ནག་པོ་པའི་སྒྲུབ་ཐབས་སྙིང་པོ།

༼པ༽

༄༅། །ནག་པོ་པའི་སྒྲུབ་ཐབས་སྙིང་པོ་བཞུགས།།

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པ་སྒྲུབ་པའི་ཐབས་ཀྱི་སྙིང་པོ་ཞེས་བྱ་བ། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཨནྡ་རྙིལ་དང་ཨིནྡྲ་ནཱི་ལ་ཉེ་བར་འབར་བའི་མདངས་ལྡན་ཞིང༌། །དུམ་བུའི་རྒྱན་གྱིས་དམ་དུ་བཅིངས་ཤིང་ཞལ་དང་ཕྱག་ཞབས་རྣམ་པར་གཡོ། །རཀྟ་འཁྱིལ་པའི་རིག་མས་དམ་འཁྱུད་བདེ་བ་ཆེ་ལ་རྣམ་རོལ་པ། །ཧ་ཧ་ཞེས་བཞད་ཧེ་རུ་ཀ་དཔལ་འབར་བའི་སྐུ་ལ་ཕྱག་འཚལ་ལོ། །གསང་བའི་གསང་བ་བླ་ན་མེད། །མ་ཡི་མར་གྱུར་རྒྱུད་སྡེ་ཡི། །སྙིང་པོའི་སྙིང་པོ་སྒྲུབ་པའི་ཐབས། །སྤྱོད་པའི་རྡོ་རྗེས་རྗེས་སུ་བསྟན། །དེ་ལྟ་མོད་ཀྱི་རྟོགས་དཀའི་ཕྱིར། །དེ་དོན་གསལ་བར་གྱིས་ཤིག་ཅེས། །དོན་གཉེར་སྐྱེ་བོས་རབ་བསྐུལ་བས། །དོན་དེ་གསལ་བར་བདག་གིས་བཤད། །མཉམ་གཞག་དང་ནི་བཟླས་པ་དང༌། །དེ་བཞིན་གཏོར་མའི་ཆོ་ག་དང༌། །ཐུན་མཚམས་ཀྱི་ནི་བྱ་བ་སྟེ། །རྣམ་པ་བཞིས་ནི་བསྡུས་པ་ཡིན། །དེ་ལ་མཉམ་པར་གཞག་པའི་རྣལ་འབྱོར་ལ་གཉིས་ལས། ཐོག་མར་བསྐྱེད་པའི་རིམ་པའི་བསྒོམ་ཚུལ་ལ་གཉིས། རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་ལྷ་བསྐྱེད་པའོ། །དང་པོ་ལ་གཉིས་ལས། བསོད་ནམས་ཀྱི་ཚོགས་བསགས་པ་ནི། རང་ཉིད་སྟན་བདེ་བ་ལ་ཅི་བདེ་བར་འདུག་ནས་བདུད་རྩིའི་རི་ལུ་མྱང༌། སྐྱབས་སུ་འགྲོ་བ་དང༌། ཚད་མེད་པ་བཞི་དང༌། བྱང་ཆུབ་ཀྱི་སེམས་བསྒོམ། ཤྲཱི་ཧེ་རུ་ཀ་ཨ་ཧཾ་ཞེས་བརྗོད་ལ་དེའི་དོན་དྲན་པར་བྱས་པས་ངག་དག་པར་བྱ། སྙིང་གི་ནང་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཨཱཿལས་བྱུང་བའི་ཟླ་བ་དག་པ་འཇིག་རྟེན་པ་དང་ཐུན་མོང་བའི་ཡེ་ཤེས་སུ་བསམས་པའི་སྟེང་དུ། སེམས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཧཱུྃ་བསམས་པས་ཡིད་དག་པར་བྱ། དེའི་འོད་ཕོག་པས་རང་གི་ལུས་ཧེ་རུ་ཀར་དམིགས་པས་ལུས་དག་པར་བྱའོ། །དེ་ནས་འོད་ཀྱི་སྣང་བ་དེ་ཉིད་ཕྱིར་འཕྲོས་པས་བླ་མ་བརྒྱུད་པ་དང་བཅས་པ་སྟེང་གི་ཆ་ལ་གནས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁར་བཀུག་ལ། ན་མོ་གུ་རུ་བྷྱཿཞེས་བརྗོད་པས་བླ་མ་དང༌། ན་མཿཤྲཱི་ཙཀྲ་སམྦ་ར་མཎྜ་ལ་བྷྱཿཞེས་པས་དཀྱིལ་འཁོར་ལ་ཕྱག་བྱའོ། །དེ་ནས་མཆོད་པ་རྣམས་ཀྱིས་རིམ་པ་བཞིན་མཆོད་པར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཞེས་ཀུན་ལ་སྦྱར་ལ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་མཆོད་ཡོན། པཱ་དྱཾ་པྲ་ཏཱིཙྪས་ཞབས་བསིལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག བཛྲ་དྷཱུ་པྤེ་ཨཿཧཱུྃ་གིས་བདུག་སྤོས། བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ། བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ། བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་ཕུལ་ནས་བདག་པོས་མ་བཟུང་བ་དང༌། བློས་སྤྲུལ་པའི་མཆོད་པས་མཆོད་པར་བསམ་ཞིང་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བཅས་ལ། ན་མོ་ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང༌། གསང་སྔགས་དང་ཕྱག་རྒྱའི་མཐུ་དང༌། བདག་གི་མོས་པ་དང༌། ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས། འཇིག་རྟེན་གྱི་ཁམས་ན་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པའི་བྱེ་བྲག་ཇི་སྙེད་ཡོད་པ་དང༌། གཞན་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུ་བསམ་གྱི་མི་ཁྱབ་པ་ཞིག་བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག་ཅེས་བརྗོད་ལ་སེ་གོལ་བརྡབ། ཡང་སྙིང་གར་ཕྱག་རྒྱ་བཅས་ལ། ཨོཾ་སརྦ་བིད། པུ་ར་པུ་ར། སུ་ར་སུ་ར། ཨཱ་ཝརྟ། ཨཱ་ཝརྟ་ཧོཿན་མཿས་མནྟ་བུདྡྷ་ནཱཾ། ཨ་བྷི་སྨ་ར་ཡ། སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏཱ་པ་རི་ཤོ་དྷ་ལེ། མཎྜ་ལེ་མཱ་མ་པྲ་ཎི་དྷི། པུཎྱ་ཛྙཱ་ན་བ་ལེ་ན། སརྦ་ཏ་ཐཱ་ག་ཏ་བ་ལེ་ན། བནྡྷ་སྭསྠཱ་ན་བ་ལེ་ན་ཙ་ཡེ་སྭཱ་ཧཱ། ཞེས་བརྗོད་ནས་སེ་གོལ་བརྡབས་ལ་མཆོད་པ་བྱའོ། །དེ་ནས་བརྗོད་པར་འགྱུར་བའི་དོན་དྲན་པར་བྱ་ཞིང༌། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་ནས། ཚོགས་ཀྱི་ཞིང་ལ་བཟོད་པར་གསོལ་ལ་གཤེགས་སུ་གསོལ། བསོད་ནམས་ཀྱི་ཚོགས་བསགས་པའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་ནས་ཆོས་ཐམས་ཅད་སེམས་ཀྱི་སྣང་བར་དྲན་པར་བྱ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་སེམས་ཀྱང་རང་བཞིན་མེད་པར་བསམ་མོ། །ཡེ་ཤེས་ཀྱི་ཚོགས་བསགས་པའོ།།  །།གཉིས་པ་འབྲས་བུ་ལྷ་བསྐྱེད་པ་ལ་གསུམ། དང་པོ་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག་ལས་རྒྱལ་མཆོག་གོ །དང་པོ་ལ་གཉིས་ལས། རྟེན་བསྐྱེད་པའི་སྔོན་དུ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། སྟོང་པའི་ངང་ལས། རང་གི་སེམས་ཀྱི་རྣམ་འཕྲུལ་གྱིས་སྤྲུལ་པའི་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་ཡིག་འབར་བས་མཚན་པ་བལྟས་ལ། དེ་ལ་སྟེང་དང་ཤར་དུ་ཁྭ་གདོང་གཉིས་དང༌། འོག་དང་ནུབ་ཏུ་ཁྱི་གདོང་གཉིས་དང་བཅས་པའི་སྒོ་མཚམས་མ་རྣམས་ཤར་ནས་རིམ་པ་བཞིན་དང༌། ཤར་ལྷོ་ནས་རིམ་པ་ལས་བཟློག་པའི་ཚུལ་གྱིས་ཕྱོགས་བཅུར་སྤྲོ་བར་བསམ། ངག་ཏུ་ཞལ་བཞི་པའི་སྔགས་ཀྱི་རྐང་པ་རེ་རེ་བརྗོད་དོ། །ལུས་ཀྱིས་གཡོན་པའི་སེ་གོལ་བརྡབ་པ་རྣམས་སྦྱར་ཞིང་བགེགས་ཐམས་ཅད་བསྐྲད་པར་བསམ་མོ། །དེ་ནས་ཧཱུྃ་ལས་འོད་འཕྲོས་པས་རྡོ་རྗེའི་ས་གཞི་དང༌། རྭ་བ་དང༌། གུར་དང༌། བླ་རེ་དང༌། མདའི་དྲྭ་བ་དང༌། ཡེ་ཤེས་ཀྱི་མེ་འབར་བ་རྣམས་སུ་རིམ་པ་བཞིན་དུ་གྱུར་པར་བསམ། ལུས་ཀྱིས་གཡོན་པའི་སྡིགས་མཛུབ་ཕྱོགས་བཅུར་བསྐོར་ལ་སེ་གོལ་བརྡབ། ངག་ཏུ་ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྂ་ཧཱུྃ། ཨོཾ་བཛྲ་ས་ར་ཛཱ་ལ་ཏྲྃ་སྃ་ཏྲྃ། ཨོཾ་བཛྲ་ཛྭཱ་ལཱ་ན་ལཱརྐ་ཧཱུྃ་རྃ་ཧཱུྃ། ཞེས་པ་བརྗོད་པ་རྣམས་ལན་གསུམ་གསུམ་བརྗོད་པ་དང༌། རིམ་པ་བཞིན་སྦྱར་ཞིང་སྲུང་བའི་འཁོར་ལོ་བརྟན་པར་བསྒོམ། དེ་ནས་བགེགས་ཚར་གཅད་པའི་ཕྱིར་ཧཱུྃ་ལས་རྡོ་རྗེ་ཕུར་བུའི་ཚོགས་སྤྲོས། ཕོ་ཉ་རྣམས་ཀྱི་ལག་པ་གཡོན་པར་གཏད། རྡོ་རྗེ་ཐོ་བའི་ཚོགས་སྤྲོས་གཡས་པར་གཏད། ཕོ་ཉ་རྣམས་རང་རང་དང་འདྲ་བའི་སྤྲུལ་པ་དཔག་ཏུ་མེད་པས་ནམ་མཁའ་གང་བར་གྱུར་པས། ཕྱོགས་སྐྱོང་བ་རྣམས་ཀྱིས་གཙོ་བྱས་པའི་བགེགས་རྣམས་བཀུག དཀར་པོའི་ཕྱོགས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ་བཀོད། ནག་པོའི་ཕྱོགས་རྣམས་ཀྱི་སྤྱི་བོར་ཕུར་བུ་བཏབ་པར་བསྒོམ་ངག་ཏུ། ཨོཾ་གྷ་གྷ། གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུཥྚཱན་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ། བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི། སརྦ་བི་གྷཱན་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ་ཅེས་བརྗོད་དོ། །རྡོ་རྗེ་ཐོ་བས་བརྡུངས་ནས་རྡུལ་དུ་བརླག་པར་བསམ་ཞིང༌། ཨོཾ་བཛྲ་མུཏྐ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ་ཅེས་བརྗོད་པས་བགེགས་རྣམས་ཀྱི་སྡིག་པ་སྦྱངས་ནས་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ། ཕོ་ཉ་རྣམས་རྡོ་རྗེ་རྭ་བའི་ཁ་ཁྱེར་ལ་འཁོད་ནས་སྒྲུབ་པ་པོ་སངས་མ་རྒྱས་ཀྱི་བར་དུ་སྲུང་བར་བསམ་མོ། །སྲུང་བའི་འཁོར་ལོ་བསྒོམ་པའི་རིམ་པའོ།།  །།དེ་ནས་རྟེན་བསྐྱེད་པའི་ཕྱིར་སྲུང་བའི་འཁོར་ལོའི་ནང་དུ། ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་གདེངས་ཁ་གྱེན་དུ་ཕྱོགས་པའི་ནང་དུ་རིམ་པ་བཞིན་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། བྃ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་ཟླ་གམ། སུྃ་ལས་རི་རབ་ཐིག་ལེ་སེར་པོ་དང་བཅས་པ་སོ་སོའི་ས་བོན་གྱིས་མཚན་པར་བསྐྱེད། དེ་རྣམས་ལ་རང་གི་ཤེས་པ་འདྲེས་པས། རྐྱེན་བྱས་ནས་ལུགས་འབྱུང་གི་འབྱུང་བ་བཞིའི་སྟེང་དུ། ཤར་ཤེལ། ལྷོ་བཻཌཱུརྻ། ནུབ་པདྨ་རཱ་ག བྱང་གསེར་གྱི་རང་བཞིན་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ་ལྕོག་བརྒྱད་ཀྱིས་བརྒྱན་པའི་སྟེང་དུ་སྲུང་བའི་འཁོར་ལོའི་ནང་དུ་ཡེ་ཤེས་རིན་པོ་ཆེའི་རང་བཞིན་ལས་གྲུབ་པའི་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དུ་གྱུར་པར་སྐད་ཅིག་གིས་བལྟའོ། །གཞལ་ཡས་ཁང་བྲིས་པ་ལྟར་གློ་འབུར་དུ་བྱས་པའི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་ནག་པོ། དཀར་པོ། སེར་པོ། དམར་པོ། ལྗང་གུའི་རྩིག་པ་ལྔ་དང་ལྡན་པའི་སྟེང་ན་རིན་པོ་ཆེའི་ཕ་གུ་སེར་པོས་བསྐོར་བ་ལ་རྔ་ཡབ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང༌། དྲིལ་བུ་གཡེར་ཁ་དང་བཅས་པའི་དྲྭ་བ་དང༌། དྲྭ་བ་ཕྱེད་པ་འཕྱང་བ། ཕ་གུའི་སྟེང་ན་རིན་པོ་ཆེ་རྣམ་པར་སྤེལ་བའི་མདའ་ཡབ། དེའི་སྟེང་ན་རིན་པོ་ཆེའི་དྲྭ་མིག་སེང་མའི་པུ་ཤུས་བསྐོར་བ། རྩིག་པའི་འོག་འདོད་ཡོན་གྱི་སྣམ་བུའི་ཕྱོགས་རེ་རེར་ལྷ་མོ་བཞི་བཞིས་མཆོད་རྫས་དུ་མ་འཛིན་པ་བཀོད་པ། སྒོའི་སྟེང་གི་ཐད་སོ་བཞིར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་བང་རིམ་བཞི་པའི་སྟེང་དུ་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། རི་དྭགས་དང༌། གདུགས་དང་བཅས་པ། ནང་གི་ཕྱོགས་བཞིའི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར་བ་མཚམས་བཞིར་བུམ་པ་གཉིས་གཉིས་ཏེ་བུམ་པ་བརྒྱད་ཀྱིས་མཛེས་པར་བྱས་ཤིང༌། ཀ་བ་བརྒྱད་ཀྱིས་བཏེག་པའི་གདུང་མིག་མངས་རིས་སུ་བྲེས་པས་འདོད་ཡོན་གྱི་བར་ནོན་པ། དབུས་ཀྱི་ཕུབས་ནི་འཁོར་ལོ་གོང་མ་གོང་མས་ཕུབས་པའི་ཕྱིར་འོག་མ་འོག་མས་མ་ཕུབས་པའོ། །དེའི་ནང་དུ་མཆོད་རྟེན་ཟླུམ་པོ་བང་རིམ་བཞི་པ་ལྟ་བུའི་འཁོར་ལོ་རིམ་པ་བཞི་གནས་ཏེ། ཕྱི་རོལ་སྐུའི་འཁོར་ལོ་དཀར་པོ་འཁོར་ལོས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་ཅན། བར་མ་གསུང་གི་འཁོར་ལོ་དམར་པོ་པདྨས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་ཅན། ནང་མ་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྡོ་རྗེས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་ཅན། ཐམས་ཅད་ཀྱང་རྩིབས་བརྒྱད་པ། འོག་གཞིའི་ཁ་དོག་སྔོན་པོའོ། །ལྟེ་བ་བདེ་ཆེན་གྱི་འཁོར་ལོ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གྲི་གུག་གིས་མཚན་པའི་རྭ་བ་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་དང་བཅས་པ་དབུས་ཕྱུར་བུར་ཕུབས་པའི་སྟེང་རྡོ་རྗེ་ཕྱེད་པའི་ཏོག་གིས་བརྒྱན་པ་སྟེ། དྭངས་ཤིང་ཐོགས་པ་མེད་ལ་འོད་ཟེར་སྣ་ཚོགས་ཀུན་ཏུ་འཁྲུགས་པའོ། །ལྷའི་གནས་སུམ་ཅུ་སོ་བདུན་པོ་ཐམས་ཅད་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་འཇིགས་བྱེད་ཕོ་མོའི་གདན་དང༌། འཁོར་རྣམས་ལ་ཡི་དྭགས་ཀྱི་གདན་བསམ་མོ། །སྲུང་བའི་འཁོར་ལོའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་གནས་ཏེ། ཤར་དུ་དྲག་ཏུ་གཏུམ་པ། བྱང་དུ་ཚང་ཚིང་འཁྲིགས་པ། ནུབ་ཏུ་འུར་འུར་འབར་བ། ལྷོར་འཇིགས་སུ་རུང་བ། མེར་ནགས་ཚལ་ཕུན་སུམ་ཚོགས་པ། སྲིན་པོར་མུན་པ་མི་བཟད་པ། རླུང་དུ་ཀི་ལི་ཀི་ལའི་སྒྲ་སྒྲོགས་པ། དབང་ལྡན་དུ་ཧ་ཧ་དགོད་པའི་དུར་ཁྲོད་དོ། །དེ་ཉིད་ཀྱི་རིམ་པས་བརྒྱ་བྱིན། གནོད་སྦྱིན། ཆུ་ལྷ། གཤིན་རྗེ། མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན་ཏེ་ཕྱོགས་སྐྱོང་བརྒྱད་དང༌། ཤི་རི་ཤ ཨ་ཤྭཏྠཱ། ཨ་ཀོ་ལ། ཙུ་ཏ། ཀ་རཉྫ། ལ་ཏ་བ་ར་ཀ་ཏི། པར་ཏི་པར་ཏ། བྷ་ཊ་སྟེ་ཤིང་ཆེན་པོ་བརྒྱད་དང༌། དེ་རྣམས་ལ་བརྟེན་པའི་སྒོ་མཚམས་མ་རྣམས་ཀྱི་གཟུགས་འཛིན་པ་དྲག་གཏུམ་སྐྱོང་བ་ལ་སོགས་པའི་ཞི་སྐྱོང་བརྒྱད་དང༌། ནོར་རྒྱས། འཇོག་པོ། སྟོབས་ཀྱི་རྒྱུ། པདྨ། ཧུ་ལུན་ཏ། རིགས་ལྡན། དུང་སྐྱོང༌། པདྨ་ཆེན་པོ་སྟེ། ཀླུ་བརྒྱད་དང༌། སྒྲ་གྲགས་པ། རྨུགས་པ། མུན་པ་ཅན། ཀུན་ཏུ་འཁྱིལ་པ། གང་བ་འབབ་པ། དྲག་པོ། འཁྲིགས་པ་སྟེ། སྤྲིན་ཆེན་པོ་བརྒྱད་དང༌། གཞན་ཡང་ཆུ་བོ་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། མཆོད་རྟེན་ཆེན་པོ་བརྒྱད་གནས་ཤིང༌། གྲུབ་པ་ཐོབ་པའི་དཔའ་བོ་དང༌། རྣལ་འབྱོར་མ་དང༌། འདྲེ་དང༌། སྲིན་པོ་དང༌། མཁའ་འགྲོ་དང༌། མཁའ་འགྲོ་མ་དང༌། རོ་དང༌། རོ་ལངས་དང༌། འབྱུང་པོ་དང༌། ཤ་ཟ་དང༌། ཅེ་སྤྱང་ལ་སོགས་པས་ཡོངས་སུ་གང་བའི་དུར་ཁྲོད་ཀྱིས་ཡོངས་སུ་བསྐོར་བར་བསམ་མོ།།  །།གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་གཉིས་ལས། རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པའི་ཕྱིར། གདན་དབུས་མའི་སྟེང་དུ་ཨཱ་ལི་ཕྲག་གཉིས་ལས་ཉ་གང་བའི་ཟླ་བ་མེ་ལོང་ལྟ་བུའི་ཡེ་ཤེས། དེའི་སྟེང་དུ་ཀཱ་ལི་ཡ་ར་ལ་ཝ་ཌ་ཌྷ་དང་བཅས་པ་ཕྲག་གཉིས་ལས་ཉི་མ་མཉམ་པ་ཉིད་ཀྱི་ཡེ་ཤེས། བར་དུ་ཧཱུྃ་དང་ཨྃ་ལས་རྡོ་རྗེ་དང་གྲི་གུག་དཀར་པོ་ཧཱུྃ་དང་ཨྃ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས། གཅིག་ཏུ་གྱུར་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པར་གྱུར་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ་རྣམ་པ་ནི་འབྲས་བུ་རྡོ་རྗེ་འཛིན་པ་དང་འདྲ་ལ། ཁ་དོག་ནི་དཀར་པོ། རྩ་ཞལ་དཀར་ཞིང་གཡས་གནག་པར་བསྐྱེད་ནས། ཡབ་ཀྱི་གསང་གནས་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་བུ་གར་བྷྱཾ་གིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པ་བསྐྱེད་དེ། སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བ་ཆེན་པོས་ཡབ་ཡུམ་འོད་དུ་ཞུ་ནས་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེར་གྱུར་པར་བསམ། གཉིས་པ་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ལ་བཞི་ལས། བསྙེན་པ་ནི་སངས་རྒྱས་ཐམས་ཅད་ཀྱིས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བྃ་ཧོཿསུ་ར་ཏི་སྟྭཾ་དྲྀ་ཤྱ་ཧོཿ ཞེས་པའི་སྔགས་ཀྱིས་མགྲིན་གཅིག་ཏུ་བསྐུལ་བས། ཐིག་ལེ་ཡོངས་སུ་གྱུར་པ་ཧཱུྃ་དང་ཨྃ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨྃ་གིས་མཚན་པར་གྱུར། དེ་ཞུ་བ་ལས་བྱུང་བའི་འབྲས་བུ་རྡོ་རྗེ་འཛིན་པ་ཆེན་པོར་བཞེངས་ཏེ། དེའང་ཞལ་བཞི་ཕྱག་བཅུ་གཉིས་པ་རྩ་བའི་ཞལ་སྔོ་བ་གཡོན་ལྗང་རྒྱབ་སེར་གཡས་དཀར་བ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཀྱིས་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པ། གཡས་ཀྱི་གསུམ་པས་ཌཱ་མ་རུ། བཞི་པས་དགྲ་སྟྭ། ལྔ་པས་མདུང་རྩེ་གསུམ་པ། དྲུག་པས་གྲི་གུག གཡོན་གྱི་གསུམ་པས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག བཞི་པས་རྡོ་རྗེ་ཞགས་པ། ལྔ་པས་ཁྲག་གིས་གང་བའི་ཐོད་པ། དྲུག་པས་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པའོ། །སྒྲུབ་ཐབས་ཀྱི་མཆོད་བརྗོད་ལས་གཡས་ཀྱི་གྲི་གུག་ནས་སྨོས་པ་ནི་གཡོན་ནས་བསྐོར་བ་ལ་དགོངས་ཤིང༌། གཞན་གོ་རིམ་ཅུང་ཟད་མི་འདྲ་བ་ནི་རྒྱུད་ཐ་དད་ཀྱིས་དགོངས་པའོ། །མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་ཞིང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། རལ་པའི་ཐོར་གཙུག་གི་སྟེང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་ན་ཚེས་གཅིག་གི་ཟླ་བས་དབུ་ལ་བརྒྱན་པ། ཞབས་གཡས་བརྐྱང་པས་དུས་མཚན་དམར་མོའི་ནུ་མའི་སྟེང་ནས་མནན་ཞིང༌། གཡོན་བསྐུམ་པས་འཇིགས་བྱེད་ནག་པོའི་མགོ་བོ་བལྟབས་ནས་མནན་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡོན་པས་ཁྲག་གིས་གང་བའི་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང་གཡས་པས་གྲི་གུག་དང་བཅས་པའི་སྡིགས་མཛུབ་ནམ་མཁའ་ལ་འཕྱར་ནས་ཕྱོགས་ཅུར་བསྡིགས་པ། སྤྱན་གསུམ་པ། སྐྲ་གྲོལ་བ། གཅེར་བུ་རུས་པའི་རྒྱན་ལྔ་འཆང་ཞིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན། ཞབས་གཡོན་བརྐྱང་ཞིང་གཡས་པས་ཡབ་ལ་འཁྲིལ་བ་གཉིས་ཀའང་མཉམ་པར་སྦྱོར་ཞིང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ་མོ། །དེ་ནས་རྩ་བའི་ཞལ་ནས་གཡོན་སྐོར་གྱིས། ཞལ་རེ་རེ་ལ་དམིགས་ནས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧཱུྃ་ཧཱུྃ་ཕཊ། ཨོཾ་གྲྀཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུྃ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱཾ་བཛྲ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་ཞལ་རྣམས་བྱིན་གྱིས་བརླབ་བོ། །དེ་ནས་སྐུ་རིལ་པོ་ལ་དམིགས་ནས། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་བརྗོད་པས་སྐུ་བྱིན་གྱིས་བརླབ་བོ། །གཉིས་པ་ཉེ་བར་སྒྲུབ་པ་ནི་གནས་རྣམས་སུ་ཟླ་བའི་གདན་བསམས་ནས། དེ་རྣམས་ཀྱི་སྟེང་དུ། སྙིང་གར་ཨོཾ་ཧ་རྡོ་རྗེ་སེམས་དཔའ་དཀར་པོ། མགོ་བོ་ལ་ཨོཾ་ན་མ་ཧི་རྣམ་སྣང་སེར་པོ། སྤྱི་གཙུག་དུ་ཨོཾ་སྭཱ་ཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་དམར་པོ། ཕྲག་པ་གཉིས་སུ་ཨོཾ་བཽ་ཥ་ཊ་ཧེ་དཔལ་ཧེ་རུ་ཀ་ནག་པོ། མིག་གཉིས་སུ་ཨོཾ་ཧཱུྃ་ཧཱུྃ་ཧོཿརྡོ་རྗེ་ཉི་མ་དམར་སེར། ཡན་ལག་ཐམས་ཅད་ལ་ཨོཾ་ཕཊ་ཧྃ་རྟ་མཆོག་ལྗང་གུ་སྟེ་དཔའ་བོའི་གོ་ཆ་དང༌། ལྟེ་བར་ཨོཾ་བཾ་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཨོཾ་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། ཁར་ཨོཾ་ཧྲིཾ་མཾ་རྨོངས་བྱེད་མ་དཀར་མོ། མགོ་ལ་ཨོཾ་ཧྲེཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཨོཾ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཨོཾ་ཕཊ་ཕཊ་ཙཎྜི་ཀ་དུད་ཁ་སྟེ་དཔའ་མོའི་གོ་ཆ་བཀོད་ལ། ཡབ་ཀྱི་གནས་སུ་ཡུམ་དང་ཡུམ་གྱི་གནས་སུ་ཡབ་དང་གཉིས་སུ་མེད་པར་བསམ་མོ། །གཞན་ཡང་ཡབ་ཀྱི་ཐུགས་ཀར་ཧཱུྃ་ཐུགས་རྡོ་རྗེ་སྔོན་པོ། ལྐོག་མར་ཨོཾ་ཧཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་གསུང་རྡོ་རྗེ་དམར་པོ། དཔྲལ་བར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭ་ཧཱ་སྐུ་རྡོ་རྗེ་དཀར་པོ། ཡུམ་གྱི་སྙིང་གར་ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཐུགས་རྡོ་རྗེ་སྔོན་པོ། ལྐོག་མར་ཨོཾ་ཙཽ་རཱི་ཧཱུྃ་ཧཱུྃ་ཕཊ་གསུང་རྡོ་རྗོ་དམར་པོ། དཔྲལ་བར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། སྐུ་རྡོ་རྗེ་དཀར་པོ། གཉིས་ཀའི་སྤྱི་བོར་ཨོཾ་དཀར་པོ་རྣམ་སྣང༌། མགྲིན་པར་ཨཱཿདམར་པོ་འོད་དཔག་མེད། སྙིང་གར་ཧཱུྃ་སྔོན་པོ་མི་བསྐྱོད་པ། ལྟེ་བར་སྭཱ་སེར་པོ་རིན་འབྱུང༌། བརླར་ཧཱ་ལྗང་གུ་དོན་ཡོད་གྲུབ་པ་སྟེ་ཡི་གེའི་རྣམ་པ་དེ་རྣམས་ཉིད་ལྷའི་ངོ་བོར་བསམ་མོ། །གསུམ་པ་སྒྲུབ་པ་ནི། ལུས་ཀྱི་འབར་བའི་ཕྱག་རྒྱ་དཔྲལ་བའི་དབྱེས་སུ་བསྐོར། ངག་ཏུ་ཨོཾ་ཕཻཾ་ཞེས་བརྗོད། སེམས་ཀྱིས་སྙིང་གའི་ཧཱུྃ་གི་འོད་ཀྱིས་རང་བཞིན་གྱིས་གནས་ནས་རང་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲང༌། སྔ་མ་ལྟར་མཆོད། དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བར་བསམས་ལ་ཛཿཧཱུྃ་བྃ་ཧོཿཡོ་ག་ཤུདྡྷ་སྶརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ་ཞེས་བརྗོད་པས་གཉིས་སུ་མེད་པར་གྱུར་པར་བསམ་མོ། །བཞི་བ་སྒྲུབ་པ་ཆེན་པོ་ནི་སྔ་མ་ལྟར་དབང་གི་ལྷ་རིགས་ལྔ་ཡབ་ཡུམ་སྤྱན་དྲངས། མཆོད་པ་རྣམས་ཀྱིས་མཆོད་ནས། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་གསོལ་བ་གདབ་པས་སངས་རྒྱས་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་གསུང་ཞིང་ཡེ་ཤེས་ཀྱི་ཆུས་སྤྱི་བོ་ནས་དབང་བསྐུར་བས་རྐང་མཐིལ་ཡན་ཆད་གང༌། ལུས་ངག་ཡིད་གསུམ་གྱི་དྲི་མ་དག ཆུ་ལྷག་མ་ཡར་ལུད་པས་ཡབ་ལ་མི་བསྐྱོད་པ་དང༌། ཡུམ་ལ་རྣམ་སྣང་གི་དབུར་བརྒྱན་པར་བསམ་མོ། །དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏོ། །གཉིས་པ་དཀྱྀལ་འཁོར་རྒྱལ་མཆོག་ལ་བཞི་ལས་དང་པོ་མངལ་དུ་བསྐྱེད་པ་ནི། འབྲས་བུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་མཁའ་གསང་སྔ་མ་ལྟར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པས་ཟག་པ་མེད་པའི་བདེ་བས་ལུས་གང་བར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱདྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ། དེ་ནས་བདེ་བའི་སྒྲ་དང་སྙིང་གའི་ཧཱུྃ་གི་འོད་ཀྱིས་བསྐུལ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་སྤྱན་དྲང༌། ཡབ་ཡུམ་གཉིས་ཀའི་སྨིན་མཚམས་སམ་སྤྱི་གཙུག་ནས་ཞུགས། ཨ་ཝ་དྷཱུ་ཏཱིའི་ལམ་ནས་བརྒྱུད། ལྟེ་བར་རྗེས་སུ་ཆགས་པའི་མེ་དང༌། གཏུམ་མོའི་མེས་བཞུ། ཡབ་ཀྱི་ཐིག་ལེ་དང་ཡུམ་གྱི་རཀྟ་འདྲེས་པ་ལས་བྱུང་བའི་དཀྱིལ་འཁོར་རྫོགས་པ་བྷ་གར་བལྟའོ། །གཉིས་པ་འབྱིན་པ་ནི་ཕྱིའི་ཧེ་རུ་ཀའི་སྙིང་ག་ཆོས་ཀྱི་འཁོར་ལོའི་ལྟེ་བར་ཧཱུྃ། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་བཟློག་པའི་རིམ་པས་ལྃ་མྃ་པྃ་ཏཱྃ། མཚམས་སུ་ཁམས་བདུད་རྩི་འབབ་པའི་རྩ་བཞི། ཕྱི་སྐོར་ལ་ཧཱུྃ་རིང་པོ་བརྒྱད། སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་པུ་ཛཱ་ཨཽ་ཨ་གོ་རཱ་དེ་མ། ཀ་ཨོ་ཏྲཱི་ཀོ་ཀ་ལ་ཀཱ་ཧི། པྲེ་གྲྀ་སཽ་སུ་ན་སི་མ་ཀུ། ཞེས་པའི་ཡི་གེ་རྣམས་གསལ་བཏབ་ནས། འོག་རླུང་འཐེན་པའི་སྦྱོར་བས་ཡུམ་གྱི་བྷ་ག་ནས་གཙོ་བོ། རྡོ་རྗེའི་ལམ་ནས་ཡར་དྲངས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཡུམ་དང་བཅས་པའི་ནང་གི་ཧེ་རུ་ཀར་གྱུར། གཙོ་མོའང་ཡུམ་གྱི་ཐུགས་ཀར་དྲངས་ནས་ལྟེ་བའི་ཨྃ་ལ་ཐིམ་པས་ཡུམ་འབའ་ཞིག་ཏུ་གྱུར་པར་བསམ། དེ་ནས་སྙིང་པོ་རྣལ་འབྱོར་མ་བཞི་རིམ་པ་བཞིན་དུ་ཡར་དྲངས། སྙིང་གའི་ཕྱོགས་ཀྱི་ཡི་གེ་བཞི་ལ་རིམ་པ་བཞིན་རེག་པས་ཡི་གེ་རྣམས་ནང་གི་རྣལ་འབྱོར་མ་བཞིར་གྱུར། ཡར་བྱོན་པ་རྣམས་སོ་སོའི་གནས་སུ་སྤྲོས་ནས་ཕྱིའི་བདེ་ཆེན་གྱི་འཁོར་ལོའི་ཕྱོགས་བཞིར་གནས་པར་བསྒོམས་ལ་རིམ་གྱིས་གསལ་བཏབ་སྟེ། ནང་དང་ཕྱིའི་ཤར་དུ་མཁའ་འགྲོ་མ་སྔོ་སྐྱ། བྱང་དུ་ལཱ་མཱ་ལྗང་སེར། ནུབ་ཏུ་ཁཎྜ་རོ་ཧཱ་དམར་སེར། ལྷོར་གཟུགས་ཅན་མ་དཀར་སེར་ཏེ། རྡོ་རྗེ་མཁའ་འགྲོ་ལས་ཕྱེད་གཟུགས་སུ་བཤད་པ་ལྟར་རམ། ཡང་ན་སྔོ་བ་ལ་སྐྱ་བའི་མདངས་ཆགས་པ་ལ་སོགས་པར་བཞེད་དེ། ཞལ་གཅིག་པ་ཕྱག་གཉིས་པ་གཡས་པ་རྣམས་ཀྱིས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང༌། གཡོན་པ་རྣམས་ཀྱིས་གླང་པོ་དང༌། ཅེ་སྤྱང་དང༌། མི་དང་ཝ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་བསྣམས་པ་ཡིན་ལ། གཞན་རྒྱན་དང་ཆ་ལུགས་ནི་རྡོ་རྗེ་ཕག་མོ་དང་འདྲ་བའོ། །ཡང་བྷ་གའི་ཐོད་པ་བཞི་པོ་ཡར་དྲངས། སྙིང་གའི་མཚམས་ཀྱི་རྩ་བཞི་ལ་རེག་པས་ཐོད་པ་བདུད་རྩིས་གང་བ་བཞིར་གྱུར། ཡར་བྱོན་པ་རྣམས་སོ་སོའི་གནས་རྣམས་སུ་སྤྲོས་ནས་བདེ་ཆེན་གྱི་གྲྭ་བཞིར་དགོད་དོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྲོ་བར་བྱ་སྟེ། དེའང་བྷ་ག་ནས་ལྟ་རྣམས་ཡར་དྲངས། སྤྱི་བོ་ལ་སོགས་པའི་གནས་སོ་སོར་བྱོན། གནས་རྣམས་ཡུལ་ཉི་ཤུ་རྩ་བཞིར་གྱུར། ཁམས་རྣམས་དཔའ་བོ་རྣམས་སུ་གྱུར། རྩ་རྣམས་རྣལ་འབྱོར་མར་གྱུར་ནས་དེ་ཉིད་དུ་འཁོད་པ་དང༌། བྷ་ག་ནས་ཕྱུང་བ་རྣམས་གནས་སོ་སོ་ནས་སྤྲོས་ཕྱིའི་གནས་སོ་སོར་འཁོད་པ་ཐམས་ཅད་ལ་སྦྱར་ཞིང་རིམ་པ་བཞིན་བསྒོམ་པར་བྱ་སྟེ། སྤྱི་བོ་དང་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་སུ། པུལླཱི་ར་མཱ་ལ་ཡར་ཁཎྜ་ཀ་པཱ་ལི་དང་རབ་ཏུ་གཏུམ་མོ། སྤྱི་གཙུག་དང་བྱང་རྩིབས་ཛཱ་ལནྡྷ་རར་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། རྣ་བ་གཡས་པ་དང་ནུབ་རྩིབས་ཨུ་ཌི་ཡ་ནར་ཀཾ་ཀ་ལ་དང་འོད་ལྡན་མ། ལྟག་པ་དང་ལྷོ་རྩིབས་སུ་ཨརྦུ་དར་མཆེ་བ་རྣམ་པར་གཙིགས་པ་སྣ་ཆེན་མ། རྣ་བ་གཡོན་པ་དང་ཤར་ལྷོར་གོ་དཱ་ཝ་རིར་སུ་ར་ཝཱི་རི་དང་བརྟན་པའི་བློ་ཅན་མ། སྨིན་ཕྲག་དང་ལྷོ་ནུབ་ཏུ་རཱ་མེ་ཤྭ་རིར་འོད་དཔག་ཏུ་མེད་པ་དང་མིའུ་ཐུང་མ། མིག་དང་ནུབ་བྱང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཕྲག་པ་དང་བྱང་ཤར་མ་ལ་ཝར་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་སྟེ་ཐུགས་ཀྱི་འཁོར་ལོ་ཁ་དོག་སྔོན་པོ་ནམ་མཁའ་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །མཆན་ཁུང་དང་གསུང་གི་འཁོར་ལོའི་ཤར་གྱི་རྩིབས་ཀཱ་མ་རཱུ་པར་ཨཾ་གུ་རི་དང༌། ཨེ་ར་ཝ་ཏི། ནུ་མ་དང་བྱང་རྩིབས་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ལྟེ་བ་དང་ནུབ་རྩིབས་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། སྣ་རྩེ་དང་ལྷོ་རྩིབས་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཁ་དང་ཤར་ལྷོ་ཀ་ལིང་གར་རབ་ཏུ་བཟང་པོ་དང་ཤྱཱ་མ་དེ་ཝཱི། མགྲིན་པ་དང་ལྷོ་ནུབ་ལམྤ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། སྙིང་དང་ནུབ་བྱང་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། འདོམ་བར་དང་བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་ཁ་གཱ་ན་སྟེ་གསུང་གི་འཁོར་ལོ་ཁ་དོག་དམར་པོ་ས་ལ་སྤྱོད་པའི་ཚུལ་གྱིས་བཞུགས་པ་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །མཚན་མ་དང་སྐུའི་འཁོར་ལོའི་ཤར་གྱི་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། འོག་སྒོ་དང་བྱང་རྩིབས་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ། བརླ་དང་ནུབ་རྩིབས་སཽ་རཱཥྚར་རྟ་མགྲིན་དང་ཤོཎྜི་ནཱི། བྱིན་པ་དང་ལྷོ་རྩིབས་སུ་ཝརྞ་དྭཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། སོར་མོ་དང་ཤར་ལྷོ་ན་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བོལ་གོང་དང་ལྷོ་ནུབ་སིནྡུ་ར་པདྨ་གར་གྱིས་དབང་ཕྱུག་དང་སྟོབས་ཆེན་མ། མཐེ་བོང་དང་ནུབ་བྱང་མ་རོར་རྣམ་པ་སྣང་མཛད་དང་འཁོར་ལོས་སྒྱུར་མ། པུས་མོ་དང་བྱང་ཤར་ཀུ་ལུན་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་སྐུའི་དཀྱིལ་འཁོར་ཁ་དོག་དཀར་མོ་ས་འོག་ན་སྤྱོད་པའི་ཚུལ་གྱིས་བཞུགས་པ། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པའི་ངོ་བོའོ། །དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། གར་སྟབས་ཀྱིས་བཞུགས་པ་སྤྱན་གསུམ་དྲག་པོའི་གཟུགས་ཅན། རྒྱན་དང་ཆ་ལུགས་ཧེ་རུ་ཀ་དང་མཚུངས་པ། དཔའ་མོ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་འཛིན་པས་ཡབ་ལ་འཁྱུད་པ་རྒྱན་དང་ཆ་ལུགས་ཐམས་ཅད་རྡོ་རྗེ་ཕག་མོ་དང་ཚུལ་མཚུངས་པ། ཐམས་ཅད་གཉིས་སུ་མེད་པའི་སྦྱོར་བ་ལ་བརྩོན་ཞིང་སྐུ་ལས་འོད་ཟེར་འབར་བ། རོ་དང་ཉི་མའི་གདན་ལ་བཞུགས་པར་བལྟའོ། །ལྷའི་རྣམ་པ་རྣམས་ལོ་ཧི་པའི་གཞུང་དང་མཐུན་པར་ཕྱག་བཞི་པར་བསྒོམས་ཀྱང་འགལ་བ་མེད་པར་བསམ་མོ། །དེ་ནས་བྷ་གའི་སྒོ་མཚམས་མ་བརྒྱད་རིམ་པ་བཞིན་རྡོ་རྗེའི་ལམ་ནས་ཡར་དྲངས། ཐུགས་ཀའི་ཧཱུྃ་རིང་པོ་བརྒྱད་ལ་རེག་པས་ནང་གི་སྒོ་མཚམས་མ་བརྒྱད་དུ་གྱུར། ཡར་བྱོན་པ་རྣམས་སོ་སོའི་གནས་ནས་ཕྱིར་སྤྲོས། དམ་ཚིག་གི་འཁོར་ལོའི་ཕྱོགས་མཚམས་བརྒྱད་དུ་འཁོད་པར་བསམས་ལ་རིམ་གྱིས་གསལ་གདབ་སྟེ། ནང་དང་ཕྱིའི་ཤར་དུ་ཁ་གདོང་མ། བྱང་དུ་འུག་གདོང་མ། ནུབ་ཏུ་ཁྱི་གདོང་མ། ལྷོར་ཕག་གདོང་མ་རྣམས་སྙིང་པོའི་རྣལ་འབྱོར་མའི་མདོག་ཅན་སྒོ་སྲུང་བར་བྱེད་པའོ། །མེར་གཤིན་རྗེ་བརྟན་མ་གཡས་སྔོ། གཡོན་སེར། སྲིན་པོར་གཤིན་རྗེ་ཕོ་ཉ་མ་གཡས་སེར། གཡོན་དམར། རླུང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར། གཡོན་ལྗང༌། དབང་ལྡན་དུ་གཤིན་རྗེ་འཇོམས་མ་གཡས་ལྗང༌། གཡོན་སྔོ་བ། ཐམས་ཅད་ཀྱང་གཡས་གྲི་གུག གཡོན་ཐོད་པ་ཁྲག་ཅན་འཛིན་ཅིང་ཞབས་གཡོན་བརྐྱང་པས་རོ་ལ་གནས་པས། སྟག་གི་པགས་པའི་ཤམ་ཐབས་ཅན་རུས་པའི་རྒྱན་ལྔ་དང་མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་འཆང་བ། དྲག་མོ་ཤིན་ཏུ་ཁྲོས་པའོ། །དེ་ནས་བྷ་གའི་སྲུང་འཁོར་དང་བཅས་པའི་རྟེན་གྱི་དཀྱིལ་འཁོར་ཡར་དྲངས་པས་རང་གི་ལུས་ཀྱི་རྟེན་ཁོག་པ་ནང་གི་དཀྱིལ་འཁོར་དུ་གྱུར་པར་བསམས་ཏེ། སྤྱི་བོར་སྣ་ཚོགས་རྡོ་རྗེ། རྐང་མཐིལ་རྡོ་རྗེའི་ས་གཞི། རྩིབ་ལོགས་རྡོ་རྗེའི་རྭ་བ། པགས་པ་རྡོ་རྗེའི་གུར་དང་བླ་རེ། བ་སྤུ་མདའི་དྲྭ་བ། སྐྲ་སེན་ཡེ་ཤེས་ཀྱི་མེ་འབར་བའི་སྲུང་འཁོར་དང༌། རྐང་མཐིལ་རླུང༌། སུམ་མདོ་མེ། ལྟོ་བ་ཆུ། སྙིང་ག་ས། སྒལ་ཚིགས་རི་རབ། མགོ་བོ་རི་རབ་སྟོད་ཀྱི་ཆ། ལུས་འདོམ་གང་གྲུ་བཞི། གཞལ་ཡས་ཁང་གྲུ་བཞི་སྙིང་ག་ནས་འབྱུང་བ་བཞིའི་རླུང་རྒྱུ་བ་སྒོ་བཞི། མིག་ལ་སོགས་པ་གཞལ་ཡས་ཁང་གི་རྒྱན། རྐང་རྣམས་ཀ་བའི་ཚོགས་ཏེ་རྟེན་གྱི་དཀྱིལ་འཁོར་གསལ་བར་དམིགས་ནས་ཡར་བྱོན་པའི་རྟེན་གྱི་དཀྱིལ་འཁོར་སྐུའི་ཆ་ཐམས་ཅད་ནས་སྤྲོས་པས་ཕྱིའི་དཀྱིལ་འཁོར་ལ་ཐིམ་པར་བསམ་མོ། །གསུམ་པ་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀྩིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདག་གིས་བསྒོམས་པའི་ཕྱི་ནང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་འཛམ་བུའི་གླིང་ན་བཞུགས་པའི་སྤྲུལ་པའི་སྐུ། འོག་མིན་ན་བཞུགས་པའི་ལོངས་སྐུའི་ཚོགས་གསུམ་དབྱེར་མེད་པར་གྱུར་ནས་གཉིས་སུ་མེད་པའི་རྡོ་རྗེའི་རང་བཞིན་བདག་ཡིན་སྙམ་དུ་བསམ་པ་ལན་གསུམ་བྱ། ཨོཾ་བཛྲ་ཤུདྡྷ་སྶརྦ་དྷརྨཱ་བཛྲ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་རྣམ་པར་དག་པ་བདག་ཡིན་སྙམ་དུ་བསམ་མོ། །བཞི་པ་གོ་ཆ་བཅིང་ཞིང་བྱིན་གྱིས་བརླབ་པ་ནི། ཕྱི་ནང་གི་ལྷ་རྣམས་ལ་ཡི་གེ་རྣམས་སྔ་མ་བཞིན་དུ་དགོད་དེ། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ། །གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ལ་བཞི་ལས་ཡེ་ཤེས་པ་དགུག་པ་ནི། སྦྱོར་བའི་སྐབས་ལྟར་སྤྱན་དྲངས་ཤིང་མཆོད་ནས། ཕྱི་དང་ལུས་ཀྱི་དཀྱིལ་འཁོར་ལ་བསྟིམ་མོ། །གཉིས་པ་དབང་བསྐུར་བའང་སྔ་མ་ལྟར་ཕྱི་ནང་གི་ལྷ་རྣམས་ལ་དབང་བསྐུར། ཆུ་ལྷག་མ་ཡར་ལུད་པས་གཙོ་བོ་ལ་མི་བསྐྱོད་པ། ཡུམ་ལ་རྣམ་སྣང༌། མཁའ་འགྲོ་མ་ལ་མི་བསྐྱོད་པ། ལཱ་མཱ་ལ་དོན་ཡོད་གྲུབ་པ། ཁཎྜ་རོ་ཧཱ་ལ་འོད་དཔག་མེད། གཟུགས་ཅན་མ་ལ་རིན་ཆེན་འབྱུང་ལྡན། གཞན་རྣམས་ཀྱི་དམ་ཚིག་གི་འཁོར་ལོའི་བར་ཤར་ནས་གཡོན་སྐོར་དུ་སྔ་མའི་རིམ་པ། ཤར་ལྷོ་ནས་གཡས་སྐོར་དུ་རྣམ་སྣང་ནས་དོན་ཡོད་གྲུབ་པས་དབུར་བརྒྱན་པར་བསམ་མོ། །འདི་སློབ་དཔོན་བྷུ་རི་པའི་དགོངས་པ་དང་མཐུན་ཞེས་གསུང་ངོ༌། །གསུམ་པ་མཆོད་པ་ནི་ཕྱི་ནང་ཡིད་ལས་བྱུང་བས་མཆོད་ནས་རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་པར་བྱའོ། །བཞི་པ་དག་པ་རྗེས་སུ་དྲན་པ་ནི་ལམ་ལ་སོམ་ཉི་སྤང་བའི་ཕྱིར། ལུས་རྗེས་སུ་དྲན་པ་ནི་མཁའ་འགྲོ་མ། ཚོར་བ་རྗེས་སུ་དྲན་པ་ནི་ལཱ་མཱ། ཆོས་རྗེས་སུ་དྲན་པ་ནི་ཁཎྜ་རོ་ཧཱ། སེམས་རྗེས་སུ་དྲན་པ་ནི་གཟུགས་ཅན་མ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཁཎྜ་ཀ་པཱ་ལ་དང་རབ་ཏུ་གཏུམ་མོ། །བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མ་ཧཱ་ཀཾ་ཀ་ལ་དང་གཏུམ་པའི་མིག་ཅན་མ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་ནི་ཀཾ་ཀ་ལ་དང་འོད་ལྡན་མ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་ནི་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། དད་པའི་དབང་པོ་ནི་སུ་ར་ཝཱི་རི་དང་བརྟན་པའི་བློ་ཅན་མ། བརྩོན་འགྲུས་ཀྱི་དབང་པོ་ནི་འོད་དཔག་མེད་དང་མིའུ་ཐུང་མ། དྲན་པའི་དབང་པོ་ནི་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། ཏིང་ངེ་འཛིན་གྱི་དབང་པོ་ནི་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ། ཤེས་རབ་ཀྱི་དབང་པོ་ནི་ཨཾ་གུ་རི་དང་ཨེ་རཱ་བ་ཏཱི། དད་པའི་སྟོབས་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། བརྩོན་འགྲུས་ཀྱིསྟོབས་ནི་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། དྲན་པའི་སྟོབས་ནི་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཏིང་ངེ་འཛིན་གྱི་སྟོབས་ནི་རབ་ཏུ་བཟང་པོ་ཤྱཱ་མ་དེ་ཝཱི། ཤེས་རབ་ཀྱི་སྟོབས་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་མིག་མི་བཟང་དང་ཁ་གཱ་ན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧཱ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་རྟ་མགྲིན་དང་ཤོཎྜི་ནཱི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་དཔལ་ཧེ་རུ་ཀ་དང་ཤིན་ཏུ་བཟང་མོའོ། །ཡང་དག་པའི་ལྟ་བ་ནི་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། ཡང་དག་པའི་རྟོགས་པ་ནི་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ། ཡང་དག་པའི་ངག་ནི་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། ཡང་དག་པའི་ལས་ཀྱི་མཐའ་ནི་ཁྭ་གདོང་མ། ཡང་དག་པའི་འཚོ་བ་ནི་འུག་གདོང་མ། ཡང་དག་པའི་རྩོལ་བ་ནི་ཁྱི་གདོང་མ། ཡང་དག་པའི་དྲན་པ་ནི་ཕག་གདོང་མ། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོའོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་ཡ་མ་དཱ་ཏི། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མ། མི་དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་སྤོང་བ་ནི་གཤིན་རྗེ་མཆེ་བ་མ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །ཞེས་བརྗོད་ཅིང་ལམ་གྱི་ཆོས་རྣམས་ལྷའི་རྣམ་པར་དྲན་པར་བྱའོ། །ལྷ་ལ་སོམ་ཉི་སྤོང་ན་མཁའ་འགྲོ་མ་ནི་ལུས་རྗེས་སུ་དྲན་པའོ། །ཞེས་པ་ལ་སོགས་པའི་ཚུལ་གྱིས་བརྗོད་ཅིང་ལྷ་རྣམས་ལམ་གྱི་ངོ་བོར་དྲན་པར་བྱའོ། །བློ་མཆོག་ཏུ་གྱུར་པ་རྣམས་ཀྱིས་ནི་བདག་གི་བློ་ལ་སྣང་བའི་ཕྱི་དང་ནང་གི་ལྷ་སུམ་ཅུ་སོ་བདུན་པོ་འདི་ཉིད་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་གྱི་ངོ་བོ་ཡིན་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་ཡང་ལྷ་སུམ་ཅུ་སོ་བདུན་གྱི་ངོ་བོར་རྣམ་པར་གནས་པ་ཞེས་བརྗོད་ཅིང་ཐུན་མོང་ལ་དམིགས་པའི་དག་པ་དྲན་པར་བྱའོ། །དེ་ནས་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་དམིགས་ལ་རྩེ་གཅིག་ཏུ་མཉམ་པར་གཞག་གོ །དེའང་བློ་སྦྱང་བའི་ཕྱིར་དང་པོ་གཙོ་བོ་འབའ་ཞིག་ལ་དམིགས། དེ་ནས་འཁོར་གྱི་ལྷ་རྣམས་ལ་རིམ་པ་བཞིན་དུ་དམིགས། དེ་ནས་རྟེན་གཞལ་ཡས་ཁང་ལ་དམིགས། དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ་དམིགས། དེ་ནས་ཕྱི་རོལ་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་བདག་གིས་བསྒོམས་པའི་དཀྱིལ་འཁོར་དང་མཚུངས་པར་བལྟ་ཞིང་དེའང་དམིགས་པའི་ཡུལ་རིམ་གྱིས་རྒྱ་བསྐྱེད་དེ། མཐར་ནམ་མཁའི་མཐས་གཏུགས་པ་ཆོས་ཀྱི་དབྱིངས་ཀྱིས་ཀླས་པའི་འཇིག་རྟེན་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་བལྟ་ཞིང་མཉམ་པར་གཞག་གོ །གང་གི་ཚེ་སྣོད་བཅུད་དང་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་མེ་ལོང་གི་གཟུགས་བརྙན་སྣང་བ་ལྟར་གསལ་ཞིང༌། རྫོགས་ལ་མ་འདྲེས་པ་ཅིག་ཅར་དུ་སྣང་ཞིང་མཉམ་པར་འཇོག་པ་དང༌། དེ་ལས་ལྡང་བ་དང༌། སྤྲོ་བ་དང༌། བསྡུ་བ་དང༌། གོ་སྐབས་ཆུང་ངུ་རྒྱ་ཆེན་པོ་དམིགས་པ་དང༌། ཤིན་ཏུ་ཡངས་པའི་རྒྱ་ཁྱོན་རྣམ་པ་ཆུང་ངུས་ཁྱབ་པར་འགེངས་བ་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་དབང་འབྱོར་བར་གྱུར་པ་དེའི་ཚེ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་བརྟན་པར་གྱུར་པ་ཡིན་ཏེ། ཐུན་མོང་གི་ལས་སྒྲུབ་པ་ལ་ཐོགས་པ་མེད་ཅིང༌། མཆོག་གི་གོ་འཕང་ལ་ཡང་ཉེ་བར་གྱུར་པ་ཡིན་ནོ། །བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ནི། བསྒོམ་པའི་ཚུལ་མི་འདྲ་བ་དུ་མ་ཞིག་གསུངས་ཀྱང་འདིར་གཙོ་བོར་གྱུར་པ་དཔྱིད་ཀྱི་ཐིག་ལེ་དང༌། ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ཁ་སྦྱོར་བ་བསྒོམ་པའི་ཚུལ་ནི། བསྐྱེད་པའི་རིམ་པ་བསྒོམས་པའི་མཐར། ལུས་ཀྱི་འཁྲུལ་འཁོར་དང་ལྡན་པས་རླུང་ནང་དུ་འདྲེན་པ་དང་བསྟུན་ནས། ཕྱིའི་དཀྱིལ་འཁོར་མ་ལུས་པ་སྣའི་བུ་ག་གཉིས་ཀྱི་ལམ་ནས་དྲངས་ལ་སྙིང་གའི་ཧཱུྃ་ལ་བསྟིམ། ཡུམ་ཡང་དྲངས་ཏེ་ལྟེ་བའི་ཨྃ་ལ་བསྟིམ། ཡབ་ཉིད་ཀྱང་ཞལ་གཅིག་ཕྱག་གཉིས་པར་དམིགས་པའི་ལུས་ཀྱི་དབུས་ཀྱི་ཆ་ལ་ཨ་ཝ་དྷཱུ་ཏཱི་ཕྲ་ཞིང་གསལ་བ་དྲང་བ། གཡས་སུ་ར་ས་ནཱ་དམར་པོ་མེའི་རང་བཞིན་ཀཱ་ལིའི་རྣམ་པའི་རཀྟས་གང་བ། གཡོན་དུ་ལ་ལ་ནཱ་དཀར་པོ་ཆུའི་རང་བཞིན་ཨཱ་ལིའི་རྣམ་པའི་ཐིག་ལེས་གང་བ། དབུ་མ་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བར་ཕག་མོའི་ངོ་བོ་མེའི་རང་བཞིན་ཨཾ་དམར་མོ་མགོ་གྱེན་དུ་ལྟ་བ། ནང་སྐོར་འདབ་མ་བརྒྱད་ལ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཕྱི་སྐོར་རྩ་འདབ་ལྔ་བཅུ་རྩ་དྲུག་ལ་ཨཱ་ལི་ཀཱ་ལི་དང་དབྱངས་ཀྱི་རིང་པོ་དྲུག་དང་བཅས་པ་དགོད། སྙིང་གར་དབུ་མ་ལ་བརྟེན་པའི་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་ལྟེ་བར་ཤེས་པའི་རྟེན་རྩ་དམར་པོ་མཐེ་བོ་ཡོངས་ཀྱི་ཚད་དང་མཉམ་པ། ཐུར་དུ་སོར་ཕྱེད་དང་གསུམ་འཕྱང་བའི་དབུས་སུ་ཧེ་རུ་ཀའི་ངོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཧཱུྃ་བ་མོའི་མདོག་མགོ་ཐུར་དུ་བལྟ་བ་དང༌། ཕྱོགས་ཀྱི་འདབ་མ་བཞིར་ཨོཾ་ཏྲཱཾ་ཧྲཱིཿཨཿ མཚམས་བཞིར་ལྃ་མྃ་པྃ་ཏཱྃ་དགོད། ཧཱུྃ་དང་ཨཾ་གཉིས་དབུ་མས་ཟུང་འབྲེལ་པར་བསམས་ལ། འོག་གི་ལས་ཀྱི་རླུང་བསྐྱོད་པས། ལྟེ་བའི་ཨྃ་ཆེར་བསྐུལ་ནས་ཨྃ་ལས་མེའི་འོད་རྟ་རྔ་བརྒྱར་གཤགས་པའི་ཚད་དང་མཉམ་པ་དབུ་མའི་ལམ་ནས་སོང་ནས་ཧཱུྃ་ལ་བསྣུན་པས། ཧཱུྃ་ལས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་དཀར་པོ་སྔ་མའི་ཚད་དང་མཉམ་པ་ལམ་དེ་ཉིད་ནས་བབས་ནས། ཨྃ་ལ་ཐིམ་པས་གཟི་བརྗིད་ཕུན་སུམ་ཚོགས་པར་གྱུར་པར་བསམ་མོ། །དེའང་དབུགས་འབྱུང་བའི་ཚེ། མེ་གྱེན་དུ་རྒྱུ་བ་ལ་དམིགས་པས་ར་ས་ནཱའི་ནུས་པ་སྟོབས་སུ་གྱུར་ནས། ལུས་དྲོད་ཀྱིས་གང་བས་རྣམ་པར་རྟོག་པ་བསྲེགས་པར་བསམ། རླུང་འཇུག་པའི་ཚེ་ཁམས་ཐུར་དུ་བབས་པ་ལ་དམིགས་པས་ལ་ལ་ནཱའི་ནུས་པ་སྟོབས་སུ་གྱུར་ཏེ། ལུས་ཐམས་ཅད་བདེ་བས་གང་བར་བསམ། རླུང་གནས་པའི་ཚེ་འབར་བ་དང་འཛག་པ་རོ་གཅིག་ཏུ་གྱུར་པས་དབུ་མའི་ནུས་པ་སྟོབས་སུ་གྱུར་ཏེ། བདེ་བ་དང་མི་རྟོག་པ་ཟུང་དུ་ཆུད་པར་བསམ་མོ། །ཚུལ་འདི་ཉིད་ལ་གོམས་པར་བྱས་པའི་ཏིང་ངེ་འཛིན་གྱི་ཁྱད་པར་རྙེད་པའི་ཚེ་རླུང་གི་རྣལ་འབྱོར་དང༌། འཁྲུལ་འཁོར་གྱི་ཁྱད་པར་གྱིས་ཀྱང་བོགས་དབྱུང་བར་བྱའོ། །ཤིན་ཏུ་གོམས་པས་དུ་བ་ལ་སོགས་པ་མཚན་མ་རྣམས་ཀྱང་འབྱུང་ཞིང་ཡང་དག་པའི་ཡེ་ཤེས་ཀྱང་སྐྱེ་བར་འགྱུར་རོ། །རྣལ་འབྱོར་གཉིས་ལས་བྱུང་བའི་ཏིང་ངེ་འཛིན་གྱི་རྒྱུན་དེས་ཧེ་རུ་ཀའི་གོ་འཕང་ལ་སྦྱོར་བར་བྱེད། རྫོགས་རིམ་བསྒོམ་པའི་ཚུལ་རྒྱས་པར་གཞན་དུ་ཤེས་པར་བྱའོ། །མཉམ་པར་གཞག་པའི་རྣལ་འབྱོར་རོ། །བཟླས་པ་ཇི་ལྟར་བྱ་བའི་ཚུལ་ནི་སྙིང་གའི་ཧཱུྃ་ལས་ཕྱིའི་དཀྱིལ་འཁོར་རྫོགས་པར་སྤྲོས་ལ། ཧཱུྃ་ཞེས་བརྗོད་པས་གསལ་གདབ། དེ་ནས་གཙོ་བོ་ལ་སོགས་པ་ཡབ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་གྱི་རྣམ་པ་འཕྲོས། ཡབ་ཀྱི་ཞལ་དང༌། ཡུམ་གྱི་ཞལ་དང༌། བྷ་ག་དང༌། རྡོ་རྗེའི་ལམ་ནས་འཁོར་བ་དང༌། རྣལ་འབྱོར་མ་བཅུ་གཉིས་ཀྱི་ནི་ཐུགས་ཀའི་ས་བོན་ལ་གཡོན་སྐོར་དུ་འཁོར་བར་བསམས་ཏེ། ཁ་དོག་ནི་ལས་དང་རྗེས་སུ་མཐུན་པའོ། །སྔགས་ཀྱི་ཚིག་ནི་ཨོཾ་ན་མོ་བྷ་ག་ཝ་ཏི་ལ་སོགས་པ་ཡབ་ཀྱི་རྩ་སྔགས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ་སྙིང་པོའོ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཉེ་བའི་སྙིང་པོའོ། །ཨོཾ་སུམྦྷ་ལ་སོགས་པ་ནི་ཞལ་བྱིན་གྱིས་བརླབ་པ་དང༌། ལས་ཀྱི་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏི་བཛྲ་བཱ་ར་ཧཱི་ལ་སོགས་པ་ཡུམ་གྱི་རྩ་སྔགས་སོ། །ཨོཾ་སརྦྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཙཽ་རཱི་ཧུྃ་ཧཱུྃ་ཕཊ་ཉེ་བའི་སྙིང་པོའི་སྙིང་པོའོ། །དེ་དག་ལས་གང་མོས་པ་བཟླ་བའམ། རྩ་སྔགས་གཉིས། སྙིང་པོ་གཉིས། ཉེ་སྙིང་གཉིས། གོ་ཆ་གཉིས་ཏེ། རིན་ཆེན་བཞི་ལ་བཟླས་པ་བྱས་ཏེ། ས་སྟེངས་ན་ནི་རིན་ཆེན་བཞི། །ཕྲེང་བའི་སྔགས་ནི་དམ་པར་བརྗོད། །ཅེས་གསུངས་སོ། །དེ་ནས་འཁོར་རྣམས་ཀྱི་སྔགས་ཀྱང་བཟླའོ། །སྔགས་རྣམས་གཞུང་གི་ཆ་མང་པོ་ལས་འབྱུང་བའི་ཕྱིར་མ་བྲིས་སོ། །བཟླས་པའི་རྣལ་འབྱོར་རོ། །གཏོར་མའི་བྱ་བ་ནི། འདས་པ་དང༌། འཇིག་རྟེན་པ་གཉིས་ལས་སྔ་མ་ནི་གཏོར་མ་ལེགས་པར་བཤམས་ལ། སུམྦྷ་དང་སྭ་བྷཱ་ཝས་བསང་ཞིང་སྦྱངས་ནས་སྟོང་པའི་ངང་ལས་ཡྃ་དང་རྃ་ལས་རླུང་དང་མེའི་སྟེང་དུ་ཨཱཿལས་ཐོད་པ་དུམ་བུ་གསུམ་པ་ཤིན་ཏུ་ཡངས་པའི་ནང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཤར། ལྷོ། ནུབ། བྱང༌། དབུས་སུ། གོ་ཀུ་ད་ཧ་ན་ལས་བ་ལང༌། ཁྱི། རྟ། གླང་པོ་ཆེ། མིའི་ཤ་ལྔ་དང༌། དེའི་སྟེང་དུ་ཤར། དབུས། ནུབ། བྱང༌། ལྷོར། བི་མུ་ཤུ་མ་ར་ལས་དྲི་ཆེན། དྲི་ཆུ། བྱང་སེམས། ཀླད་པ། རཀྟ་སྟེ་བདུད་རྩི་ལྔ། དེའི་སྟེང་དུ་དབུས་དང་ཤར་ནས་གཡས་སྐོར་གྱི། ཧཱུྃ་ཨཱྃ་ཏྲྃ་ཧྲཱིཿཨཿརྣམས་ཆོས་ཀྱི་དབྱིངས། མེ་ལོང་ལྟ་བུ། མཉམ་པ་ཉིད། སོ་སོར་རྟོག་པ། བྱ་བ་གྲུབ་པ་སྟེ། ཡེ་ཤེས་ལྔའི་ངོ་བོར་བསམ་མོ། །དེའི་སྟེང་དུ་བདུད་རྩི་ལྔའི་རང་བཞིན་ཨོཾ་དཀར་པོ་མགོ་ཐུར་དུ་ལྟ་བ། དེའི་སྟེང་དུ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཁ་ཊྭཱཾ་ག་མགོ་ཐུར་དུ་ལྟ་བ་ཧཱུྃ་གིས་མཚན་པ་བསམས་ནས། ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གཡོས་པས་མེ་སྦར། དེས་ཤ་ལྔ་བདུད་རྩི་ལྔ་དང༌། ཡེ་ཤེས་ལྔ་བཞུ་ཞིང་བསྐོལ་བའི་རླངས་པ་གྱེན་དུ་སོང་བས། ཨོཾ་དང་ཁ་ཊྭཱཾ་ག་ལས་བདུད་རྩིའི་རྒྱུན་བབས། ཡང་ཁ་ཊྭཱཾ་ག་ལས་བྱུང་བའི་འོད་ཟེར་རླངས་པ་དང་བཅས་པ་ཕྱོགས་བཅུར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཐོད་པ་བདུད་རྩིས་གང་བའི་རྣམ་པས་བཀུག་ནས་གཏོར་མ་ལ་ཐིམ། ཁ་ཊྭཱཾ་ག་ཨོཾ་དང་བཅས་པའང་ལྷུང་ནས་ཐམས་ཅད་རོ་གཅིག་ཏུ་འདྲེས་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་དམིགས་ལ། ཨོཾ་ཨཱཿཧཱུྃ་ཞེས་ཡང་ཡང་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་མདུན་གྱི་ནམ་མཁར་སྐད་ཅིག་གིས་རྟེན་དང་བརྟེན་པར་བཅས་པའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དམིགས་ལ། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དུར་ཁྲོད་བརྒྱད་ལ་ཕོག་པས། དཀྱིལ་འཁོར་ཡོངས་སུ་རྫོགས་པ་བརྒྱད་དུ་གྱུར་ཏེ། ཡེ་ཤེས་པ་དང་རོ་གཅིག་ཏུ་བྱས་ལ་རྩ་བའི་དཀྱིལ་འཁོར་དང་དཀྱིལ་འཁོར་དགུའི་ལྷ་རྣམས་ཀྱི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་ནས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་བྱས་ལ། ཨོཾ་བཛྲ་ཨཱ་རལླི་ཧོ་ཛཿཧཱུྃ་བྃ་ཧོཿཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་བཛྲ་ཌཱ་ཀི་ནཱི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨི་མཾ་བྷ་ལིཾ། བྷུཉྫ་ཐ། པི་པ་ཐ། མཱ་མ་ཀརྻཾ། སྭ་དྷཱ་ཡ་ཨོཾ་ཨཱཿཧཱུྃ་ཕཻཾ་ཕཻཾ་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་བསྟབས་ནས། ལྷའི་སྔགས་ཡོངས་སུ་རྫོགས་པས་ཀྱང་དབུལ་བར་བྱའོ། །གཞུང་ལས་ཟོར་ཡང་བའི་ཕྱིར་སྔགས་ཀྱི་བཟླས་པ་དང་གཏོར་མ་བསྟབས་པའི་སྔགས་དུས་གཅིག་ཏུ་གསུངས་སོ། །དེ་ནས་ཕྱི་དང་ནང་དང་ཡིད་ལས་བྱུང་བའི་མཆོད་པས་མཆོད་ནས། ཡབ་དང་ཡུམ་གྱི་རྐང་པ་བརྒྱད་པ་གཉིས་ཀྱིས་བསྟོད་ལ། སྲིད་དང་ཞི་བ་མཉམ་པར་ཆགས་པ་འཇོམས་ཤིང་ཡང་དག་རྟོག་པ་བཅོམ། །ཁྱེད་ཀྱིས་དངོས་པོ་ཐམས་ཅད་མཁའ་དང་མཉམ་པའི་བདག་ཉིད་གཟིགས་པར་ལྡན། །མགོན་པོ་ཐུགས་རྗེའི་ལྗིད་ཀྱིས་ཡང་དག་བརླན་པའི་ཐུགས་ཀྱི་ཆུས། །ལྷ་མོ་རྣམས་ཀྱིས་བདག་ལ་ཤིན་ཏུ་མཛེས་བརྩེར་མཛད་དུ་གསོལ། །ཞེས་པའི་ཚིག་གིས་གསོལ་བ་གདབ་བོ། །འཇིག་རྟེན་པའི་གཏོར་མ་ནི་མཁའ་འགྲོ་སྤྱིའི་གཏོར་མའི་ཆོ་གས་བཏང་ངོ༌། །མཐར་དགེ་བ་བསྔོ། ཡི་གེ་བརྒྱ་པས་ཆོ་ག་ལྷག་ཆད་ཁ་བསྐང༌། ཡེ་ཤེས་པ་དང་འཇིག་རྟེན་གྱི་མགྲོན་བཛྲ་མུཿས་གཤེགས་སུ་གསོལ། དམ་ཚིག་པ་བདག་ལ་བསྡུ། གཏོར་མ་རོལ་མོ་དང་བཅས་ནས་དོར་རོ། །གཏོར་མའི་རིམ་པའོ།།  །།ཐུན་མཚམས་ཀྱི་བྱ་བ་ལ་ལྔ་ལས། ཉལ་བའི་རྣལ་འབྱོར་ནི་གཉིད་ལོག་པའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། སྣོད་བཅུད་ཐམས་ཅད་ཕྱིའི་དཀྱིལ་འཁོར་ལ་བསྡུ། ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱང་སྣའི་སྒོ་ནས་སྙིང་གའི་ཧཱུྃ་ལ་བསྡུ། ཡུམ་ཀྱང་ཡབ་ལ་བསྡུ། ཡབ་ཀྱང་ཐུགས་ཀའི་ཧཱུྃ་ལ་བསྡུ། ཧཱུྃ་ཀྱི་ཞབས་ཀྱུ་ཁོག་པ་མགོ་བོ། ཟླ་ཚེས། ཐིག་ལེ། ནཱ་དའི་བར་དུ་རིམ་པ་བཞིན་དུ་བསྡུས་ལ། ནཱ་ད་ཡང་ནམ་མཁའ་ལ་འཇའ་ཡལ་བ་བཞིན་མི་དམིགས་པར་བསམས་ནས། སྟོང་པ་ཉིད་ཀྱི་ངང་ལ་གཉིད་ལོག་གོ །གཉིས་པ་ལྡང་བའི་རྣལ་འབྱོར་ནི། ནམ་མཁའི་དབྱིངས་ནསཌཱ་མ་རུའི་སྒྲ་དཔའ་བོ་ཉེར་བཞིའི་ཕྲེང་སྔགས་སུ་གྲགས་པས། གཉིད་བསླངས་ནས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པར་བསྒོམས་ལ། སྐད་ཅིག་གིས་ཧེ་རུ་ཀའི་སྐུར་ལྡང་ངོ༌། །དེའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་ཕྱིའི་དཀྱིལ་འཁོར་དང༌། སྣོད་བཅུད་ཐམས་ཅད་གསལ་བར་དམིགས་ནས། ཨོཾ་ཡོ་ག་ཤུདྡྷའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །གསུམ་པ་ཁྲུས་ཀྱི་རྣལ་འབྱོར་ནི། ཏིང་ངེ་འཛིན་གྱི་དབང་བསྐུར་བ་དང་འདྲ་ལ། ཡི་གེ་བརྒྱ་པ་བརྗོད་ཅིང༌། ཁྲུས་བྱས་པས་སྡིག་པ་དང་དྲི་མ་ཐམས་ཅད་དག་པར་བསམ་མོ། །མཐར་དབང་གི་ལྷ་གཤེགས་སུ་གསོལ་ལོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། ཁ་ཟས་གཏོར་མ་ལྟར་བྱིན་གྱིས་བརླབ། རང་ཕྱིའི་ཧེ་རུ་ཀར་གསལ་བཏབ་པའི་ལྟེ་བའི་གཏུམ་མོ་ལས་མེ་འབར་བས་ལུས་ཐམས་ཅད་གང་བའི་ཁྲོད་ན་ལུས་ཀྱི་ལྷ་ཚོགས་རྣམས་གསལ་བར་བལྟ། ཁྱད་པར་དུ་ནང་གི་ཧེ་རུ་ཀའི་སྤྱི་བོར་བླ་མ་རིགས་བདག་གི་ཚུལ་དུ་བཞུགས་པར་བསམ། དེ་ནས་ལག་པའི་མཆོད་པས་ལག་པའི་ལྷ་ཚིམ་པར་བྱས་ནས། ལག་པ་གཉིས་དགང་བླུགས། ཁ་ཧོམ་ཁུང༌། ཁ་ཟས་བསྲེག་རྫས་སུ་བསམས་ལ། ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ལུས་ཀྱི་ལྷ་རྣམས་ལ་མཆོད་པར་བསམ་ཞིང༌། ཤིན་ཏུ་ཞེན་པར་མི་བྱ་བར་བདུད་རྩིའི་རོ་མྱང་ཞིང་བཟའོ། །ལྷག་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། རང་གི་ལུས་ཀྱི་དཔའ་བོ་དང༌། དཔའ་མོ་དང༌། གོ་ཆ་ཆེན་པོའི་སྔགས་རྣམས་ངག་ཏུ་བརྗོད་པས་ལྷ་རྣམས་སོ་སོའི་གནས་སུ་ཐིམ་པས་རང་ཉིད་བསྲུངས་ནས་སྲུང་འཁོར་གྱི་སྐབས་བཞིན་ཞལ་བཞི་པའི་སྔགས་ལན་གཉིས་ཀྱིས་ཕྱོགས་རྣམ་པར་བཅིངས་ཏེ། བདག་དང་སྣང་བ་ཧེ་རུ་ཀའི་སྐུར་བསྒོམ། ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབ། བརྗོད་པ་དང་གྲག་པའི་སྒྲ་ཐམས་ཅད་སྔགས་སུ་ཤེས་པར་བྱས་ལ་ཡབ་ཀྱི་རྐང་པ་བརྒྱད་པའི་སྔགས་བརྗོད་ཅིང་བྱིན་གྱིས་བརླབ། སེམས་ཀྱི་རྣམ་པར་རྟོག་པ་འདུ་འཕྲོ་ཐམས་ཅད་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་དུ་ཤེས་པར་བྱས་ལ། ཧཱུྃ་ཞེས་བརྗོད་པས་བྱིན་གྱིས་བརླབས་ནས། ལྷས་ལྷ་ལ་མཆོད་པར་བསམ་ཞིང་ཡུལ་རྣམས་ལ་སྡང་ཞེན་མེད་པར་ལོངས་སྤྱད། ཐམས་ཅད་དུ་སྣང་བ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང༌། རང་བཞིན་སྟོང་པ་དང༌། ངོ་བོ་ཟུང་དུ་འཇུག་པའི་ཤེས་པའི་ངང་ནས། བཤད་པ་དང༌། ཉན་པ་དང༌། ཀློག་པ་དང༌། ཁ་ཏོན་དང༌། ཆུ་སྦྱིན་པ་དང༌། མཆོད་རྟེན་བསྒྲུབ་པ་དང༌། རབ་གནས་དང༌། སྦྱིན་སྲེག་ལ་སོགས་པ་རང་བཞིན་གྱི་དོན་ཉེ་བར་བསྒྲུབ་བོ། །དེ་ལྟར་རིམ་པ་གཉིས་ཡན་ལག་དང་བཅས་པ་ལ་ཤིན་ཏུ་གོམས་པ་ལས་བྱུང་བའི་ཡན་ལག་ཡང་དག་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་པའི་ཚེ། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྣམས་ཀྱིས་བརྟན་པར་བྱས་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པར་བྱའོ། །དེས་གཞན་གྱི་དོན་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་ཉེ་བར་སྤྱད་པས། བྱང་ཆུབ་སེམས་དཔའི་ས་རྣམས་བགྲོད་དེ། ཉེ་བའི་རྒྱུས་རང་བཞིན་གྱི་དོན་ཕུན་སུམ་ཚོགས་པ། སྐུ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པས་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱེད་དོ། །ཐུན་མོང་གི་དངོས་གྲུབ་རྣམས་ནི་ཞར་ལས་འབྱུང་བ་ཉིད་དོ། །འདི་ལ་འདུན་པའི་དབང་པོ་རབ་གསལ་རྒྱུད་སྡེ་རིན་ཆེན་གྱིས་ཕྱུག་པ། །དམ་ཚིག་རྡོ་རྗེས་རྗེས་སུ་བརྒྱན་དང་ཤེས་རབ་ཚུལ་ཁྲིམས་ནོར་ལྡན་པས། །རིང་ནས་བསྐུལ་ཞིང་རིགས་པའི་རྒྱལ་མཚན་ལུང་གི་དཔལ་གྱིས་མཛེས་འཛིན་དང༌། །བློ་གྲོས་པདྨོའྀ་གསུང་རབ་འོད་ཀྱིས་རྣམ་པར་ཕྱེ་བས་གསོལ་བཏབ་པས། །ཧེ་རུ་ཀ་དཔལ་དཔལ་གྱིས་སྒེག་པའི་གསུང་གིས་གསང་བ་ཆེས་གསང་བ། །མཁའ་འགྲོའི་དབང་པོ་དབང་ཕྱུག་མཆོག་ལ་དབང་འབྱོར་རྣམས་ཀྱིས་དབང་བརྙེས་གང༌། །ཡང་དག་གྲུབ་བརྙེས་གྲུབ་པའི་སྐྱེས་བུ་བརྒྱུད་པ་རིམ་པ་ལས་བརྒྱུད་པའི། །སྒྲུབ་པའི་ཐབས་འདི་འདི་ཉིད་ཡིན་ཞེས་ངེས་པའི་ངག་གིས་ངས་འདིར་བཀོད། །བཀོད་པ་བཀོད་ལེགས་བཀོད་མའི་ཆུ་ལྟར་ཤིན་ཏུ་དྭངས་པར་ལེགས་བཀོད་པའི། །འཇུག་ངོགས་དམ་པར་འཇུག་པ་དེ་དག་དངོས་གྲུབ་པདྨོའི་དཔལ་ཕྲེང་གིས། །རྣམ་པར་སྒེགས་ཤིང་རྣམ་པར་གྲོལ་བའི་བདེ་བ་མཆོག་ལ་རྣམ་རོལ་ནས། །ཀུན་ཏུ་བཟང་པོའི་ཀུན་ནས་དགེ་བས་འགྲོ་བ་ཀུན་གྱི་དཔལ་དུ་གྱུར། །སྒྲུབ་ཐབས་སྙིང་པོ་ལུང་གི་རྗེས་འབྲངས་སྤྱོད་པའི་རྡོ་རྗེས་བསྟན་པ་ཡི། །སྒྲུབ་ཐབས་ཇི་བཞིན་མན་ངག་གིས་སྤྲོས་བདག་གིས་སྤྲོས་ལ་ནོངས་པ་གང༌། །དགོངས་པ་དག་པས་བཟོད་པར་ལེགས་དགོངས་དགེ་བ་གང་ཞིག་ཉེར་བསྒྲུབས་པས། །ཧེ་རུ་ཀ་དཔལ་འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་འགྱུར་བར་ཤོག།  །།དཔལ་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ་སློབ་དཔོན་སྤྱོད་པའི་རྡོ་རྗེས་མཛད་པའི་དོན་ཉམས་སུ་བླང་བའི་ཚུལ་གོ་བདེ་བར་བཀྲོལ་བ་སྒྲུབ་ཐབས་སྙིང་པོ་ཞེས་བྱ་བ་འདི་ནི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་ལ་བསྙེངས་པ་མི་མངའ་བའི་མཁྱེན་རབ་ཅན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་ཀྱི་པདྨོ་ལ་གུས་པས་གཏུགས་ཤིང༌། དེ་ཉིད་ཀྱི་གསུང་རབ་བདུད་རྩིའི་ཆ་ཅུང་ཟད་འཐུངས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་ལྕགས་མོ་བྱའི་ལོ། དཔྱིད་ཟླ་རྭ་བ་ལ་རྒྱལ་པོའི་ཕོ་བྲང་ཁའི་ཕིང་ཧུར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*