བདག་འཇུག་གི་ཆོ་ག

༼པ༽

༄༅། །བདག་འཇུག་གི་ཆོ་ག་བཞུགས།།

༄༅། །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང༌། དབང་བླང་བའི་ཆོ་ག་ཞེས་བྱ་བ། བླ་མ་དང་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མདོག་དང་དབྱིབས་སོགས་སྤྲོས་པ་མེད་ཀྱང་སྐུ་དང་རྣམ་འཕྲུལ་ཀུན་འཕྲུལ་ཞིང༌། །བརྗོད་དང་བརྗོད་བྱའི་ཚུལ་ལས་འདས་ཀྱང་ཚིག་དང་དབྱངས་ཀྱིས་ཀུན་སྟོན་ལ། །གཟུང་དང་འཛིན་པའི་རྣམ་རྟོག་སྤངས་ཀྱང་མཁྱེན་དང་བརྩེ་བའི་ཐུགས་གསལ་བའི། །ལྷ་དང་བླ་མ་གཉིས་སུ་མེད་ཀྱང་གཉིས་དང་དུ་མར་སྟོན་ལ་འདུད། །ལུང་དང་རྗེས་སུ་གདམས་པའི་ཚུལ་བཞིན་འཁོར་ལོ་སྡོམ་པའི་དབང་བསྐུར་བ། །གཞུང་དང་ཉམས་སུ་བླང་བའི་རིམ་བཞིན་གྲུབ་པའི་སྐྱེས་བུ་མཆོག་རྣམས་ཀྱིས། །ཡང་དང་ཡང་དུ་གསལ་བར་མཛད་བཞིན་བདག་ཉིད་འཇུག་པའི་ཆོ་གའི་རིམ། །དད་དང་འདུན་པས་བསྐུལ་བའི་ངག་བཞིན་བདག་གིས་འདིར་ནི་གསལ་བར་བཤད། །དེ་ལ་དཀྱིལ་འཁོར་འདིར་ཞུགས་ཤིང་རིམ་པ་གཉིས་ལ་གནས་པ་བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས། སྡོམ་པ་དང་དམ་ཚིག་གི་ཉེས་པ་དག་ཅིང༌། ཚོགས་གཉིས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བར་འདོད་པས་འཚེ་བ་མེད་ཅིང་ཡོ་བྱད་ཕུན་སུམ་ཚོགས་ལ་རྣལ་འབྱོར་དང་མཐུན་པའི་སའི་ཆ་སྔར་ཡོངས་སུ་མ་སྦྱངས་པར་སའི་ཆོ་ག་བྱ་སྟེ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔ་དང༌། གཏོར་མ་གཅིག་བཤམས་ལ། དཀྱིལ་འཁོར་གྱི་ས་གཞིར་བ་བྱུང་དང་དྲི་བཟངས་ཀྱིས་བྱུགས་པའི་དབུས་སུ། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་ཞེས་པས་མེ་ཏོག་གི་ཚོམ་བུ་བཀོད་ལ་སུམྦྷས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་བྃ་ལས་སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་ཞིང་བདག་ལ་ཕྱོགས་པར་བསྐྱེད་པའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿསྙིང་གར་ཧཱུྃ་བཀོད་ནས། རང་གི་ལག་པ་གཡོན་པའི་སྲིན་ལག་ལ་ཧྃ་དམིགས་ཏེ། ས་ལ་གཏུགས་པ་ལས་འོད་འཕྲོས་པས། སའི་ལྷ་མོ་འཁོར་དང་བཅས་པ་སྤྱན་དྲངས་པ་ཚོམ་བུ་ལ་བསྟིམ་སྟེ། དབང་བསྐུར་ནས་རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་པ་ལ། བྱིན་གྱིས་བརླབས་པའི་ཕྱིའི་མཆོད་རྫས་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཨོཾ་པྲྀ་ཐི་ཝཱི་དེ་ཝཱི་གྲྀཧྞ་དྃ་ཞེས་སྔོན་དུ་འགྲོ་བའི་ཨརྒྷཾ་པྲ་ཏཱིཙྪཱ་སྭཱ་ཧཱ། ལ་སོགས་པ་སོ་སོའི་སྔགས་ཀྱིས་ཕུལ་ནས། ནང་བདུད་རྩིས་ཀྱང་མཆོད་ནས་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པའི་གཏོར་མ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞ་དཾ་བ་ལིཾ་ཏ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱིས་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སའི་ཕྱོགས་འདིར་དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་བཞེངས་ནས། བདག་ཉིད་འཇུག་ཅིང་དབང་ལེན་པར་འཚལ་བས། སའི་ཕྱོགས་འདི་བདག་ལ་གནང་ཞིང༌། ལས་ཀྱི་དངོས་གྲུབ་ཀྱང་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ཞིང་དཔང་པོ་མཛད་པར་བསམས་ནས། ཨོཾ་བཛྲ་མུཿཞེས་པས་དེ་ཉིད་དུ་ཐིམ་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ལངས་ལ། རྡོ་རྗེ་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པས། མིག་གཡས་གཡོན་གཉིས་སུ་མ་དང་ཊ་ལས་ཉི་ཟླ་ཧཱུྃ་གིས་མཚན་པར་དམིགས་ལ་གཡས་ནས་གཡོན་དུ་བལྟ་བས་བགེགས་རྣམས་ཚར་བཅད་པ་དང༌། གཡོན་ནས་གཡས་སུ་བལྟ་བས་རྗེས་སུ་གཟུང་བར་སེམས་ལ། རྡོ་རྗེ་སློབ་དཔོན་བདག་གིས་སའི་ཕྱོགས་འདིར་སེམས་ཅན་གྱི་དོན་རྩོམ་གྱི། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། འབྱུང་པོ་དང༌། ཤ་ཟ་མོ་དང༌། སྲིན་པོ་ལ་སོགས་པ་གང་དག་འདིར་གནས་པའི་སའི་བདག་པོ་མྱུར་དུ་སོང་ཤིག འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ནོས་ནས་མྱུར་བ་ཉིད་དུ་སོང་ཤིག གང་དག་མི་འགྲོ་བ་དེ་ལ་ངའི་ཡེ་ཤེས་ཀྱི་རྡོ་རྗེ་དང༌། ཁ་ཊྭཱཾ་ག་འདིས་སྤྱི་བོ་རྣམ་པ་བརྒྱར་འགས་པར་བྱའོ། །ཞེས་ལན་གསུམ་བརྗོད་པས་དཀྱིལ་འཁོར་བལྟ་བར་མི་དབང་བའི་ནག་པོའི་ཕྱོགས་རྣམས་བསྐྲད་ཅིང༌། དཀར་པོའི་ཕྱོགས་སྣོད་དུ་གྱུར་པ་རྣམས་ཞི་བའི་ཡིད་ཀྱིས་བདག་གིས་གྲོགས་བྱེད་པར་བསམ་མོ། །ས་བསླང་བའོ། །དེ་ནས་ལྟོ་འཕྱེའི་ལྟོ་བའི་ཕྱོགས་ནས་པུས་མོ་ནུབ་ཙམ་དུ་བརྐོས་ཏེ་གྱོ་མོ་དང་སོལ་བ་དང༌། རུས་བུ་ལ་སོགས་པའི་ཟུག་རྔུ་རྣམས་ཕྱུང་ནས། དྲི་བཟངས་དང༌། རིན་པོ་ཆེ་དང་བཅས་པའི་ས་བརྙན་བཟང་པོས་བཀང་ཞིང་འཐས་པར་བརྡུངས་ལ། ཤར་དང་བྱང་དུ་གཞོལ་ཞིང་མེ་ལོང་གི་ངོས་ལྟར་འཇམ་པའི་ས་སྟེགས་གྲུ་བཞི་པ་བྱས་པའི་སྟེང་དང་ཁོར་ཡུག་ཀུན་ཏུ་ལག་པ་གཉིས་བཞག་ཅིང༌། ཨོཾ་བྷཱུ་ཁཾ་ཞེས་བརྗོད་པས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་མོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁ་ཤར་དུ་བལྟས་ནས་ས་ཕྱོགས་བགེགས་དང་བྲལ་བར་བྱས་ལ་སྲུང་བའི་འཁོར་ལོ་བསྒོམས་ཏེ་བགེགས་ཚར་བཅད་པ་རྣམས་སྒྲུབ་ཐབས་ནས་ཇི་ལྟར་འབྱུང་བ་བཞིན་བྱའོ། །ས་སྦྱང་ཞིང་བསྲུང་བའོ། །དེ་ནས་རྡོ་རྗེའི་འགྲོས་ཀྱིས་བྱང་ཤར་དུ་སོང་ལ། སྔར་བཞིན་དུ་བགེགས་ལ་བཀའ་བསྒོས་ནས། གཡོན་སྐོར་གྱིས་བསྐོར་ཞིང་ཤར་དུ་གཡས་བརྐྱང༌། ལྷོར་གཡོན་བརྐྱང༌། ནུབ་དུ་ས་ག བྱང་དུ་ཟླུམ་པོ་ལ་སོགས་པའི་རྐང་སྟབས་ཀྱི་བཀོད་པ་རྣམས་ཀྱིས་ས་གཟུང་བ་བྱ་བའམ་མ་གྲུབ་ཀྱང་འགལ་བ་མེད་ལ། སའི་ཕྱོགས་འདིར་དཀྱིལ་འཁོར་བཞེངས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་སྙམ་དུ་ཡིད་ཀྱིས་གཟུང་ངོ༌། །ས་བཟུང་བ་སྟེ་སའི་ཆོ་གའོ། །དེ་ནས་སྟ་གོན་ལ་འཇུག་པའི་ཚེ་བ་བྱུང་དང་དྲི་བཟངས་ཀྱིས་བྱུགས་པའི་དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྔས་བསྐོར་ཞིང༌། གོས་ཟུང༌། ཀུ་ཤ ནང་མཆོད། གཏོར་མ། རྡོ་རྗེ། དྲིལ་བུ་ལ་སོགས་པ་རྣམས་བསགས་ནས། ཕྱི་མ་རེད་ཀྱི་ཚེ། སྒྲུབ་པ་པོའི་གྲོགས་དང་བཅས་པ་རིམ་གྱིས་འཁོད་ལ། སྔོན་འགྲོའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་དེར་འདུས་པའི་འབྱུང་པོ་རྣམས་ལ་བསྔོས་ནས། སྣོད་མ་ཡིན་པ་བསྐྲད་ཅིང༌། སྣོད་དང་ལྡན་པ་རྣམས་ལ་གྲོགས་བཅོལ་ལ། གནས་དང་ཡོ་བྱད་རྣམས་དྭངས་ཤིང་ཐོགས་པ་མེད་པ་རྒྱ་ཆེ་བར་བྱིན་གྱིས་བརླབས་ཏེ། རོལ་མོའི་སྒྲ་ཆེར་བྱས་ལ། ཨོཾ་བཛྲ་དྷརྨཱ་ར་ཎིའི་སྔགས་བརྗོད་དོ། །དེ་ནས་ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ལ་བདག་བསྐྱེད་ཀྱི་དཀྱིལ་འཁོར་བསྒོམ་པ་དང༌། མཆོད་པ་བཟླས་པའི་བར་རྫོགས་པར་བྱས་ནས། བདག་ཉིད་ཕྱག་གཉིས་པར་བསྡུས་ཏེ། མཆོད་རྫས་སུམྦྷས་བསང་ཞིང་སྭ་བྷཱ་ཝས་སྦྱངས་པའི་ངང་ལས་ཨཱ་ལས་ཀ་པཱ་ལ་དཔག་ཏུ་མེད་པ་མཆོད་རྫས་རྣམས་ཀྱིས་གང་བས་ས་དང༌། ནམ་མཁའ་དང༌། བར་སྣང་ཐམས་ཅད་གང་བར་བསྐྱེད་ནས། སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ་བོ། །དེ་ནས་ས་བསླང་བའི་སྐབས་ལྟར་སའི་ལྷ་མོ་ལྷག་པར་གནས་པར་བྱས་ནས། དཀྱིལ་འཁོར་གྱི་དབུས་སུ་བ་བྱུང་དྲི་བཟངས་བདུད་རྩི་དང་སྦྱར་བ་བླུགས་པ་རྣལ་འབྱོར་པས་དབང་ལྡན་ནས་གཡོན་སྐོར་དུ་ཁྱེམ་མེད་པར་བྱུག་ཅིང༌། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཅེས་བརྗོད་དེ་སྲུང་བའི་འཁོར་ལོ་བརྟན་པར་བསྒོམས་ལ། ཨོཾ་སུམྦྷ་རཱ་ཛ་བཛྲ་ཀྲོ་དྷ་ཙཀྲ་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་དབུས་སུ་ཕུར་བ་བཏབ་ལ། གནོད་མཛེས་ནག་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང༌། ཨོཾ་ཀ་ནི་རུ་ནི་བཛྲ་ཀྲོ་དྷ་ཙཀྲ་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ། ཤར་ལྷོར་མི་གཡོ་བ་སྔོན་པོ་རལ་གྲི་འཛིན་པ་དང༌། ཨོཾ་ནཱི་ལ་དཎྜ་བཛྲ་ཀྲོ་དྷ་ཙཀྲ་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ། ལྷོ་ནུབ་ཏུ་དབྱུག་པ་སྔོན་པོ་ཅན་དབྱུག་པ་འཛིན་པ་དང༌། ཨོཾ་ཧ་ཡ་གྲྀ་ཝ་བཛྲ་ཀྲོ་དྷ་ཙཀྲ་མཎྜ་ལ་རཀྵ་རཀྵ་ཧཱུྃ་ཕཊ། ནུབ་བྱང་དུ་རྟ་མགྲིན་དམར་པོ་པདྨའི་དབྱུག་ཏོ་འཛིན་པ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་བཛྲ་ཀྲོ་དྷ་མཎྜ་ལ་ཙཀྲ་རཀྵ་རཀྵ་ཧཱུྃ་ཕཊ། བྱང་ཤར་དུ་བདུད་རྩི་འཁྱིལ་པ་ལྗང་སྔོན། གཡས་པས་སྣ་ཚོགས་རྡོ་རྗེ། གཡོན་པ་ཐམས་ཅད་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཁྲོ་བོའི་རྒྱན་གྱིས་བརྒྱན་པར་བསྐྱེད་ནས། དེ་དག་ལ་ཙནྡན་དམར་པོའི་ཐིག་ལེ་དང༌། མེ་ཏོག་གི་ཚོམ་བུ་དང་གུ་གུལ་གྱི་བདུག་པས་མཆོད་ལ་བསྲུང་བ་མཛད་པར་གསོལ་བ་གདབ་བོ། །དེ་ནས་རྟེན་གྱི་དཀྱིལ་འཁོར་སྐད་ཅིག་གིས་མོས་པ་ལ་ལྷ་དང༌། ཐོད་པ་དང་དུར་ཁྲོད་ཀྱི་གནས་རྣམས་སུ་མེ་ཏོག་གི་ཚོམ་བུ་བཀོད་ལ་ལྷ་སོ་སོའི་སྔགས་དང༌། ཨོཾ་ཨཱཿཧཱུྃ་གིས་ལྷ་དང་བདུད་རྩིས་གང་བའི་ཐོད་པ་དང༌། །དུར་ཁྲོད་ཀྱི་གནས་རྣམས་སུ་སྐད་ཅིག་གིས་བསྐྱེད་ནས་ཡན་ལག་བཞི་རྫོགས་སུ་བྱས་པ་ལ། སྔགས་དང་ཕྱིའི་མཆོད་པའི་མཐར་ལྷ་རྫས་ལས་གྲུབ་པའི་གོས་ཟུང་ལྷ་རེ་རེ་ལའང་དཔག་ཏུ་མེད་པ་ཕུལ་བར་བསམ་ཞིང༌། སྲབ་འཇམ་ཡང་བ་ལྷ་ཡི་གོས། །མི་ཕྱེད་རྡོ་རྗེའི་སྐུ་ལ་གསོལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པའི་མཐར། བཛྲ་ཝསྟྲཱ་ཡ་ཨཱཿཞེས་པས་གོས་ཟུང་སྦྱར་བས་མཆོད་ལ། ཀུ་ཤ་འདི་ནི་གཙང་ཞིང་དགེ །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །ས་ལས་སྐྱེས་པའི་སྙིང་པོ་མཆོག །བདག་ཅག་ལ་བགེགས་མེད་པར་མཛོད། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ་སྭཱ་ཧཱ། །ཞེས་པས་ཀུ་ཤའི་ཆུན་པོ་བརྒྱད་ཕྱོགས་ཤར་ནས་གཡོན་སྐོར་དང༌། མཚམས་མེ་ནས་གཡས་སྐོར་གྱིས་དབུལ་ལོ། །དེ་ནས་མཆོད་པའི་ཆོ་ག་ལྟར་ཡིད་ལས་བྱུང་བ་ནས་གཏོར་མའི་བར་གྱིས་མཆོད་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། གཉིས་མེད་ཡེ་ཤེས་ལས་བྱུང་བའི། །ཁྱབ་བདག་དངོས་ཀུན་བདག་ཉིད་ཅན། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ། །ཕག་མོ་ལྷན་ཅིག་ཡང་དག་ལྡན། །གང་ཞིག་ཕྱོགས་བཅུའི་དཔའ་བོ་དང༌། །རིག་པའི་ལྷ་མོ་རྫུ་འཕྲུལ་ཅན། །བྱང་ཆུབ་སེམས་དཔའ་ལ་སོགས་ཀུན། །མ་ལུས་བདག་ལ་དགོངས་སུ་གསོལ། །སློབ་མ་ལ་ནི་ཕན་པ་དང༌། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་ཅན་བདག་འདི་ཞེས་པ། །ནང་པར་དཀྱིལ་འཁོར་བྲི་བར་བྱ། །རྗེས་སུ་བརྩེ་བས་ཉེར་དགོངས་ཏེ། །ཀུན་གྱི་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས་གནང་བ་བྱིན་པར་བསམ་མོ། །ལྷ་ལྷག་པར་གནས་པའོ། །དེ་ནས་བུམ་པ་བསངས་ཏེ། སྦྱངས་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་ཞིང༌། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་གཡོགས་པར་བསྐྱེད་ལ། རྣམ་རྒྱལ་གྱི་བུམ་པར་སྐད་ཅིག་གིས་འཁོར་ལོ་ལྔའི་གདན་བསྐྱེད་པའི་སྟེང་དུ། མངོན་བྱང་ལྔ་ལས་ལྷ་དྲུག་ཅུ་རྩ་གཉིས་དང༌། ལས་ཐམས་ཅད་པའི་བུམ་པར་པདྨ་འདབ་མ་བརྒྱད་པའི་སྟེང་དུ། མངོན་བྱང་ལས་བདེ་བ་ཆེན་པོའི་ལྷ་ལྔ་བསྐྱེད། ཡན་ལག་བཞི་རྫོགས་སུ་བསྒྲུབས་པ་ལ། མཆོད་ཅིང་བསྟོད་ནས་རང་གི་སྙིང་གི་ཧཱུྃ་ལས་སྔགས་ཀྱི་ཕྲེང་བ་འཕྲོས་པས། ལྷ་སོ་སོའི་ཐུགས་རྒྱུད་བསྐུལ་ནས། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ཞིང༌། རྣམ་རྒྱལ་གྱི་བུམ་པར་ཡབ་ཡུམ་གྱི་ཉེ་སྙིང་དང༌། སྒོ་མཚམས་མ་བརྒྱད་ཀྱི་སྔགས་དང༌། ལས་ཐམས་ཅད་པ་ལ་སུམྦྷ་ནི་དང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་ཅི་ནུས་པ་བཟླས་ལ་སླར་མཆོད་ཅིང་བསྟོད་ནས། དུང་ཆོས་ཀྱི་ཆུ་བླུགས་པས་ལྷ་རྣམས་ཞུ་བ་ལས་བྱུང་བའི་ཆུར་བལྟའོ། །བུམ་པ་སྟ་གོན་ནོ། །དེ་ནས་ཡུལ་གྱི་བྱ་བ་རྣམས་གཙོ་བོ་དང༌། བླ་མ་ཐ་མི་དད་ཀྱིས་མཛད་པར་བསམ་ཞིང༌། རང་དང་འབྲེལ་པ་རྣམས་བདག་ཉིད་ཀྱིས་བྱས་པར་བསམས་ནས། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པས་འདི་ལས་གཞན། །བདག་གཞན་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ནས། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་པས་མྱ་ངན་ལས་འདས་པའི་བསམ་པ་བསྐྱེད་ནས་རང་ཉིད་བླ་མའི་ཞལ་དུ་ཞུགས་པའི་ཐུགས་ཀར་ཡེ་ཤེས་ཀྱི་མེས་འོད་དུ་ཞུ་བའི་བྱང་ཆུབ་སེམས་ཀྱི་ཐིག་ལེར་གྱུར་པ་ཡུམ་གྱི་མཁར་བབས་པ་ལས་བྱུང་བའི་ཧེ་རུ་ཀ་ཡབ་ཡུམ་ཡན་ལག་བཞི་རྫོགས་སུ་ཚང་བར་བྱས་ནས། སྦྱོར་མཚམས་སམ་ཡུམ་གྱི་དཀུ་གཡོན་པ་ནས་བཏོན་པ་བདག་ཉིད་ཀྱིས་གནས་སུ་འཁོད་པར་བསམས་ནས། མཎྜལ་ཕུལ་ལ་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། བླ་མས་བུ་ཚུར་ཐེག་པ་ཆེན་པོ་ཡི། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་པའི་ཆོ་ག་ནི། །ཁྱོད་ལ་ཡང་དག་བཤད་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་ཀུན་གྱིས་གསང་སྔགས་ཀྱིས། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྤྱོད་པ་མཉམ་མེད་དེ། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་གསུངས་པས་སྤྲོ་བ་བསྐྱེད་ནས། བླ་མ་དང་དཀྱིལ་འཁོར་གྱི་འཁོར་ལོ་གཉིས་སུ་མེད་པ་ཡུལ་དུ་དམིགས་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་དག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་དཔག་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་ནི་དུས་འདི་ནས་བཟུང་སྟེ། །ཇི་སྲིད་གཉིས་མེད་ལ་གནས་པར། །དེ་ཡི་ཚངས་སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་བསྲུང༌། །ཞེས་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་དང་དམ་ཚིག་བླང༌། རང་སྐད་ཅིག་གིས་དཔལ་ཧེ་རུ་ཀར་དམིགས་པའི་དཔྲལ་བ། མགྲིན་པ། སྙིང་གར་ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་ཕྱག་རྒྱ་གསུམ་ཡི་གེ་གསུམ་གྱིས་མཚན་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་མོས་ནས། བླ་མའི་སྲིན་ལག་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་དམིགས་པའི་ཐིག་ལེ་བཀོད་པས་བསྲུང་ཞིང་བྱིན་གྱིས་བརླབ་བོ། །དེ་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བསམས་ལ་དངོས་སུའང་མཆོད་པ་ལྔས་མཆོད་དོ། །དེ་ནས་གསེར་ལས་བྱས་པར་མོས་པའི་སོ་ཤིང་གི་རྩེ་མོས་སོ་བྲུད་ཅིང༌། བླད་ལ་སྡིག་པ་ཐམས་ཅད་སྐྱུགས་པར་བསམས་ནས། ཚོམ་བུ་གཅིག་པའི་མཎྜལ་གྱི་དབུས་སུ་དོར་བའི་རྩེ་མོ་བསྟན་པའི་ཕྱོགས་ཀྱིས་དངོས་གྲུབ་རྣམས་ཤེས་པར་བྱས་ནས། ཡི་གེ་བདུན་པས་བསྔགས་པའི་སྐྱོར་ཆུ་འཐུངས་པས་ནང་གི་དྲི་མ་སྦྱངས་ལ། ལུས་ཀྱི་ཚད་དང་མཉམ་པའི་སྲད་བུ་དམར་པོ་སུམ་སྒྲིལ་ལ་རྡོ་རྗེའི་མདུད་པ་གསུམ་བྱས་ནས་གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་སྲད་བུ་བསྟིམ་པས་དཔུང་པ་གཡོན་པར་བཅིང་ཞིང་ཡི་གེ་བདུན་པ་བརྗོད་པས་བསྲུང་བའོ། །དེ་ནས། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུཾ་ཝཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བས། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་པས་སྤྲོ་བ་བརྟན་པར་བྱས་ནས། དྷཱིཿདང་ཧ་ལས་བྱུང་བའི་ཀུ་ཤ་སྔས་དང་སྟན་གྱི་ཕྱིར་བླངས་ལ། ཚོགས་ཀྱི་འཁོར་ལོས་ཕྱི་ནང་གི་ལྷ་རྣམས་མཆོད་དོ། །ལྷག་མའི་ཆོ་ག་བྱས་ལ། འདས་པའི་གཏོར་མ་མ་གཏོགས་པ་རྣམས་བཏང་ནས་ཚོམ་བུའི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་པས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རང་གི་ལུས་ཀྱི་དཀྱིལ་འཁོར་ལ་བསྟིམ་ནས། ཚོམ་བུའི་དཀྱིལ་འཁོར་བསྡུས་ལ་ཉལ་བའི་རྣལ་འབྱོར་གྱིས་གནས་པར་བྱའོ། །སྟ་གོན་ནོ། །ནང་པར་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་ཚུལ། རྗེ་བཙུན་རིན་པོ་ཆེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་ལྟར་ཤེས་པར་བྱས་ལ། འདིར་རས་བྲིས་ལ་བརྟེན་པའི་ཚུལ་ནི། ཕྱི་མ་རེད་གྱི་ཚེ། ཚོམ་བུའི་གཞི་དེ་ཉིད་ལ་བ་བྱུང་ལྔ་དྲི་བཟངས་བདུད་རྩི་དང་བཅས་པས་ལེགས་པར་བྱུགས་པའི་སྟེང་དུ་གཞི་བཟང་པོ་བཏིང་བ་ལ། དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་ཤར་ཕྱོགས་སུ་ཞལ་བསྟན་ནས་བཀྲམ་ལ། ཁོར་ཡུག་ཀུན་ཏུ་མཆོད་པ་དང༌། གཏོར་མ་ལ་སོགས་པ་ཕུན་སུམ་ཚོགས་པ་བཤམ་མོ། །དེ་ནས་སྔོན་དུ་འགྲོ་བའི་གཏོར་མ་ནས་མཆོད་པ་བྱིན་གྱིས་བརླབ་པའི་བར་སྟ་གོན་བཞིན་བྱས་ལ། ཨོཾ་སརྦ་བི་གྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་ལ་སོགས་པས་དེར་འདུས་པའི་བགེགས་རྣམས་ལ་གཏོར་མ་ལན་གསུམ་བྱིན་ནས། བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་སོང་ཤིག ཅེས་བརྗོད་པ་ཞི་བ་དང༌། སུམྦྷའི་སྔགས་བརྗོད་ཅིང་ཏིང་ལོ་དང་ཆང་བུ་བྱིན་ནས་བསྐྲད་པ་ཞི་དྲག་ཕྱེད་མ་དང༌། གུ་གུལ་གྱིས་བདུག་ཅིང་ཡུངས་ཀར་གྱིས་བྲབས་ལ། སུམྦྷ་ལ་སོགས་པ་དྲག་པོའི་སྔགས་བརྗོད་ནས། གང་དག་མི་འགྲོ་བ་དེ་དག་གི་མགོ་བོ་ཚལ་པ་བརྒྱར་འགགས་པར་བྱའོ། །ཞེས་བརྗོད་པ་དྲག་པོ་འབའ་ཞིག་གིས་བགེགས་སྦྱངས་ནས། རང་གི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཀཾ་གི་རྣམ་པས་སྣ་བུག་ནས་འཐོན་པ་གཡས་སུ་ཡེ་ཤེས་ཀྱི་མེ་དང༌། གཡོན་དུ་རྒྱ་མཚོར་དོར་བར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦྦ་པཱ་པཾ་ད་ཧ་ན་བྷསྨིངྐུ་རུ་སྭཱ་ཧཱ། ཞེས་ཡང་ཡང་བརྗོད་པས་སྡིག་པ་སྦྱངས་ཤིང༌། དཀྱིལ་འཁོར་གྱིས་ཚོན་དང་འབགས་བཙོག་ལ་སོགས་པ་སྦྱང་བའི་ཕྱིར་མེ་ལོང་གི་ནང་དུ་གཟུགས་བརྙན་ཤར་བ་ལ། ལས་ཐམས་ཅད་པའི་བུམ་པའི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་ལ་སོགས་པའི་ཚིགས་བཅད་དང༌། སྔགས་ཀྱི་མཐར་ཆུའི་རྡུལ་བསལ་བར་བསམ་ཞིང༌། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦ་ར་མཎྜ་ལ་ཙཀྲ་སརྦ་བཱི་ར་ཡོ་གི་ནཱི་ཀཱ་ཡ་བི་ཤོ་དྷ་ནོ་སྭཱ་ཧཱ། ཞེས་བརྗོད་དོ། །དར་ལ་སོགས་པས་ཕྱིས་པས་དྲི་མ་སྦྱངས། དེ་ནས་སྭ་བྷཱ་ཝས་སྟོང་པར་སྦྱངས་པའི་ངང་ལས་པྃ་ལས་པདྨ་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ལས་སྲུང་བའི་འཁོར་ལོ་རྫོགས་པར་བསྐྱེད་པའི་ནང་དུ་ལྃ་ལས་ས། བྃ་ལས་ཆུ། རྃ་ལས་མེ། ཡྃ་ལས་རླུང༌། སུྃ་ལས་རི་རབ། ཐིག་ལེ་སེར་པོས་མཚན་པ་རྣམས་འདྲེས་པ་ལས་བྱུང་བའི་གཞལ་ཡས་ཁང་འཁོར་ལོ་རིམ་པ་བཞིན་གདན་རྣམས་དང་བུམ་པ་བརྒྱད་དང་བཅས་ཞིང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་བསྐྱེད་ལ། གཡོན་པའི་སྲིན་ལག་གིས་རེག་ནས་པཱུ་ཛ་ལ་སོགས་པ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་ལྷའི་གནས་རྣམས་སུ་མངོན་བྱང་སུམ་ཅུ་རྩ་བདུན་ལས་ལྷ་རྣམས་དང༌། ཨོཾ་ཨཱཿཧཱུྃ་ལས་བདུད་རྩིས་གང་བའི་ཐོད་པ་བཞི་བསྐྱེད་ལ། གོ་ཆ་གཉིས་བཅིངས་ནས་སྟ་གོན་གྱི་དཀྱིལ་འཁོར་རང་ལ་བསྟིམ་པ། མདུན་དུ་ཕྱུང་བ་ལ་མཆོད་ནས། ཛཿཧཱུྃ་བྃ་ཧོཿས་མདུན་བསྐྱེད་ལ་བསྟིམ་མོ། །སླར་ཡང་ཡེ་ཤེས་པ་བསྟིམ་ཞིང་དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ་བོ། །དེ་ནས་བྱིན་གྱིས་བརླབ་པའི་ཕྱིར་དབྱུ་གུའི་རྩེར་རྡོ་རྗེ་བཏགས་པས་ལྷ་རྣམས་ལ་རེག་ཅིང་ཐོག་མར་གཙོ་བོ་ཡབ་ཡུམ་ལ་སྙིང་པོ་གཉིས་དང་ལྷ་གཞན་རྣམས་ལ་རང་སྔགས་དང་ཐོད་པ་བཞི་དང་དུར་ཁྲོད་རྣམས་ལ་ཨོཾ་ཨཱཿཧཱུྃ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་གཉིས་པ་ལ་ཡུམ་གྱི་ཉེ་སྙིང་དང༌། གསུམ་པ་ལ་སྒོ་མ་བཞིའི་ཕྲེང་སྔགས་དང༌། བཞི་པ་ལ་ཨཱ་ལི་དང༌། ལྔ་པ་ལ་ཀཱ་ལི་དང༌། དྲུག་པ་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་བྱིན་གྱིན་བརླབ་བོ། །དཀྱིལ་འཁོར་བསྒྲུབ་པའོ། །དེ་ནས་སྔགས་ཀྱི་མཆོད་པ་ནས་བརྩམས་ཏེ་མཆོད་པ་རྒྱས་པ་དང༌། བསྟོད་པ་དང༌། གཏོར་མའི་བར་བྱ་བ་ནི་མཆོད་པའོ། །དེ་ནས་རང་ཉིད་ཁྲུས་དང་གཙང་སྦྲ་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་འདུག་ལ་བླ་མ་དང་གཙོ་བོ་ཐ་མི་དད་པའི་མདུན་དུ་དབང་བླངས་ཏེ། བླ་མས་མཛད་རྒྱུ་རྣམས་དེས་མཛད་ལ། ལས་ཀྱི་བྱ་བ་རྣམས་དེའི་ཐུགས་ཀ་ནས་སྤྲུལ་པའི་ཧེ་རུ་ཀ་ཕྱག་གཉིས་པས་མཛད་ཅིང་སློབ་མའི་བྱ་བ་རྣམས་རང་གིས་དངོས་སུ་བྱའོ། །དེའང་མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་ལ། བླ་མས། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང༌། །དེ་བཞིན་དེ་ཉིད་ངེས་པར་འབྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག །ཅེས་ལན་གསུམ་གྱིས་བདེན་པའི་སྟོབས་བརྗོད་ནས་ཨ་ཁྃ་ཝི་ར་ཧཱུྃ་གིས་གདོང་གཡོགས་བཅིང་ཞིང་མེ་ཏོག་གི་ཕྲེང་བ་གཏད་ལས་ཐམས་ཅད་པའི་ཆུ་དང་སུམྦྷས་བསངས། བདུད་རྩི་ལྕེ་ལ་བཞག་ཅིང༌། ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབ། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་པའི་ལན་དུ། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་པ་དང༌། དེ་ཡིས་བུ་ལ་ཅི་ཞིག་བྱ། །ཞེས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་བཏབ་ནས། རང་གི་སྙིང་གི་ནང་དུ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསམས་ནས། དངོས་སུ་རྡོ་རྗེས་གཏུག་ཅིང༌། ཨོཾ་སརྦ་ཡོ་ག་ཙི་ཏྟ་ཨུཏྤ་ད་ཡཱ་མི། སུ་ར་ཏི་ས་མ་ཡ་སྟྭཾ་ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སྤྱི་བོར་རྡོ་རྗེ་གཏུགས་ལ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་སྟེ། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་པས་གསང་བར་གདམས་ནས། སྒོ་མས་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་དྲུང་དུ་ཁྲིད་པར་བསམ་ཞིང༌། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་དོ། །ཕྱིའི་འཇུག་པའོ།།  །།དེ་ནས་རང་ཉིད་སྐད་ཅིག་གིས་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པར་མོས་ནས་གོ་ཆ་གཉིས་བཅིངས་ལ་གཙོ་བོ་དང་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་སྦྲེལ་ནས་རྒྱུད་བསྐུལ་བར་བསམ་ཞིང༌། ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧི། བི་དྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བརྗོད་པས་བསྐུལ་ལོ། །དེ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །ཞེས་པས་བླ་མ་དང༌། དཔའ་བོ་རྣལ་འབྱོར་མ་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་སྐྱབས་མཆི། །ཞེས་པས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐྱབས་སུ་སོང་ནས། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་བརྒྱ་སྐྱེད་རྩ་ཉོན་མོངས་གཅོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་ཉིད་བདག་ལ་གྲུབ་པར་མཛོད། །ཅེས་པས་གསོལ་བ་གདབ་པ་རྣམས་ལན་གསུམ་དུ་བྱའོ། །དེ་ནས་བླ་མས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པར་བསམ་མོ། །དེ་ནས་རང་གི་བགེགས་དང་སྡིག་པ་དང༌། དྲི་མ་སྦྱངས་ནས། སྭ་བྷཱ་ཝས་མི་དམིགས་པའི་ངང་ལས། མངོན་པར་བྱང་ཆུབ་པ་ལྔའམ། རང་སྐད་ཅིག་གིས་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་བཅུ་གཉིས་པ་ཡུམ་དང་གཉིས་སུ་མེད་པར་གྱུར་པ་ལ། གོ་ཆ་བཅིངས་ནས་ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཨཱ་ལི་དང་ཀཱ་ལིའི་རྣམ་པས་བདག་ལ་ཐིམ་ཞིང་བླ་མས་ཨཱ་ལི་ཀཱ་ལི་བརྗོད་པས་བྱིན་གྱིས་བརླབ་པར་བསྒོམ་པ་ནི་ནང་དུ་འཇུག་པའི་དངོས་གཞིའོ།།  །།དེ་ནས་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་དཔྲལ་བ། མགྲིན་པ། སྙིང་གར་ཐལ་མོ་སྦྱར་ཞིང༌། ན་མསྟི་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ། ཞེས་པ་རྐང་པ་རེ་བརྗོད་པ་དང༌། ཕྱག་རེ་འཚལ་ཞིང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བར་བསམ་མོ། །དེ་ནས་འཇུག་པའི་དོན་དུ་རྣལ་འབྱོར་པས་ཤར་སྒོ་ནས་རང་མཁའ་འགྲོ་མར་དམིགས་ཏེ། སྤྱི་བོར་ཐལ་མོ་སྦྱར་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨུ་པསྠ་ནཱ་ཡ་ཨཱདྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱདྨ་ཌཱ་ཀི་ནཱི་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་པ་དང༌། བྱང་ནས་ལཱ་མཱར་དམིགས་ཏེ་དཔྲལ་བར་ཐལ་མོ་སྦྱར་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཨ་བྷི་ཥེ་ཀཱ་ཡ་ཨཱདྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱདྨ་ལཱ་མཱ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་པ་དང༌། ནུབ་ནས་ཁཎྜ་རོ་ཧཱར་དམིགས་ཏེ། མགྲིན་པར་ཐལ་མོ་སྦྱར་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་པྲ་ཝརྟ་ནཱ་ཡ་ཨཱདྨ་ནཾ་ནིརྻཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱདྨ་ཁཎྜ་རོ་ཧཱ་དྷརྨཱ་ཙཀྲ་ཝརྟྟ་ན་ཡ་མཱཾ། ཞེས་པ་དང༌། ལྷོ་ནས་གཟུགས་ཅན་མར་དམིགས་ཏེ། སྤྱི་གཙུག་ཏུ་ཐལ་མོ་སྦྱར་ལ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་ཀརྨཱ་ཎི་ཨཱདྨ་ནཾ་ནིརྻཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནཱི་ཨཱདྨ་རཱུ་པི་ནཱི་ཀརྨ་ཀུ་རུ་མཱཾ། ཞེས་བརྗོད་ཅིང་ཕྱག་རེ་རེ་བྱའོ། །དེ་ནས་རང་ཉིད་ཤར་སྒོར་འདུག་པ་ལ་བླ་མས། གོང་ནས་གོང་མའི་སྡོམ་པ་ནི། །བུ་ཁྱོད་ཀྱིས་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །ཞེས་དམ་ཚིག་སྤྱིར་བསྒྲགས་པ་དང༌། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། །འདི་ནི་སངས་རྒྱས་རིགས་ཡིད་འོང༌། །སྡོམ་པ་བརྟན་པར་གྱུར་པའོ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བསྒྲགས་སོ། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་བཤད། །རིན་ཆེན་རིགས་ལ་རྟག་ཏུ་ནི། །ཉིན་རེ་ཞིང་ཡང་ལན་དྲུག་ཏུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང༌། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་ཡིད་དུ་འོང་བའོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་ཀྱིས། །ཞེས་པས་དམ་ཚིག་སོ་སོར་བསྒྲགས་ནས། སྲས་བཅས་སངས་རྒྱས་ཐམས་ཅད་ལ། །ལ་སོགས་པ་བདག་ཉིད་ཀྱིས་ལན་གསུམ་བརྗོད་པས་རིགས་ལྔའི་སྡོམ་པ་སྤྱི་དང་སྔར་བཤད་པའི་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་གཉིས་ཀྱང་བླང་ངོ༌། །དེ་ལྟར་ཐོབ་པའི་དམ་ཚིག་མི་ཉམས་པར་བསྲུང་དུ་གཞུག་པའི་ཕྱིར། བླ་མས་ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། བུ་ཁྱོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་བསྲུངས་པའི་ཕན་ཡོན་དང༌། ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་མ་བསྲུངས་པའི་ཉེས་དམིགས་དང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་པཉྩ་ཨ་མྲི་ཏ་ཨུད་ཀ་ཋཿཋཿཋཿཧཱུྃ། ཞེས་བརྗོད་ནས་བདུད་རྩི་བླུད་པ་ཕན་ཡོན་དང༌། ཉེས་དམིགས་གཉིས་ཀ་དང༌། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི་དཔལ་ཧེ་རུ་ཀ་ང་ཡིན་གྱིས། གང་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག བྱས་ན་ཁྱོད་མི་བདཻ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་རྡོ་རྗེ་སློབ་དཔོན་གྱི་བཀའ་ཉན་པའི་སྒོ་ནས་དམ་ལ་གཞག་ཅིང་བདག་གིས་བཀའ་བཞིན་བསྒྲུབ་པར་ཁས་བླངས་པར་བསམ་མོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ཤིག དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་ལན་གསུམ་གྱིས་ཡེ་ཤེས་དབབ་པར་གསོལ་བ་གདབ་བོ། །དེ་ནས་དངོས་པོ་དང་མཚན་མ་ལ་མ་ཞེན་པའི་ངང་ལས་རང་ཉིད་ཡྃ་ལས་རླུང་གི་དཀྱིལ་འཁོར་ཧས་མཚན་པའི་སྟེང་ན་གནས་པའི་ཧེ་རུ་ཀ་ཕྱག་གཉིས་པ། ཞབས་གཉིས་བགྲད་ནས་བཞེངས་པའི་རྐང་མཐིལ་གཉིས་སུ་ཛྷཻཾ་དམར་པོ་མེའི་རང་བཞིན། སུམ་མདོར་རྃ་ལས་མེ་གྲུ་གསུམ། སྙིང་གར་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཧཱུྃ་གིས་མཚན་པ། མགྲིན་པར་བྃ་ལས་ཆུ་དཀར་པོ་ཟླུམ་པོ་ཨས་མཚན་པ། སྤྱི་བོར་ཡྃ་ལས་རླུང་ཟླ་གམ་ཧས་མཚན་པ་དམིགས་ནས་འོག་གི་རླུང་གཡོས་པས་ཛྷཻེཾ་འབར་བའི་མེ་སུམ་མདོའི་མེ་དང་འདྲེས་པའི་མེ་ལྕེས་ལུས་ཐམས་ཅད་གང་བས་སྡིག་པ་དང་སྒྲིབ་པ་ཐམས་ཅད་བསྲེག ས་དམར་པོར་ཚིག ཆུ་བསྐོལ་བས་འོག་དང་སྟེང་གི་རླུང་གིས་བཏེག་ཅིང་མནན། མེའི་འོད་ཕྱོགས་བཅུར་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆར་བཞིན་དུ་བབས་པས་ལུས་ཐམས་ཅད་གང་བར་བསམ་ཞིང༌། དངོས་སུ་གུ་གུལ་ལ་སོགས་པས་བདུག བླ་མ་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཡབ་ཡུམ་གྱི་སྙིང་པོ་དང༌། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་ཝེ་ཤ་ཡ་ཧཱུྃ། ཨོཾ་ཤྲཱི་ཧེ་རུ་ཀ་བིད་མ་ཧེ་བིདྱཱ་རཱ་ཛཱ་ཡ་དྷི་མ་ཧེ་སྭཱ་ཧཱ། ཞེས་བསྒྲགས་པར་བསམ་ཞིང་ཡིད་གཟུང་ངོ༌། །དེ་ནས་སྤྱི་བོར་རྡོ་རྗེ་བཞག་ནས་ཏིཥྛ་བཛྲས་བརྟན་པར་མཛད་པར་བསམ། ཡེ་ཤེས་དབབ་པའོ། །དེ་ནས་བླ་མས། ལྷ་ཡི་རིགས་ཀྱི་རིམ་པ་དང༌། །བསོད་ནམས་རིམ་པའང་དེ་བཞིན་ཤོག །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ལ་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་ལན་གསུམ་གྱིས་ལྷ་ལ་གསོལ་བ་བཏབ་ནས། རང་གིས་མེ་ཏོག་བཟུང་ནས་དཀྱིལ་འཁོར་ལ་བལྟས་པའི་ཁ་དོག་སྣ་ཚོགས་པས་ལས་གང་འགྲུབ་རྟགས་ལ། ཨོཾ་པ་ཏཱིཙྪ་བཛྲ་ཧོཿས་སྔར་ཕོག་པའི་ལྷ་ལ་མེ་ཏོག་དབུལ་ལོ། །དེ་ནས་པྲ་ཏི་གྲྀཧྞ་སྭ་མི་མཾ་སཏྭ་མ་ཧཱ་བ་ལ་ཨོཾ། ཞེས་གསུང་ཞིང་མེ་ཏོག་མགོར་བཞག་ནས་རང་གི་མིག་འབྲས་གཉིས་སུ་ཨོཾ་བསྐྱེད་ལ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་གྱུར་པ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་བཛྲ་ནི་ཏྲ་ཨཱ་པ་ཧ་ར་པ་ཊ་ལཾ་ཧྲིཿཞེས་པས་གདོང་གཡོགས་ཕྱེ་ནས། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་སྐྱེད། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །སྔགས་དང་ཕྱག་རྒྱའི་བྱིན་གྱིས་བརླབས། །འགྲོ་བ་ཕུན་སུམ་ཚོགས་ཀུན་དང༌། །དངོས་གྲུབ་ཁྱོད་ཀུན་མངོན་དུ་འགྱུར། །དམ་ཚིག་ཐམས་ཅད་བསྐྱང་བ་དང༌། །སྔགས་རྣམས་ལ་ཡང་བརྩོན་པར་གྱིས། །ཞེས་པས་དཀྱིལ་འཁོར་སྤྱི་དང༌། སྣ་ཚོགས་པདྨའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མེད་པང་ན་གནས། །བརྟན་གཡོ་ཀུན་གྱི་བདག་ཉིན་ཅན། །སྤྱོད་དང་གྲོལ་བར་རབ་བརྩོན་པ། །ཀུན་མཁྱེན་ཀུན་མཛད་གཙོ་བོ་སྟེ། །དཔའ་བོ་ཆེ་ལ་བུ་ཁྱོད་ལྟོས། །ཞེས་པས་གཙོ་བོ་ལྷག་པར་བསྟན་ནས། རང་གིས་ཀྱང་བལྟ་ཞིང་དཀྱིལ་འཁོར་གྱི་འཁོར་ལོ་དངོས་སུ་མཐོང་སྙམ་དུ་ངེས་ཤེས་སྐྱེས་པ་ནི་ནང་དུ་འཇུག་པ་སྟེ། དཀྱིལ་འཁོར་དུ་འཇུག་པའོ།།  །།དེ་ནས་དབང་བླང་བའི་ཕྱིར་མཎྜལ་ཕུལ་ནས། ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་ཕྱིར་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་གཙོ། །དེ་བཞིན་བདག་ལའང་དེང་སྩོལ་ཞིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། བདག་ཉིད་དཀྱིལ་འཁོར་གྱི་ཤར་དུ་རིན་པོ་ཆེའི་ཁྲི་པདྨ་དང་ཉི་མའི་གདན་ལ་བཞུགས་པའི་དཔལ་ཧེ་རུ་ཀར་དམིགས་པའི་སྟེང་དུ་གདུགས་དཀར་པོ་དང་ཕྱོགས་ཐམས་ཅད་ནས་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བསམ་ཞིང་གཙོ་བོའི་ཐུགས་ཀ་ནས་སྤྲོས་པའི་སྒོ་མཚམས་མ་བརྒྱད་ཀྱིས་བགེགས་ཐམས་ཅད་བསྐྲད། མཆོད་པ་རྣམས་ཀྱིས་མཆོད། བཀྲ་ཤིས་བརྗོད་ཅིང་ཁྲུས་གསོལ་ཏེ། མེ་ཏོག་གི་ཆར་ཆེན་པོ་ཕབ་པས་ཤིས་པ་མཛད་པར་བསམ་མོ། །དེ་ནས་གཙོ་བོ་ཡབ་ཡུམ་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས་པས་རང་གི་སྙིང་གར་ཞུགས་ནས་སྙིང་གའི་ཧཱུྃ་གི་མཐའ་མར་གཡོན་སྐོར་དུ་བཀོད་པས། སྔགས་ཀྱི་དབང་ཐམས་ཅད་ཐོབ་པར་བསམ་ཞིང༌། ཨོཾ་ཤྲི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་ར་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་བརྗོད་ནས་མེ་ཏོག་སླར་ཕུལ། གཙོ་བོས་ཕྲེང་བ་དེ་ཉིད་སྔགས་སུ་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་གསུང་ཞིང་མེ་ཏོག་སྤྱི་བོར་བཞག་པར་བསམ་པ་ནི་སྔགས་ཀྱི་དབང་ངོ༌། །དེ་ནས་རིག་པའི་དབང་ལྔ་བླང་བའི་ཕྱིར་བདག་དང་རྣམ་རྒྱལ་གྱི་བུམ་པ་སྭ་བྷཱ་ཝས་སྦྱངས་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་པས་མི་བསྐྱོད་པ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་མཱ་མ་ཀཱི་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ་མགྲིན་པར་ཨཱཿསྙིང་གར་ཧཱུྃ་བཀོད་ནས་ཛཿཧཱུྃ་བཾ་ཧོཿདབང་རྫས་ཀྱི་མི་བསྐྱོད་པ་ཡབ་ཡུམ་སྙོམས་པར་ཞུགས་ནས་ཞུ་བ་ལས་བྱུང་བའི་ཆུར་བལྟས་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ལ། ཁྱེད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས། གཙོ་བོའི་ཐུགས་ཀ་ནས་སྤྲུལ་པའི་དབང་གི་ལྷ་དྲུག་ཅུ་རྩ་གཉིས་ནམ་མཁར་བྱོན་ནས་གཙོ་བོས། ཇི་ལྟར་བལྟམས་པ་ལ་སོགས་པ་དང༌། ཨ་བྷི་ཥེ་ཀ་ཊའི་སྔགས་ཀྱི་མཐར་ཨོཾ་ཀཱ་ཀཱ་སྱེ། ཨུ་ལཱུ་ཀཱ་སྱེ། ཤྭ་ནཱ་སྱེ། སཱུ་ཀ་རཱ་སྱེ། ཡ་མ་ད་དྷཱི། ཡ་མ་དཱུ་ཏཱི། ཡ་མ་དཾ་ཥྚྲིའ་ཎཱི། ཡ་མ་མཱ་ཐ་ནཱི། ཨོཾ་བཛྲཱི་བྷཱ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་དབང་བསྐུར། སྙིང་པོའི་རྣལ་འབྱོར་མ་བཞིས་རྡོ་རྗེའི་གླུ་ལེན། དཔའ་བོ་དང་རྣལ་འབྱོར་རྣམས་ཀྱིས་བཀྲ་ཤིས་བརྗོད། སྒོ་མཚམས་མ་རྣམས་ཀྱིས་བགེགས་བསྐྲད་ཅིང་མཆོད་ནས་དབང་གི་ཆུ་རྒྱུན་དེས་རྐང་མཐིལ་ཡན་ཆད་གང༌། དྲི་མ་ཐམས་ཅད་དག མི་བསྐྱོད་པས་དབུར་བརྒྱན་པ་ནི་ཕྱིའི་དབང་ངོ༌། །སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། སངས་རྒྱས་ཐམས་ཅད་མི་བསྐྱོད་པའི་རྣམ་པས་སྤྱན་དྲངས་པ་སྙིང་གའི་སྒོ་ནས་ལུས་ལ་ཐིམ་པས། བདག་མི་བསྐྱོད་པའི་ངོ་བོར་གྱུར་པ་ནི་ནང་གི་དབང་ངོ༌། །དེ་ནས་དངོས་སུ་མཆོད་ནས་ཆུའི་དབང་ཐོབ། ཞེ་སྡང་རྣམ་པར་དག རྣམ་ཤེས་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མི་བསྐྱོད་པའི་དངོས་གྲུབ་ཐོབ་པར་བསམ་མོ། །འོད་ཀྱི་སྤྲོ་བསྡུ་ལས་བསྐྱེད་པ་དང༌། དབང་རྫས་ཀྱི་ཏིང་ངེ་འཛིན་དང༌། ཡུམ་རྣམས་ཀྱི་ཕྱག་མཚན་དང༌། གཉིས་ཀའི་རྒྱན་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ད་ང༌། གསོལ་བ་གདབ་པ་དང༌། དབང་གི་ལྷ་རྫོགས་པས་དབང་གི་ལས་མཛད་པ་རྣམས་ནི། དབང་འོག་མ་རྣམས་ལའང་སོ་སོར་སྦྱར་ཞིང་ཤེས་པར་བྱའོ། །ཨཱྃ་ལས་རིན་པོ་ཆེ་ཨཱྃ་གིས་མཚན་པ་ལས་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ་ཡུམ་རིན་ཆེན་སྒྲོལ་མ་དང་སྦྱོར་བར་དམིགས་ནས། དབང་གིས་ལྷས། རལ་པའི་ཐོར་གཙུག་གིས་བརྒྱན་པའི། །རིན་ཆེན་དབུ་རྒྱན་དམ་པ་དང༌། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །དར་དཔྱངས་དབང་བསྐུར་སྦྱིན་པར་བྱ། །ཞེས་པའི་མཐར་ཡུམ་གྱི་ཉེ་སྙིང་དང༌། །ཨོཾ་པྲ་ཏཱིཙྪ་མ་ཧཱ་མུ་ཀུ་ཊ་ཧོ། ཞེས་པས་དབུ་རྒྱན་དང༌། ཆུ་ལ་སོགས་པས་སྔར་བཞིན་དུ་དབང་བསྐུར། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན་ནས་དཔྲལ་བའི་ཨྃ་ལས་འོད་འཕྲོས་པས་སངས་རྒྱས་རྣམས་རིན་ཆེན་འབྱུང་ལྡན་གྱི་རྣམ་པར་སྤྱན་དྲངས་པ་དཔྲལ་བ་ནས་ལུས་ལ་ཐིམ་པས། རང་ཉིད་རིན་ཆེན་འབྱུང་ལྡན་གྱི་ངོ་བོར་གྱུར་པ་ལ་མཆོད་ནས། ཅོད་པན་གྱི་དབང་ཐོབ། ང་རྒྱལ་དང་སེར་སྣ་དག ཚོར་བ་གནས་གྱུར། མཉམ་པ་ཉིད་དང་རིན་ཆེན་འབྱུང་ལྡན་གྱི་དངོས་གྲུབ་ཐོབ་པར་བསམ་མོ།།  །།ཛྲཱིཾ་ལས་པདྨ་ཛྲཱིཾ་གིས་མཚན་པ་ལས་འོད་དཔག་མེད་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་ཡུམ་གོས་དཀར་མོ་དང་སྦྱོར་བར་དམིགས་ནས་དབང་གི་ལྷས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་དབང་བསྐུར་བས། །དེ་རིང་ཁྱོད་ནི་དབང་བསྐུར་ཏེ། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་ཟུང༌། །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ་བཱི་ར་ས་མཱ་ཡ་སྟྭཾ། ཞེས་པས་བྱིན་གྱིས་བརླབས་པའི་རྡོ་རྗེ་གནང་བ་བླངས་ཏེ། སྙིང་གར་བཟུང་བ་ལ་ཆུ་ལ་སོགས་པས་དབང་བསྐུར་བས་འོད་དཔག་ཏུ་མེད་པས་དབུར་བརྒྱན་ནས། མགྲིན་པའི་ཛྲཱིཾ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་པ་མགྲིན་པ་ནས་ལུས་ལ་ཐིམ་པས་རང་ཉིད་འོད་དཔག་མེད་ཀྱི་ངོ་བོར་གྱུར་པ་ལ་མཆོད་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་དག འདུ་ཤེས་གནས་གྱུར། སོ་སོར་རྟོག་པ་དང༌། འོད་དཔག་ཏུ་མེད་པའི་དངོས་གྲུབ་ཐོབ་པར་བསམ་མོ།།  །།ཁཾ་ལས་རལ་གྲི་ཁཾ་གིས་མཚན་པ་ལས་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པ་ཡུམ་དམ་ཚིག་སྒྲོལ་མ་དང་མཉམ་པར་སྦྱོར་བར་དམིགས་ནས་དབང་གི་ལྷས། འདི་ནི་རྣལ་འབྱོར་མ་ཀུན་གྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །བཛྲ་གྷཎྜེ་ཨཿཞེས་པས་བྱིན་གྱིས་བརླབས་པའི་དྲིལ་བུ་གནང་བ་ལག་པ་གཡོན་པས་དཀྲོལ་ལ། ཆུ་ལ་སོགས་པས་དབང་བསྐུར་བས་དོན་ཡོད་གྲུབ་པས་དབུར་བརྒྱན་ནས་མཚོག་མའི་ཁྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་དོན་ཡོད་གྲུབ་པའི་རྣམ་པར་སྤྱན་དྲངས་པ་མཚོག་མ་ནས་ལུས་ལ་ཐིམ་པས། རང་ཉིད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་པ་ལ་མཆོད་ནས། དྲིལ་བུའི་དབང་ཐོབ། ཕྲག་དོག་དག འདུ་བྱེད་གནས་གྱུར། བྱ་བ་གྲུབ་པ་དང༌། དོན་ཡོད་གྲུབ་པའི་དངོས་གྲུབ་ཐོབ་པར་བསམ་མོ།།  །།བྷྲཱུྃ་ལས་འཁོར་ལོ་བྷྲཱུྃ་གིས་མཚན་པ་ལས་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་ཡུམ་སངས་རྒྱས་སྤྱན་མ་དང་སྦྱོར་བར་དམིགས་ནས་དབང་གི་ལྷས། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ། ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཞེས་དབང་བསྐུར་ཏེ། འདི་ལ་དབང་རྫས་མེད་དོ། །ཡང་ཆུ་ལ་སོགས་པས་དབང་བསྐུར། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ནས་སྤྱི་བོའི་བྷྲཱུྃ་ལས་འོད་འཕྲོས་པས་སངས་རྒྱས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རྣམ་པས་སྤྱན་དྲངས་པ་སྤྱི་བོ་ནས་ལུས་ཐམས་ཅད་ལ་ཐིམ་པས། རང་ཉིད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་གྱུར་པ་ལ་མཆོད་ནས། མིང་གི་དབང་ཐོབ། གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་དང་རྣམ་པར་སྣང་མཛད་ཀྱི་དངོས་གྲུབ་ཐོབ་པར་བསམ་མོ། །རིག་པའི་དབང་ལྔའོ།།  །།དེ་ནས་པདྨ་དང་ཟླ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་རྡོ་རྗེ་སྙེམས་མ་དང་སྦྱོར་བར་དམིགས་ནས། དབང་གི་ལྷས། འདི་དེ་སངས་རྒྱས་ཐམས་ཅད་དེ། །ཧེ་རུ་ཀ་དཔལ་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང༌། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཨོཾ་སརྦྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མཱ་ཡ་ཏིཥྛ་བཛྲ་ཨེ་ཥ་སྟྭཾ་དྷ་ར་ཡཱ་མི་ཧཱུྃ་ཧི་ཧི་ཧི་ཧི་ཧོཿཞེས་པས་རྡོ་རྗེ་གནང་བ་སྙིང་གར་བཟུང་ལ། སྙིང་གི་ནང་དུ་ཡང་དེ་ལྟ་བུའི་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་རྡོ་རྗེའི་བརྟུལ་ཞུགས་སོ། །ཡང་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རང་ཉིད་འཁོར་ལོ་བདེ་མཆོག་ཕྱག་བཅུ་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་དང་གཉིས་སུ་མེད་པར་དམིགས་ནས་དབང་གི་ལྷས། ཁ་ཊྭཱཾ་ག་དང་ཌཱ་མ་རུ། །ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ག །རྣལ་འབྱོར་མ་ནི་ཌཱ་མ་རུ། །རྡོ་རྗེ་ཁ་ཊྭཱཾ་རྡོ་རྗེར་བཅས། །དྲིལ་བུ་སིལ་སིལ་སྒྲ་སྒྲོགས་ཤིང༌། །ཚངས་པའི་སྐུད་ཐོགས་རྣལ་འབྱོར་བདག །ཁ་ཊྭཱཾ་ག་དང་རྣལ་འབྱོར་སྣོད། །དཔའ་བོ་ཆེན་པོས་བླང་བར་གྱིས། །ཞེས་པས་གཡས་པས་ཌཱ་མ་རུ། གཡོས་པས་ཐོད་པ། གྲུ་མོར་ཁ་ཊྭཱཾ་ག་སེ་རལ་ཁར་ཚངས་པའི་སྐུད་པས་བཅིངས་ནས་སྙིང་གི་ནང་དུ་ཡང་དེ་ལྟ་བུའི་ཧེ་རུ་ཀ་བསྒོམ་པ་ནི་ཐུན་མོང་མ་ཡིན་པའི་བརྟུལ་ཞུགས་ཏེ་སློབ་མའི་དབང་ངོ༌། །དེ་ནས་མཎྜལ་ཕུལ་ལ། དཔའ་བོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་བདག་གྱུར་མཛོད། །ཅེས་ལན་གསུམ་གྱིས་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་བཏབ་ནས། དབང་སྟེགས་རིན་པོ་ཆེའི་ཁྲི་སེང་གེས་བཏེག་པ་པདྨ་དང་ཉི་མར་མོས་པའི་སྟེང་དུ་རང་གི་ཤེས་པ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་སེམས་ཅན་གྱི་དོན་བྱས་སླར་འདུས་གཅིག་ཏུ་འདྲེས་པ་ལས་རང་ཉིད་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། མཚན་དང་དཔེ་བྱད་འབར་བ། ཡུམ་རྡོ་རྗེ་སྙེམས་མ་སྐུ་མདོག་སྔོན་མོ་གྲི་གུག་དང་ཐོད་པ་འཛིན་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པར་གྱུར་པ་ལ། གོ་ཆ་གཉིས་བཅིངས་ཏེ། དབང་གི་ལྷ་ཐམས་ཅད་ཀྱིས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ལ་སོགས་པ་སྔགས་དང་བཅས་པས་ལག་པ་གཡས་པར་རྡོ་རྗེ་བྱིན་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག །ཅེས་དེ་ཁོ་ན་ཉིད་གསུངས་ཤིང་དྲན་པས་རང་གི་སེམས་ཐུགས་རྡོ་རྗེ་དང༌། འདི་ནི་རྣལ་འབྱོར་མ་ལ་སོགས་པས་དྲིལ་བུ་གཡོན་དུ་བྱིན་ནས། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །རང་བཞིན་དག་པའི་སེམས་དཔའ་ནི། །སྲིད་པའི་དམ་པ་བྱེད་པར་འགྱུར། །ཞེས་དེ་ཁོ་ན་ཉིད་གསུང་ཞིང་དྲན་པས་རང་གི་སེམས་གསུང་རྡོ་རྗེ་དང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེ་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །དམ་ཚིག་ཕྱག་རྒྱ་ཞེས་སུ་བཤད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་ཕྱག་རྒྱའི་དེ་ཁོ་ན་ཉིད་གསུང་ཞིང་དེའི་དོན་རང་གིས་དྲན་པར་བྱས་པས་ལུས་སྐུ་རྡོ་རྗེར་གྱུར་པ་ལ་སྔ་མ་བཞིན་བུམ་པའི་ཆུ་ལ་སོགས་པས་དབང་བསྐུར་བས་དྲི་མ་ཐམས་ཅད་དག སློབ་དཔོན་གྱི་བྱ་བ་མཐའ་དག་ལ་དབང་བར་བྱས་ནས་མི་བསྐྱོད་པས་དབུར་བརྒྱན་པ་ལ་དབང་གི་ལྷ་ཐམས་ཅད་ཀྱིས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་ཕུལ་བར་བསམ་པ་ནི། རྡོ་རྗེ་སློབ་དཔོན་གྱི་དབང་ངོ༌།།  །།དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས། དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་གྱུར་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་བཞེད་པ་ཡིན། །སེམས་ཅན་རྣམས་ནི་རྗེས་གཟུང་ཕྱིར། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་ནི། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །ཞེས་སློབ་དཔོན་གྱི་བྱ་བའི་རྗེས་གནང་དང༌། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་དཔའ་ཚོགས་དང༌། །ཤེས་རབ་ཐབས་བཅས་སྙེམས་ཅན་གྱིས། །གར་མཆོད་བདེ་བའི་དགའ་སྔོན་གྱིས། །ཨཱཿས་སྒེག་མོ་དང༌། སྒེག་དང་བཅས་པས་ཕྲེང་བ་འཕང༌། །སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེས་ནི་འབྲལ་བར་མི་འགྱུར་རོ། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ཨོཾ་གྱིས་ཕྲེང་བ་མ་དང༌། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེས་ནི་རྣལ་འབྱོར་མ་དེ་དང༌། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱིས་གླུ་མ་དང༌། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿས་གར་མ་དང༌། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨཱཿས་བདུག་པ་མ་དང༌། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པ། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྃ་གྱིས་མེ་ཏོག་མ་དང༌། ཆོས་ཀྱི་མེ་ནི་ལེགས་སྦར་བས། །པདྨ་གར་དབང་རང་ཉིད་དེ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མེ་སྦར་བར་གྱིས། །པྲས་མར་མེ་མ་དང༌། ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལབསྒོས། །གས་དྲི་ཆབ་མ་སྟེ། མཆོད་པའི་རྗེས་སུ་གནང་བ་དང༌། །ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲིཿཔྲཾ། ཞེས་པས་ཐུར་མ་དང༌། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང༌། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །དེས་ན་རྣལ་འབྱོར་མ་སྲས་སྐྱེ། །ཞེས་པས་མེ་ལོང་སྟེ་སེམས་ཅན་གྱི་དོན་བྱ་བའི་རྗེས་གནང་དང༌། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་དུ་ནི་ཐམས་ཅད་དུ། །བྱ་བ་སྤྱོད་ཚུལ་གསང་བ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་པས་འཁོར་ལོ་དང༌། ཁྱོད་ཀྱིས་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པར། །དྲི་མེད་ཀུན་ཏུ་གང་བར་གྱིས། །ཞེས་པས་དུང་སྟེ། ཆོས་བཤད་པའི་རྗེས་གནང་དང༌། ཞི་དང་རྒྱས་དང་དབང་དང་དགུག །སྡང་བར་བྱ་དང་གནོད་སོགས་དང༌། །གསད་དང་བསྐྲད་པ་ཐམས་ཅད་དེ། །ལས་དེ་རྣམས་ནི་གྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷམ་དེ་བཞིན་རི་ལུ་སྟེ། །རྣལ་འབྱོར་པ་ཡི་དངོས་གྲུབ་ནི། །དེ་ནི་ཅི་དགར་གྲུབ་པར་གྱིས། །ཞེས་པས་ཕྲིན་ལས་ཏེ། རྗེས་སུ་གནང་བ་རྣམས་སོ། །དེ་ནས་དམ་ཚིག་ལ་གཉིས་ལས། དམ་ཚིག་དང་སྡོམ་པ་སྦྱིན་པ་ནི། ནང་པར་སྔར་ལངས་སེམས་དག་ཉིད། །མ་ལུས་པར་ནི་བྱས་གྱུར་ཀྱང༌། །བསྲུང་དང་བཟའ་བ་ལ་སོགས་པའི། །སྡོམ་པའི་བདག་ཉིད་ཅན་བསྲུང་ངོ༌། །ལུས་དང་སྲོག་ལ་ལྟོས་མེད་པར། །དམ་ཚིག་དང་ནི་སྡོམ་པ་བསྲུང༌། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་རེ་ཞིང་ནི་བཟླས་པར་བྱ། །གང་ཚེ་ཉམས་ན་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཟླ་བ་རེ་རེ་བསྲུང་བ་ནི། །གཉིས་མེད་གཉིས་མེད་ལ་གནས་པ། །ཚེས་བཅུ་ལ་ནི་དེ་རབ་མཆོད། །ཆང་དང་ཤ་སོགས་གང་ཅིའང་རུང༌། །དཔའ་བོ་རྣལ་འབྱོར་མ་ཡི་ཚོགས། །ཐམས་ཅད་གཉིས་མེད་པང་ན་གནས། །ཧེ་རུ་ཀ་དཔལ་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་ཡོངས་མི་སྤང༌། །མྱ་ངན་འདས་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །ཁྱོད་ཀྱིས་བརྙས་པར་མི་བྱ་སྟེ། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང༌། །མཚན་མ་བགོམ་པར་མི་བྱའོ། །དམ་ཚིག་རབ་བསྲུངས་བསོད་ནམས་ཀྱིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང༌། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང༌། །ལན་གསུམ་བར་དུ་གསོལ་བ་གདབ། །བདག་ནི་མ་ཁྱོད་བུ་ཡིན་ཏེ། །ཇི་སྲིད་བྱང་ཆུབ་བྱུང་བར་དུ། །བྱང་ཆུབ་ཡན་ལག་ནུ་མ་ལས། །བྱུང་བའི་རང་གི་འོ་མས་སྐྱོངས། །གཉིས་མེད་ཡེ་ཤེས་སྤྱོད་ལྡན་པའི། །བསླབ་པ་བླང་བ་སྔོན་འགྲོ་བས། །སྒྲ་སོགས་སྟོང་པ་སྔོན་འགྲོ་བའི། །ཚངས་པར་སྤྱོད་པ་ཤིན་ཏུ་བསྲུང༌། །དམ་ཚིག་དེ་ལ་རྟག་གནས་ཏེ། །དེ་སྔོན་འགྲོ་བ་སྦས་པའི་ཡིད། །སྤྱོད་དང་གྲོལ་བའི་གནད་འདོད་པའི། །ཡིད་ལ་འདོད་པ་ཀུན་གྲུབ་འགྱུར། །ཞེས་བླ་མས་དམ་ཚིག་དང་སྡོམ་པ་གནང་བ་ལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་རང་གིས་སྒྲུབ་པར་ཁས་བླངས་ནས། གཉིས་པ་བསྲུང་བའི་དམ་ཚིག་བཀས་གནང་བ་ལ་གཉིས་ལས། སྤྱོད་པ་དང༌། ཐུན་མོང་གི་རྗེས་སུ་གནང་བ་ནི། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་རྟག་མནོས་ལ། །འདོད་པ་ལྔ་ལ་སྤྱོད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡས། །གཉིས་མེད་པ་དང་ཐོགས་མེད་པ། །དམ་ཚིག་སྤྱད་པ་སྤྱོད་པ་ཡིན། །སྣ་ཚོགས་དབང་ཕྱུག་ལེགས་སྤྱད་ཅིང༌། །ཚངས་སྤྱོད་བསམ་གཏན་དེ་བཞིན་ནོ། །ཁྲོ་བ་མེད་པའི་རྒྱུན་བཅད་པའི། །སྒྲུབ་པ་པོས་ནི་ཡོངས་སུ་བསྲུང༌། །རྟག་ཏུ་སྒྲུབ་ལ་གནས་ནས་ནི། །ཡུལ་ཀུན་ལ་ནི་རྣལ་འབྱོར་མའི། །གཉིས་མེད་བསྒྲུབ་པའི་རྣལ་འབྱོར་མའོ། །མི་བརྟན་སྲོག་ནི་ཇི་སྲིད་པར། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཅི་དགའ་བར་ནི་ལོངས་སྤྱོད་ཅིག །ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ། །བསམས་ནས་ཐམས་ཅད་རབ་ཏུ་བརྟག །བདག་ཉིད་སངས་རྒྱས་ཐམས་ཅད་དང༌། །རྣལ་འབྱོར་མ་ནི་ཀུན་གྱི་དངོས། །དེ་བས་འབད་པ་ཐམས་ཅད་ཀྱིས། །ཧེ་རུ་ཀ་དཔལ་བདག་མཆོད་དོ། །ཞེས་པ་དང་བསྲུང་བའི་དམ་ཚིག་དངོས་ནི། འདོད་ཆགས་བྲལ་བ་ལྟ་བུ་ཡི། །ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མ་ཡིན་ནོ། །ཞེས་པ་རྣམས་དམ་ཚིག་དང་སྡོམ་པ་སྦྱིན་པའོ། །དེ་ནས་བླ་མས་མི་འཇིགས་པའི་ཕྱག་རྒྱས་གཏུགས་ནས། ཧེ་རུ་ཀ་དཔལ་ལུང་སྟོན་བཞིན། །མགྲིན་གཅིག་ཏུ་ནི་ཐམས་ཅད་ཀྱིས། །འདི་ལྟར་ང་ཡིས་ལུང་བསྟན་ཏེ། །ཧེ་རུ་ཀ་དཔལ་དེ་བཞིན་གཤེགས། །དངོས་གྲུབ་མཆོག་ཏུ་གྲུབ་པའི་ཕྱིར། །སྲིད་པའི་ངན་འགྲོ་རྣམས་ལས་བཏོན། །ཧེ་བཛྲ་ཨཾ་ཀུ་རི། ཤྲཱི་ཧེ་རུ་ཀ་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །སིདྡྷི་ས་མ་ཡ་སྟྭཾ་བྷཱུརྦྷུ་ཝ་སྭཿ གང་ལ་ཚིགས་སུ་བཅད་པ་འདིས་དོན་གྲུབ་པའི་ཕྱག་རྒྱར་གནས་པ་ལ་མཆོག་ཏུ་གྲུབ་པའི་ཚོགས་མགྲིན་གཅིག་ཏུ་རྒྱལ་བ་ཐམས་ཅད་ཀྱིས་ལུང་སྟོན་པར་མཛད་དོ། །ཞེས་པས་ལུང་བསྟན་ཞིང་གཟེངས་བསྟོད་ནས། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ། །རྒྱལ་བའི་བདག་པོར་གནས་པ་དང༌། །དེར་ནི་བདུད་ལས་རྣམ་རྒྱལ་ཞིང༌། །གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན། །དེང་ནི་སངས་རྒྱས་ཉིད་ཐོབ་པར། །ཁྱེད་རྣམས་ཐེ་ཚོམ་མེད་པ་ཡིན། །དབང་འདི་བསྐུར་བ་ཙམ་གྱིས་ཀྱང༌། །སློབ་མ་ཡོན་ཏན་བདག་པོར་འགྱུར། །སློབ་དཔོན་ཉིད་ཀྱི་བདེ་བ་ཡིས། །བརྟན་གཡོ་ཀུན་གྱི་དམ་ཚིག་ཡིན། །ཞེས་པས་དབུགས་ཕྱུང་བར་བསམ་མོ། །དེ་ནས་མེ་ཏོག་ཡོན་དུ་དམིགས་ཏེ་ཕུལ་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། །ཁྱེད་ཀྱིས་སློབ་མར་གཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །ཞེས་ལན་གསུམ་གྱིས་གཏང་རག་དབུལ་ལོ། །ཕྱི་དབྱིབས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག བསྐྱེད་པའི་རིམ་པ་བསྒོམ་པ་དང༌། དམ་ཚིག་ཉི་ཤུ་རྩ་གཉིས་བསྲུང་བ་ལ་དབང༌། སྤྲུལ་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །བུམ་པའི་དབང་ངོ༌། །དེ་ནས་གསང་བའི་དབང་གི་དོན་དུ་མཎྜལ་ཕུལ་ནས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། །ཅེས་ལན་གསུམ་གསོལ་བ་བཏབ་ནས། གདོང་གཡོགས་ལ་འབྲུ་གསུམ་བརྗོད་ཅིང་བདུད་རྩིར་བྱིན་གྱིས་བརླབས་ཏེ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་དང༌། གཉིས་སུ་མེད་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་པ་ཞལ་དུ་ཞུགས། ཐུགས་ཀར་འོད་དུ་ཞུ། གསང་བའི་གནས་ནས་ཐིག་ལེའི་རྣམ་པར་བབས་པས་བདག་གི་ལྕེ་ཐོག་ཏུ་གནང་བར་བསམ་ཞིང༌། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །བདག་གི་གསང་བའི་དབང་གིས་ནི། །སེམས་ཀྱི་རྒྱུན་གྱི་དབང་བསྐུར་རོ། །འདི་ནི་བྱང་ཆུབ་གྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་བདག་སྦྱོར་བས། །ཡང་དག་བདེ་བ་མྱང་བར་གྱིས། །ཞེས་གསུངས་ནས་གནང་བ་ལྕེ་ལ་མྱངས་པས་ལུས་ཐམས་ཅད་གང་ཞིང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས་ནས་གསུང་རྣམ་པར་དག་པ། འོད་དཔག་ཏུ་མེད་པར་གྱུར་པར་བསྒོམས་ལ། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་ལན་གསུམ་བརྗོད་དོ། །དེ་ནས་ཨོཾ་ཨཱཿཧཱུྃ་གིས་གདོང་གཡོགས་ཕྱེ་ནས། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་ཙཎྜཱ་ལཱི་བསྒོམ་པ་ལ་དབང༌། ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །གསང་བའི་དབང་ངོ༌།།  །།དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་མཎྜལ་ཕུལ་ནས། ཚིག་སྔ་མ་ཉིད་ཀྱིས་གསོལ་བ་བཏབ་ལ། གདོང་གཡོགས་ཏེ། འབྲུ་གསུམ་བརྗོད་ཅིང་བྱིན་གྱིས་བརླབས་ནས། རང་སྐད་ཅིག་གིས་བདེ་མཆོག་ཕྱག་བཅུ་གཉིས་པར་དམིགས་ལ་བླ་མས། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །འདི་ནི་བྱང་ཆུབ་གྲུབ་རྣལ་འབྱོར། །ཁམས་ལྔ་བཅུད་ཀྱི་བདག་ཉིད་ཅན། །ཧེ་རུ་ཀ་དཔལ་རྣལ་འབྱོར་པས། །ཡང་དག་བདེ་བ་མྱོང་བར་གྱིས། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་མཐར་སྐྱེས་དག་སྤྱོད་ཅིག །པདྨའི་བྷ་གར་ཙུམྦ་དང༌། །བདུད་རྩི་རྣམས་ནི་ལེགས་གྲུབ་ཀྱིས། །ཞེས་གསུང་ཞིང་ཡོངས་སུ་སྦྱངས་པའི་ཕྱག་རྒྱ་བྱིན་ནས་ལྷ་མོ་དེས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང༌། །དམངས་རིགས་མཐར་སྐྱེས་བུད་མེད་ཀུན། །གུས་དང་བཅས་པར་མཆོད་པ་དང༌། །གཉིས་མེད་ཚུལ་གྱིས་ཙུམྦ་ན། །དཔའ་བོ་ཁྱོད་ནི་སྤྲོ་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་བ་ཆེ། །བཤང་གཅི་དག་ནི་ཟ་བ་དང༌། །ཁྲག་དང་ཁུ་བ་དེ་བཞིན་ཏེ། །ཤ་ཆེན་བསྟེན་པར་བུ་སྤྲོའམ། །ཞེས་ཕྱག་རྒྱས་དྲིས་པའི་ལན་དུ། ཅི་གསུང་དམ་ཚིག་བསྟེན་པར་ནི། །ལྷ་མོ་བདག་གིས་བྱེད་པར་ནུས། །ཞེས་ལན་གདབ་པ་དང༌། དེ་པང་དུ་བྱོན་པ་རྡོ་རྗེ་ཕག་མོར་གསལ་བར་དམིགས་ཏེ། སྐུ་གསུང་ཐུགས་དང་གནས་ལྔ་དང༌། །མཁའ་དང་གསང་བ་བྱིན་གྱིས་བརླབས་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་བྱ་སྙམ་པས་སྙོམས་པར་ཞུགས་པས་འཁྱུད་པ་དང༌། ཙུམྦའི་ཚེ། སྣ་ཚོགས་པ་ལ་དགའ་བ། མཉམ་པར་སྦྱར་བའི་ཚེ་རྣམ་སྨིན་ལ་མཆོག་དགའ། སྤྱོད་པ་དང་ལྡན་པའི་ཚེ་རྣམ་ཉིད་ལ་དགའ་བྲལ་གྱི་དགའ་བ། བདེ་སྟོང་ཟུང་དུ་ཆུད་པའི་ཚེ་མཚན་ཉིད་དང་བྲལ་བ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ། དེ་ཉིད་ཀྱི་ཚེ་ཡས་འབབ་ཀྱི་དགའ་བ་བཞི་དང༌། མས་བརྟན་གྱི་དགའ་བ་བཞི་མངོན་དུ་བྱས་ནས་ལྷན་ཅིག་སྐྱེས་པའི་ངང་ལ་མཉམ་པར་གཞག་གོ །དེ་ནས་གདོང་གཡོགས་ཕྱེ་ནས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། ཆོས་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །དེ་ནས་དབང་བཞི་པའི་དོན་དུ་མཎྜལ་ཕུལ་ནས། ཁྱོད་ཞབས་པདྨོའི་བཀའ་དྲིན་གྱིས། །གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བདག་ལ་བཀའ་དྲིན་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གདོང་གཡོགས་ལ་འབྲུ་གསུམ་བརྗོད་ཅིང་བྱིན་གྱིས་བརླབས་ཏེ། ལུས་སྐྱིལ་ཀྲུང་ལག་པ་མཉམ་གཞག་གི་ཕྱག་རྒྱ་བཅས་པ་ལ་བླ་མས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །ཞེས་གསུངས་པའི་དོན་དྲན་པར་བྱས་ནས། དེ་ལ་ཡིད་མཉམ་པར་གཞག་ལ་ཆོས་ཀྱི་སྐུའི་ཡེ་ཤེས་སྐྱེས་པར་བསམ་མོ། །དེ་ནས་གདོང་གཡོགས་ཕྱེ་ནས། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། བག་ཆགས་དང་བཅས་པའི་དྲི་མ་ཐམས་ཅད་དག བསམ་གྱིས་མི་ཁྱབ་པའི་ལམ་བསྒོམ་པ་ལ་དབང༌། ངོ་བོ་ཉིད་ཀྱི་སྐུའི་རྟེན་འབྲེལ་མངོན་དུ་བྱས་པར་བསམ་མོ། །དབང་བཞི་པའོ། །དེ་ནས་ལུས་དང་ལོངས་སྤྱོད་ཐམས་ཅད་ཡོན་དུ་ཕུལ་ནས། དེང་ནས་བརྩམས་ཏེ་ལ་སོགས་པ་གཏང་རག་འབུལ་ལོ། །དེ་ནས་ཕྱི་ནང་གི་ལྷ་རྣམས་མཆོད་པའི་ཕྱིར། ཚོགས་ཀྱི་འཁོར་ལོ། ལྷག་གཏོར་བཀྲ་ཤིས་དང་བཅས་པའི་བར་ཆོ་ག་ལས་འབྱུང་བ་བཞིན་བྱས་ནས། མདུན་གྱི་དཀྱིལ་འཁོར་ལ་སླར་ཡང་མཆོད་པ་དང་བསྟོད་པ་བྱས་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་རྣམས་གསོལ་བ་བཏབ་ནས། ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར། བསྔོ་བ་དང་སྨོན་ལམ་ཡང་རྒྱ་ཆེར་བཏབ་ལ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པ་དང༌། ཡི་གེ་བརྒྱ་པ་ཡང་བརྗོད་དོ།།  །།དཀྱིལ་འཁོར་ལ་མ་བསྟིམ་པའི་ལྷ་ཚོགས་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་པས་གཤེགས་སུ་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་ནི། རབ་ཏུ་གནས་པ་མཆོག་ཏུ་གྱུར་པའི་ཕྱིར། བརྟན་པར་བཞུགས་སུ་གསོལ་ཞིང༌། གཏོར་མའི་མགྲོན་རྣམས་གཤེགས་སུ་གསོལ་ནས། གཏོར་མ་ཉིད་ཀྱང་རོལ་མོའི་སྒྲ་དང་བཅས་པས་བཏང་སྟེ། བདག་ཉིད་ཀྱི་ཆོ་ག་གསུམ་གྱིས་བསྲུངས་ལ། ལས་ཀྱི་རྗེས་བསྡུས་ནས། གནས་སྐབས་དང་རྗེས་སུ་འབྲེལ་བའི་རྣལ་འབྱོར་གྱིས་གནས་པར་བྱའོ། །དེ་ལྟར་རྒྱུའི་དབང་རྟག་ཏུ་ལམ་དུ་བྱེད་པ་ནི། སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སྦྱངས་ཤིང༌། ཚོགས་གཉིས་ཡོངས་སུ་རྫོགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་ལ་ལོངས་སྤྱོད་དེ། རིང་པོར་མི་ཐོགས་པར་དབང་ཕྱུག་བརྒྱད་ཀྱིས་ཕུན་སུམ་ཚོགས་པའི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་བ་ཉིད་དོ།།  །།འདི་ལ་འདུན་པའི་འདུན་པས་དབང་བྱས་འཛམ་གྱི་སྟོན་པ་ཞེས་བྱ་བས། རིང་ནས་བསྐུལ་ཞིང་བསྐུལ་བའི་དོན་དུ་དགེ་སློང་འཕགས་པས་སྦྱར་བ་ལ། །བདག་བློའི་ཉེས་པས་ཉེས་གྱུར་གང་ཡིན་མཁྱེན་ལྡན་རྣམས་ལ་བདག་གིས་བཟོད་པར་གསོལ། །དགེ་བ་རྣམ་དག་རྣམ་པར་བསགས་དེས་བདག་གཞན་ཐམས་ཅད་ཧེ་རུ་ཀར་གྱུར་ཅིག །དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་བདག་ཉིད་འཇུག་ཅིང་དབང་བླང་བའི་ཆོ་ག་འདི་ནི། བླ་མ་ཆོས་ཀྱི་རྗེ་ས་སྐྱ་པ་ཎྜི་ཏའི་ཞབས་རྡུལ་སྤྱི་བོས་གུས་པར་བླངས་པའི། དགེ་སློང་སྔགས་འཆང་འཕགས་པ་ཞེས་བྱ་བས། ཆུ་ཕོ་སྤྲེའུའི་ལོ། དབྱར་ཟླ་རྭ་བའི་ཚེས་གཅིག་ལ། གཡར་མོ་ཐང་གི་སའི་ཆ་ཤིང་ཀུན་ཏུ་སྦྱར་བའི་ཡི་གེ་པ་ནི་ཨ་ཙ་ར་ཞེས་བྱ་བས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྦྱར་བ་འདི་ཡོངས་སུ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*