང༌། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང༌། ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ཅེས་བསྔོ་བ་བྱའོ། །དེ་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལ་སོགས་པ་དངོས་སུ་ཡོད་ན་གཤེགས་མི་དགོས་པས་གཏོར་མའི་མགྲོན་རྐྱང་པ་གཤེགས་སུ་གསོལ་ལ། རྟེན་མེད་ན་མདུན་བསྐྱེད་དང་བཅས་པ་གཤེགས་སུ་གསོལ་ཏེ། དེའང༌། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པ་དང་ཡི་གེ་བརྒྱ་པའི་མཐར་བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ་ནས་ཛཿཧཱུྃ་བྃ་ཧོཿས་དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་གྲིབ་གནོན་གྱི་གདོན་མི་འབྱུང་བར་བྱ་བའི་ཕྱིར་གཏོར་མ་ལ་དཔལ་འབར་བཙུགས་ཏེ་དྲག་པོའི་སྔགས་བརྗོད་ཅིང་རོལ་མོའི་སྒྲ་དང་བཅས་པས་སའི་ཕྱོགས་གཙང་སར་དོར་ནས་རང་གི་དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུྃ་དམིགས་པས་བསྲུངས་ལ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པའི་ཕན་ཡོན་ནི། སྡིག་པ་དང་སྒྲིབ་པ་དང་ལྟུང་བ་ཕྲ་མོ་འདག་ཅིང་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་མཉེས་ནས་ཐུན་མོང་དང་མཆོག་གི་དངོས་གྲུབ་གནང་བར་འགྱུར་བ་དང༌། མཁའ་འགྲོ་ཆོས་སྐྱོང་གི་ཐུགས་དང་འགལ་བ་རྣམས་ཞི་ཞིང་དགྱེས་པར་བསྲུང་བར་འགྱུར་བ་དང༌། རང་ཉིད་ཀྱི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པར་བྱེད་ཅིང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མྱུར་དུ་རྫོགས་ནས། རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་བ་ཉིད་དོ། །དེ་ཉིད་འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ཡིས་རབ་དགྱེས་བྱ། །རྒྱལ་བ་ཕན་པ་མཉེས་པ་དང༌། །གསེར་གྱི་མངའ་བདག་མཉེས་པ་དང༌། །པདྨ་གར་དབང་མཉེས་པ་དང༌། །ལྕགས་མཆོག་བདག་པོ་མཉེས་པ་དང༌། །ཚངས་པ་བརྒྱ་བྱིན་དབང་ཆེན་དང༌། །ཁྱབ་འཇུག་རླུང་དང་མེ་ཆེན་དང༌། །མཐོང་ལྡན་ཉིད་དང་འདོད་ལྷ་དང༌། །ཟླ་བ་ཉི་མ་གདོན་གཞན་དང༌། །ས་ནི་ཞགས་པས་འཛིན་པ་དང༌། །ལུས་ངན་དེ་བཞིན་མཚམས་སྐྱོང་དང༌། །ཆོས་རྒྱལ་དང་ནི་ཀླུ་དང་ནི། །དྲི་ཟ་ལྷ་མིན་མིའམ་ཅི། །སུམ་ཅུ་རྩ་གསུམ་གནས་པའི་ལྷ། །འོག་མིན་དུ་ནི་གནས་པ་དང༌། །གང་ཞིག་རྒྱལ་ཆེན་གནས་པ་དང༌། །གཞན་འཕྲུལ་དབང་སྒྱུར་ཉིད་དང་ནི། །འཕྲུལ་དགའ་ཡི་ནི་ལྷ་རྣམས་དང༌། །གང་ཞིག་དག་པའི་གནས་སོན་དང༌། །འོད་ཟེར་འཇིག་རྟེན་ཁམས་གནས་དང༌། །མི་མཇེད་ཁམས་སུ་གནས་པ་དང༌། །གླིང་བཞིར་གནས་པའི་སེམས་ཅན་དང༌། །གང་ཞིག་ཁམས་གསུམ་གནས་པ་དང༌། །སྣོད་དང་སེམས་ཅན་འཇིག་རྟེན་དང༌། །ལྕུག་མའི་ཚོགས་དང་རྩྭ་སོགས་དང༌། །གང་ཞིག་རབ་དགའི་སར་གནས་དང༌། །ཕ་རོལ་དྲི་མེད་གང་ཕྱིན་དང༌། །འོད་འཕྲོ་ཅན་དུ་གནས་པ་དང༌། །མི་གཡོའི་གནས་སུ་བྱས་པ་དང༌། །གང་ཞིག་ཆོས་སྤྲིན་རྗེས་སོང་དང༌། །གང་ཞིག་སྦྱང་དཀར་སོན་པ་དང༌། །གང་ཞིག་རིང་སོང་ཐོབ་པ་དང༌། །འོད་བྱེད་དུ་ནི་གནས་པ་སྟེ། །ས་བཅུའི་དབང་ཕྱུག་མགོན་པོ་དང༌། །འཕགས་པའི་གང་ཟག་བརྒྱད་པོ་དང༌། །རྫོགས་སངས་རྒྱས་དང་ཉན་ཐོས་ཉིད། །བསེ་རུ་རཱ་ཡི་ཚུལ་ཅན་ཉིད། །དམྱལ་བ་ཡི་དྭགས་བྱོལ་སོང་དང༌། །ལྷ་དང་ལྷ་མིན་མི་རྣམས་ནི། །སྦྱིན་སྲེག་ཆོ་གས་མཉེས་པ་ཉིད། །དེ་ཉིད་ཚོགས་ཀྱི་དཀྱིལ་འཁོར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་རྒྱ་མཚོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཞེས་པ་དང༌། ཀྱེའི་རྡོ་རྗེ་ལས། གང་དུ་ཟོས་པས་འདོད་ཡོན་ཀུན། །སྒྲུབ་པ་པོ་ཡི་དངོས་གྲུབ་འགྱུར། །ཞེས་བྱ་བ་དང༌། སངས་རྒྱས་ཐོད་པའི་རྒྱུད་ལས། རྒྱུད་ཀྱི་མཐར་ཐུག་པ་ནི་གསང་བ་འདུས་པ་སྟེ། སྤྱོད་པའི་མཐར་ཐུག་པ་ནི་རྡོ་རྗེ་ཐོད་པ་ཡིན། །ལས་ཀྱི་མཐར་ཐུག་པ་ནི་གཤིན་རྗེ་གཤེད་པོ་སྟེ། །བསོད་ནམས་ཀྱི་མཐར་ཐུག་པ་ནི་ཚོགས་ཀྱི་འཁོར་ལོ་ཡིན། །ཞེས་གསུངས་སོ། །སྐལ་བ་དམན་ཞིང་བློ་སྔར་བའི་སྟོབས་ཀྱིས་འདི་ལྟ་བུའི་ཚུལ་ལ་ཡིད་ཆེས་པར་མ་གྱུར་ཀྱང༌། ཁོང་ཁྲོ་བ་དང་སྨད་པར་བྱ་བ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དང༌། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བསམ་གྱིས་མི་ཁྱབ་པ་དང༌། སྔགས་དང་ཏིང་ངེ་འཛིན་དང་རྫས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང༌། དེ་བཞིན་གཤེགས་པའི་ཐབས་མཁས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །དེ་ཉིད་བདེ་མཆོག་རྩ་བའི་རྒྱུད་ལས། དེས་ན་ཟབ་མོའི་ཆོས་འདི་ལ། །མོས་པ་ཉིད་དུ་མ་གྱུར་ཀྱང༌། །སྨད་པ་ཉིད་དུ་མི་བྱ་སྟེ། །ཆོས་དབྱིངས་བསམ་མི་ཁྱབ་དྲན་བྱ། །ཞེས་གསུངས་ལ། མདོ་སྡེ་རྒྱན་ལས། ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལའང་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཅེས་གསུངས་སོ། །ཐུབ་པའི་གསུང་རབ་ཟབ་མོའི་ཚུལ། །ཐོས་ཤིང་ཐོབ་པས་ཡིད་ཆེས་ནས། །ཚུལ་བཞིན་ཉམས་སུ་ལེན་བྱེད་པ། །ཉེ་བའི་མ་འོངས་སངས་རྒྱས་ཡིན། །ཞེས་ཤེས་པར་བྱའོ། །དེ་ལྟར་སྒྱུ་མ་ཆེན་མོའི་རྗེས་འབྲང་བའི། །ཚོགས་ཀྱི་འཁོར་ལོ་བཤད་པའི་དགེ་བ་དེས། །བདག་དང་མཁའ་མཉམ་སེམས་ཅན་མ་ལུས་པ། །ཡེ་ཤེས་སྒྱུ་མས་རྣམ་པར་རོལ་བར་ཤོག །དཔལ་སྒྱུ་མ་ཆེན་མོའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ཞེས་བྱ་བ་འདི་ནི། རྒྱལ་བུ་ཧོ་ཀོ་ཡོན་མཆོད་ཀྱི་དོན་དུ་དགེ་སློང་སྔགས་འཆང་བ་འཕགས་པས་ལྕགས་མོ་ལུག་གི་ལོ། བྱ་སྦོ་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན་མོ་ཤིང་ཀུན་གྱི་སའི་ཆར་ཨ་ཙ་ར་ཞེས་བྱ་བས་ཡི་གེ་བགྱིས་ནས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*