རྡོ་རྗེ་གུར་གྱི་ལེ་འགྲེལ།

༼པ༽

༄༅། །རྡོ་རྗེ་གུར་གྱི་ལེ་འབྲེལ་བཞུགས།།

༄༅། །འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ལེའུའི་འབྲེལ་རྣམ་པར་གཞག་པ་ཞེས་བྱ་བ། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱུད་འདིའི་བརྗོད་བྱའི་གཙོ་བོ་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོའི་རྣམ་གཞག་ལེའུ་དང་པོར་བསྟན། དཀྱིལ་འཁོར་དེ་ལ་མཆོད་པ་དང༌། སངས་རྒྱས་ཀྱི་གར་དགོས་པ་དང་བཅས་པ་གཉིས་པས་བསྟན། དཀྱིལ་འཁོར་དང་འབྲེལ་བའི་གཏོར་མའི་ཆོ་ག་དང༌། མིང་གི་ཚོགས་གསུམ་པས་བསྟན། དེ་ལྟ་བུའི་དཀྱིལ་འཁོར་གོང་ནས་བསྟན་པའི་རྒྱུད་རྒྱས་པའི་རྣམ་གཞག་དང༌། ཕྱག་རྒྱ་དང་བཅས་པའི་དཀྱིལ་འཁོར་དུ་སློབ་མ་དབང་བསྐུར་བ་དང༌། ཁྲོ་བོ་བཅུའི་སྲུང་འཁོར་དང་བཅས་པ་བཞི་པས་བསྟན། དབང་ཐོབ་པ་དེས་ལྷ་བསྒོམ་པ་སེམས་དཔའ་སུམ་བརྩེགས་དང༌། རིགས་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་གཞག་ཕྱག་མཚན་གྱི་དག་པ་དང་བཅས་པ་ལྔ་པས་བསྟན། དེ་ཉིད་ཕྱག་རྒྱ་བཞིའི་རྒྱས་གདབ་པ་དང༌། དཀྱིལ་འཁོར་གྱི་ཚད་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་སྔགས་ཀྱི་བཟླས་པ་དང་བཅས་པ་དྲུག་པས་བསྟན། བསྐྱེད་རིམ་དེ་ཉིད་ཡན་ལག་དྲུག་གིས་བསྡུས་པ་བཅུད་ལེན་དང་བཅས་པ་བདུན་པས་བསྟན། བསྐྱེད་རིམ་གྱི་ཡན་ལག་ཞུ་བ་གླུས་བསྐུལ་བ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ལས་རྒྱས་པ་སྒྲོལ་མ་ལ་སོགས་པའི་ལས་ཚོགས་དང་བཅས་པ་དང༌། ལམ་གྱི་རྩ་བ་བླ་མ་བསྟེན་ཚུལ་དང་བཅས་པ་བརྒྱད་པས་བསྟན། དེ་ལྟར་བདག་ཉིད་ལྷར་བསྐྱེད་པ་བསྟན་ནས་སྐུ་གཟུགས་རབ་ཏུ་གནས་པ་དང༌། དྲོད་ཐོབ་པར་བྱེད་པའི་ཐབས་དྲག་ཤུལ་གྱི་སྒྲུབ་པ་དང་བཅས་པ་དགུ་པས་བསྟན། དྲོད་ཐོབ་པ་དེས་སྤྱོད་པ་བྱ་བ་བཅུ་པས་བསྟན། སྤྱོད་པ་བྱེད་པ་ལ་ལས་བཞིས་སེམས་ཅན་རྗེས་སུ་འཛིན་པའི་ཐབས་བཅུ་གཅིག་པས་བསྟན། ཐུན་མོང་དང༌། མཆོག་སྒྲུབ་པ་གཉིས་ཀའི་ཐབས་བསྐྱེད་རིམ་གྱི་སྤྱིའི་རྣམ་གཞག་བཅུ་གཉིས་པས་བསྟན། ལམ་གྱི་གྲོགས་དམ་ཚིག་དང༌། སྤྱོད་པ་བཅུ་གསུམ་པས་བསྟན། བསྐྱེད་རིམ་གྱི་ཡན་ལག་ཐུན་མོང་གི་དངོས་གྲུབ་དང༌། བསྐྱེད་རིམ་ཉིད་སྦྱོང་བར་བྱེད་པ་རྫོགས་རིམ་དང༌། རིམ་པ་གཉིས་ཀྱི་རྣམ་གཞག་སྦྱིན་སྲེག་དང་བཅས་པ་བཅུ་བཞི་པས་བསྟན། རིམ་པ་གཉིས་མཐར་ཕྱིན་པས་ཉེ་རྒྱུ་བསྒོམས་ནས་འབྲས་བུ་ལ་མཚམས་སྦྱོར་བ་བཅོ་ལྔ་པས་བསྟན་ཏོ། །རྡོ་རྗེ་གུར་གྱི་ལེའུའི་འབྲེལ་རྣམ་པར་གཞག་པ་འདི། ལྕགས་ཕོ་སྤྲེའུའི་ལོ། དབྱར་ཟླ་འབྲིང་པོ་ལ་རྒྱལ་པོའི་ཕོ་བྲང་དུ་བཤད་པའི་ཚེ། འཕགས་པས་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*