ཚོགས་འཁོར་བསྡུས་པ།

༼པ༽

༄༅། །ཚོགས་འཁོར་བསྡུས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །ཚོགས་གཉིས་རྒྱ་མཚོའི་དཔལ་ལས་འཁྲུངས་གྱུར་པའི། །ཟག་མེད་ཡེ་ཤེས་ཟབ་ཡངས་གངས་ཅན་མཚོ། །ཡོན་ཏན་མི་ཟད་རིན་ཆེན་གཏེར་འཛིན་པ། །རྡོ་རྗེ་འཆང་ཆེན་བླ་མའི་ཞབས་ལ་འདུད། །བདེ་བས་སྡུག་བསྔལ་མ་ལུས་དཔྱིས་འབྱིན་ཅིང༌། །དངོས་གྲུབ་རྒྱ་མཚོའི་དཔལ་འབྱོར་ཐོབ་བྱེད་པ། །ཚོགས་ཀྱི་འཁོར་ལོའི་ཆོ་ག་དོན་གཉེར་བའི། །སྐྱེ་བོ་སྐལ་ལྡན་རྣམས་ལ་བཤད་པར་བྱ། །ཚོགས་ཀྱི་འཁོར་ལོ་བྱེད་པར་འདོད་པས། མཆོད་པ་དང་གཏོར་མ་དང༌། ཚོགས་ཀྱི་ཡོ་བྱད་རྣམས་བཤམས་ལ། ལྷའི་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་རྒྱུད་སྦྱངས། སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བའི་ཀྱེ་རྡོ་རྗེ་བསྒོམས་ནས། སྔགས་ཀྱི་བཟླས་པ་གང་གྲུབ་པ་བྱ། དེ་ནས་མཆོད་པ་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ལྷ་ཡི་མཆོད་རྫས་ངོ་བོ་བཟང་ཞིང་རྒྱ་ཆེ་བར་བསྐྱེད་ནས་སོ་སོའི་སྔགས་ཀྱི་བྱིན་གྱིས་བརླབ། དེ་ནས་མདུན་གྱི་ནམ་མཁར་དངོས་སུ་རྟེན་ཡོད་པའམ་མེད་ཀྱང་རུང་སྟེ། རང་གིས་བསྒོམས་པ་ལྟར་བསྐྱེད། ཡེ་ཤེས་པ་དང་གཉིས་སུ་མེད་པར་བསྟིམ། དབང་བསྐུར་ནས་རིགས་ཀྱི་བདག་པོའི་རྒྱས་གདབ། དེའི་མཐའ་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསམ། དེ་ལ་ཐོག་མར་ཕྱིའི་མཆོད་པ་བྱ་སྟེ། ངག་ཏུ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་ཞབས་བསིལ་འདི། །བཅོམ་ལྡན་འཁོར་དང་བཅས་ལ་འབུལ། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན། མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར་ནི་རི་ཏེ་ཨཱཿཧཱུྃ། དེ་བཞིན་དུ་ཞལ་བསིལ། ནི་ཝི་ཏེ་ཨཱཿཧཱུྃ། འཐོར་འཐུང༌། སརྦ་སཾ་ཤོ་དྷ་ནི་ཨཱཿཧཱུྃ། མཆོད་ཡོན། ཛཿཧཱུྃ་བཾ་ཧོཿཁྃ་རྃ་ཨཱཿཧཱུྃ་ཞེས་པ་རྣམས་ཀྱིས་ཆུ་རྣམས་དབུལ། དེ་ནས། མེ་ཏོག་འདི་ནི་བཟང་ཞིང་དགེ །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱིས། །ཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བྷ་ག་ཝཱན། ལ་སོགས་པའི་མཐར། བཛྲ་པུཥྤེ་ཨཱཿཧཱུྃ་གིས་མེ་ཏོག་དབུལ། ཚལ་དག་རོ་ནི་ཕན་པ་དང༌། །གང་ཞིག་དྲི་དང་བདུག་སྤོས་མཆོག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་དྷཱུཔྤེ་ཨཱཿཧཱུྃ་གིས་བདུག་སྤོས་དབུལ། སྲིན་པོ་འཇོམས་ཤིང་དག་བྱེད་པ། །དགེ་ཞིང་མུན་པ་རྣམས་སེལ་བ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ་གིས་མར་མེ་དབུལ། འདི་ནི་དྲི་བཟང་དགེ་བ་སྟེ། །དག་པའི་སྐྱེ་གནས་ལས་དག་པ། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་གནྡྷེ་ཨཱཿཧཱུྃ་གིས་དྲི་ཆབ་དབུལ། སྨན་རྣམས་བཅུད་གཙང་ཡི་གར་འོང༌། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ་གིས་ཞལ་ཟས་དབུལ། དྲི་མེད་ཡིད་དུ་འོང་བ་ཡི། །ལྷ་རྫས་དམ་པའི་རོལ་མོ་འདི། །བདག་ནི་དད་པས་འབུལ་ལགས་ཀྱིས། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་གྷཎྜེ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙ་ལི་ཏེ། པྲཛྙྱཱ་པཱ་ར་མི་ཏཱ། ནཱ་ད་སཾ་བྷ་ཝེ། བཛྲ་དྷརྨ་ཧྲཱྀ་ད་ཡན། སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ་ཞེས་པས་རོལ་མོ་དབུལ། དེ་ནས་ནང་མཆོད་ཀྱང་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཐོག་མར་རྩ་བའི་བླ་མ་དང༌། བླ་མ་བརྒྱུད་པ་རྣམས་ལ་དབུལ། དེ་ནས་ཡི་དམ་གྱི་ལྷ་རྣམས་ལ་སོ་སོའི་སྔགས་ཀྱིས་དབུལ་ལོ། །དེ་ནས་རང་གི་ལྕེ་དང༌། དཔྲལ་བ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་ཐིག་ལེ་བཀོད་ནས། ལུས་ཀྱི་ལྷ་རྣམས་མཆོད། དེ་ནས་ཆོས་སྐྱོང་ལ་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་ཅེས་པ་དང༌། ཨོཾ་མ་ཧཱ་ཀཱ་ལི་དེ་ཝཱི་ཨོཾ་ཨཱཿཧཱུྃ་ཞེས་པས་ལྷ་མོ་དང༌། ཡུལ་ཉི་ཤུ་རྩ་བཞིའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་མཆོད་པ་བཞེས། ཨོཾ་ཨཱཿཧཱུྃ། ཕྱོགས་སྐྱོང་བཅུ་དང༌། ལྷ་ཆེན་པོ་བརྒྱད་དང༌། ཀླུ་ཆེན་པོ་བརྒྱད་དང༌། འཇིགས་བྱེད་ཆེན་པོ་དགུ་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། གཟའ་ཆེན་པོ་བརྒྱད་དང༌། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི་འཇིག་རྟེན་སྐྱོང་བ་རྣམས་མཆོད་པ་དམ་པ་བཞེས། ཨོཾ་ཨཱཿཧཱུྃ། གཞན་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཚིམ་པར་གྱུར་ཅིག ཨོཾ་ཨཱཿཧཱུྃ་ཞེས་པ་ལ་སོགས་པས་མཆོད་ཅིང་ནང་མཆོད་དབུལ་ལོ། །དེ་ནས་རང་གི་སྙིང་ག་ནས་སྤྲོས་པའི་མཆོད་པའི་ལྷ་མོས་མཆོད་པར་བསམ་ཞིང༌། དཀར་མོ་རི་དྭགས་མཚན་མ་འཛིན། །ཞེས་པ་ལ་སོགས་པས་མཆོད་ནས། བསྟོད་པ་ནི། ཁྱོད་ནི་རྣལ་འབྱོར་མ་ཚོགས་ཡོངས་སུ་བསྐོར། །ཁྱོད་ནི་ཉིད་ཀྱི་ཐུགས་ཀྱི་མཆོག་བརྙེས་པ། །ཁྱོད་ནི་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན་བརྒྱན་ཏེ། །སྙིང་རྗེའི་ཐུགས་ཀྱིས་སེམས་ཅན་སད་མཛད་པ། །སྒྱུ་མའི་སྤྲོས་པས་རྡོ་རྗེ་བསྒྲུབས་པའི་ཡིད། །ཧེ་རུ་ཀ་དཔལ་རྡོ་རྗེ་ཡིད་ཀྱིས་དགྱེས། །ཞེས་པ་ལ་སོགས་པས་བསྟོད་ནས། དེ་ནས་གཏོར་མ་དབུལ་བར་བྱ་སྟེ། ཐོག་མར་མངོན་པར་རྟོགས་པ་ལས་འབྱུང་བ་བཞིན་དུ་འཇིག་རྟེན་ལས་འདས་པ་ལ་དབུལ། གཉིས་པ་ཆོས་སྐྱོང་ལ། གསུམ་པ་ཨ་ཀཱ་རོའི་སྔགས་ཀྱིས་འབྱུང་པོའི་ཚོགས་ཐམས་ཅད་དང་གཞི་བདག་ལ་སྦྱིན་ནོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས་མདུན་དུ་བསགས་ནས་གཏོར་མ་ལྟར་བྱིན་གྱིས་བརླབས་ལ། ཕུད་བླ་མ་དང༌། དཀྱིལ་འཁོར་དང༌། གཏོར་མ་ལ་དབུལ། དེ་ནས་ཐོག་མར་དམ་ཚིག་དྲང་ཞིང་ཁ་ཟས་ཀྱི་རྣལ་འབྱོར་དང་ལྡན་པས་ལོངས་སྤྱད། རང་དང་ཚོགས་ལ་འདུས་པ་ཐམས་ཅད་ལ་ལྷའི་འདུ་ཤེས་དང༌། བཟའ་བ་དང་བཏུང་བ་ཐམས་ཅད་ལ་ཡེ་ཤེས་ཀྱི་བདུད་རྩིའི་འདུ་ཤེས་དང༌། ལོངས་སྤྱད་པ་ཐམས་ཅད་ལ་ལྷ་མཆོད་པའི་འདུ་ཤེས་དང༌། ཐམས་ཅད་ཀྱང་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་བྱ་བ་ལ་ཡང་དང་ཡང་དུ་གསལ་གདབ་བོ། །ཚིམ་པ་དང་ལྷག་མ་རྣམས་བསགས་ལ་འབར་བའི་ཕྱག་རྒྱའི་ནང་ནས་ཁ་ཕྲུ་གདབ་ཅིང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨ་ཀཱ་རོའི་མཐར་ཨོཾ་སརྦ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན། དེ་ནས་བྱིན་དབབ་པའི་ཕྱིར་རྡོ་རྗེའི་གླུ་བླངས་ཏེ། ཀོལླ་ཨི་རེ་ཊཋི་ཨ་བོ་ལ། མུམྨུ་ཎི་རེ་ཀཀྐོ་ལཱ། གྷ་ཎེ་ཀྲྀ་པི་ཏ་ཧོ་བཱཛྫཱ་ཨི། ཀཱ་རུ་ཎེ་ཀི་ཨ་ཨི་ན་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫཱ་ཨི། གཱ་ཌྷེཾ་མ་ཨ་ཎཱ་པིཛྫཱ་ཨི། ཧ་ལི་ཀཱ་ལིཉྫ་ར་པཱ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ན་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷེ་ན་མུ་ཎི་ཨ་ཨི། ནི་རཱཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པཱ་ཎི་ཨ་ཨི། མ་ལ་ཨ་ཛེ་ཀུན་དུ་རུ་བཱ་ཊཱ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་བརྗོད་ནས་ཕུན་སུམ་ཚོགས་པ་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་ཀྱང་བྱིན་དབབ་པར་བྱའོ། །དེ་ནས་ཡི་གེ་བརྒྱ་པ་བརྗོད་ནས་ཆོ་ག་ལྷག་ཆད་ཁ་བསྐངས་ལ། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་སྟོན། །བླ་མ་ལ་གུས་སྙིང་རྗེ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་འགྱུར་བ། །དེས་ནི་སངས་རྒྱས་ཉིད་ཐོབ་ཤོག །ཅེས་སྨོན་ལམ་རྣམ་པར་དག་པ་གདབ་བོ། །དེ་ནས་མདུན་དུ་རྟེན་མེད་ན་མདུན་དུ་བསྐྱེད་པ་དང༌། གཏོར་མའི་མགྲོན་རྣམས་ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ལོ། །རྟེན་ཡོད་ན། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་མི་དགོས། རང་གི་གནས་གསུམ་ཡི་གེ་གསུམ་གྱིས་བསྲུང༌། ལས་ཀྱི་རྗེས་མི་མངོན་པར་བྱས་ནས། སྤྱོད་ལམ་གྱི་རྣལ་འབྱོར་གྱིས་གནས་པར་བྱའོ། །རྒྱ་ཆེན་རབ་ཟབ་བསོད་ནམས་ཡེ་ཤེས་ཚོགས། །གཞན་དུ་གྲངས་མེད་བསྐལ་པར་འགྲུབ་དཀའ་བ། །གང་གིས་བདེ་བླག་ཉིད་དུ་རྫོགས་བྱེད་པའི། །ཐབས་ཚུལ་འདི་ནི་རྒྱུད་ཀྱི་སྙིང་པོ་ཡིན། །ཚུལ་འདི་དད་ལྡན་ལའུ་ཤུ་ཞེས་བྱ་བས། །གསོལ་བ་བཏབ་ནས་སྔགས་འཆང་འཕགས་པས་སྦྱར། །དགེ་བ་དེ་ཡིས་མ་ལུས་འགྲོ་བ་ཀུན། །བསོད་ནམས་ཡེ་ཤེས་དཔལ་གྱིས་རོལ་བར་ཤོག །ཚོགས་ཀྱི་འཁོར་ལོའི་ཆོ་ག་ཆོས་རྗེ་ས་སྐྱ་པའི་ཕྱག་ལེན་བཞིན་དུ། ཆུ་མོ་ཕག་གི་ལོ་དབྱར་ཟླ་འབྲིང་པོ་ལ་རྒྱལ་པོ་ཆེན་པོའི་ཕོ་བྲང་ཆེན་པོར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*