ཡང་སྒྲུབ་ཐབས་བསྡུས་པ།

༼ཕ༽

༄༅། །ཡང་སྒྲུབ་ཐབས་བསྡུས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མ་ཧཱ་མཱ་ཡཱ་བསྒོམ་པར་འདོད་པས་སྟན་བདེ་བ་ལ་བསྡད། བླ་མ་དང་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་མ་ཧཱ་མཱ་ཡཱ་བསྒོམ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། དེ་ནས་རང་གི་སྙིང་གི་ནང་དུ་པདྨ་དང་ཉི་མའི་སྟེང་དུ་ཧྲཱིཿསྔོན་པོ་བསྒོམ། དེ་ལས་འོད་འཕྲོས་པས་རང་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་དག དེའི་རྐྱེན་གྱིས་རང་ཧེ་རུ་ཀར་གྱུར། དེའང་པདྨ་དང་ཉི་མའི་སྟེང་ན་ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྐུ་མདོག་སྔོན་པོ་ཞལ་བཞི་པ། རྩ་བའི་ཞལ་སྔོ། གཡས་སེར། རྒྱབ་དམར། གཡོན་ལྗང་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་ཀྱི་དང་པོས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ནམ་མཁའ་ལ་འཕྱར་བ། གཡོན་གྱི་དང་པོས་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་ཤིང༌། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། མི་མགོ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སངས་རྒྱས་མི་བསྐྱོད་པས་དབུར་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམས་ནས། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟར་དམིགས་ལ་ཡིད་མི་འཕྲོའི་ངང་དུ་སེམས་མཉམ་པར་གཞག་གོ །དེ་ནས་བཟླས་པ་བྱེད་པར་འདོད་པས། སྙིང་གར་ཉི་མའི་སྟེང་དུ་ཧྲཱིཿསྔོན་པོ་བསྒོམས་ནས། དེའི་མཐའ་མར་སྔགས་ཀྱི་ཕྲེང་བ་འཁོར་བས་སྡིག་པ་དང་སྒྲིབ་པ་དག་ཅིང༌། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་འཇུག་པར་བསྒོམས་ལ། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་ཅི་ནུས་པ་བཟླའོ། །གཏོར་མ་གཏོང་བའི་ཚེ། གཏོར་མ་བཤམས་ཤིང་སྦྱངས། ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་རང་བཞིན་གྱི་གནས་ནས་ཧེ་རུ་ཀ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇིག་རྟེན་པ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། དེ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་ཤྲཱི་ཧེ་རུ་ཀ་པྲ་ཏཱིཙྪ་ཨི་མཾ་བ་ལིཾ་ཧྲཱིཿཧཱུྃ། ཞེས་ལན་གསུམ་མམ་བདུན་གྱིས་དབུལ། དེ་ནས་བཛྲ་པུཥྤེ་ལ་སོགས་པའི་མཆོད་པ་ལྔས་མཆོད། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རབ་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་ལ། བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ། དེ་ནས་བཛྲ་མུཿས་མགྲོན་གཤེགས་སུ་གསོལ། ཟས་ཟ་བའི་ཚེ་ཁ་ཟས། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ནས། རང་ཤེ་རུ་ཀར་དམིགས་པའི་སྙིང་གར་བླ་མ་དཀོན་མཆོག་དང༌། ལྟོ་བར་འཇིག་རྟེན་པའི་ཚོགས་རྣམས་དམིགས་ནས་དེ་རྣམས་མཆོད་པའི་བསམ་པས་ལོངས་སྤྱད་དོ། །སྤྱོད་ལམ་ཐམས་ཅད་ཧེ་རུ་ཀའི་ང་རྒྱལ་གྱིས་བྱའོ། །ནུབ་མོར་ཉལ་བའི་ཚེ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་ཉལ་ལོ། །ནང་པར་ལྡང་བའི་ཚེ་ལྷའི་ང་རྒྱལ་གྱིས་ལྡང་ངོ༌། །དུས་ཐམས་ཅད་དུ་དམ་ཚིག་དང་སྡོམ་པ་བསྐྱང་བ་ལ་ནན་ཏན་དུ་བྱའོ། །སྣང་བ་ལྷ་ཡི་དཀྱིལ་འཁོར་ཏེ། །རླུང་གི་འགྲོ་འོང་བཟླས་པའི་མཆོག །སེམས་ཀྱི་ཆོ་འཕྲུལ་ཏིང་ངེ་འཛིན། །འདི་ཤེས་པ་ལ་དོན་མིན་མེད། །མ་ཧཱ་མཱ་ཡཱའི་སྒྲུབ་ཐབས་མདོར་བསྡུས་པ། སློབ་དཔོན་ཀུ་ཀུ་རི་པའི་མན་ངག་གི་རྗེས་སུ་འབྲངས་ནས་སྔགས་འཆང་བ་འཕགས་པས་བྱའི་ལོ་ཟླ་བ་གཉིས་པའི་ཡར་ཚེས་གསུམ་ལ་བྲིས་པའོ། །སངས་རྒྱས་ཡེ་ཤེས་མཁའ་འགྲོ་མ། །ཀུ་ཀུ་རི་པ་མཚོ་སྐྱེས་དང༌། །ཌོཾ་བི་པ་དང་ཏི་ལོ་པ། །ནཱ་རོ་ཞི་བ་བཟང་པོར་བཅས། །མར་པ་གཞུང་པ་ཡབ་སྲས་དང༌། །གློག་སྐྱ་མཁྱེན་རབ་དམ་པའི་དཔལ། །རྡོ་རྗེ་འཛིན་པ་འཕགས་པ་རྣམས། །ཆོས་འདིའི་བརྒྱུད་པའི་རིམ་པ་ཡིན།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*