དཔལ་ཀྱཻ་རྡོ་རྗེའི་སྤྱི་དོན་གསལ་བ།

༼པ༽

༄༅། །དཔལ་ཀྱེ་རྡོ་རྗེའི་སྤྱི་དོན་གསལ་བ་བཞུགས།།

༄༅། །དཔལ་ཀྱེའི་རྡོ་རྗེའི་སྤྱི་དོན་གསལ་བ་ཞེས་བྱ་བ། བླ་མ་དང་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་ཀྱེ་རྡོ་རྗེའི། །ཞབས་ལ་གུས་པས་ཕྱག་འཚལ་ནས། །ཀྱེ་ཡི་རྡོ་རྗེའི་རྒྱུད་རྒྱལ་གྱི། །སྤྱི་དོན་གསལ་བ་བཤད་པར་བྱ། །རྒྱུད་ཀྱི་རྒྱལ་པོ་འདི་འཆད་པར་བྱེད་པ་ལ་ཚུལ་གཉིས། གང་གིས་གཏན་ལ་འབེབས་པར་བྱེད་པ་སྤྱིའི་དོན་དང༌། གང་གཏན་ལ་དབབ་པར་བྱ་བ་གཞུང་གི་དོན་ནོ། །དང་པོ་ལ་བཞི། གང་བཤད་པ་དང༌། མཉན་པར་བྱ་བའི་ཆོས་ཀྱི་ངོ་བོ་ངོས་གཟུང༌། །ངོས་ཟིན་པ་དེའི་མཚན་གྱི་དོན་ངེས་པར་བྱ་བ། མཚན་དེ་ལྡན་གྱི་རྒྱུད་བཤད་ཐབས་ཀྱི་མན་ངག དེ་ལྟར་བཤད་པའི་རྒྱུད་གང་ཟག་གི་རྒྱུད་ལ་སྐྱེ་བ་མངོན་པར་རྟོགས་པའི་རིམ་པའོ། །དང་པོ་ནི་གྲུབ་མཐས་བློ་མ་བསྒྱུར་བ་གནས་སྐབས་ཀྱི་བདེ་སྡུག་ལ་བླང་དོར་བྱེད་པ་དང༌། གྲུབ་མཐས་བློ་བསྒྱུར་བ་བདེ་སྡུག་གི་རྒྱུ་ལ་བླང་དོར་བྱེད་པའོ། །དེ་ལ་གཉིས། སྐྱབས་གནས་དཀོན་མཆོག་གསུམ་ལ་མི་བྱེད་ཅིང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་མི་འཆེ་བ་ཕྱི་རོལ་མུ་སྟེགས་བྱེད་དང༌། སྐྱབས་གནས་དཀོན་མཆོག་གསུམ་ལ་བྱེད་ཅིང༌། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་འཆེ་བ་ནང་པ་སངས་རྒྱས་པའོ། །དེ་ལ་གཉིས། རང་ཞི་བ་ཙམ་བསྒྲུབ་པ་ཐེག་པ་ཆུང་ངུ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པ་ཐེག་པ་ཆེན་པོའོ། །སྔ་མ་ནི་ཚུལ་ཁྲིམས་ཀྱི་གཞི། ངེས་འབྱུང་གི་ལམ། རྣམ་གྲོལ་གྱི་འབྲས་བུ་གསུམ་གྱི་བདག་ཉིད་ཅན་ནོ། །ཐེག་པ་ཆེན་པོ་ལ་གཉིས། གཞི་བྱང་ཆུབ་སེམས་ལ་བརྟེན་ཞིང༌། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབས་པས་བསྐལ་པ་གྲངས་མེད་གསུམ་ན་འབྲས་བུ་སངས་རྒྱས་ཀྱི་ས་བཅུ་གཅིག་ཀུན་ཏུ་འོད་བསྒྲུབ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། གཞི་སྨིན་པར་བྱེད་པ་དབང་ལ་བརྟེན་ནས། ལམ་གྲོལ་བར་བྱེད་པའི་ཐབས་བསྒོམས་པས། འབྲས་བུ་ཤིན་ཏུ་མྱུར་བར་བཅུ་གསུམ་རྡོ་རྗེ་འཛིན་པའི་སར་བསྒྲུབ་པ་རིག་པ་འཛིན་པའི་སྡེ་སྣོད་དེ། སློབ་དཔོན་ཀྲི་པི་ཏ་ཀ་མ་ལས། ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོས་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་སོ། །དེ་ལ་གང་ཟག་གི་དབྱེ་བས་རྒྱུད་སྡེ་བཞི་སྟེ། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་གསུམ། ཐབས་སྤྲོས་པ་གཙོར་སྟོན་པ་ཐབས་ཀྱི་རྒྱུད་དང༌། ཤེས་རབ་སྤྲོས་མེད་གཙོར་སྟོན་པ་ཤེས་རབ་ཀྱི་རྒྱུད་དང༌། གཉི་ག་ཆ་མཉམ་པར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དེ། རྩ་རྒྱུད་འདི་ཉིད་ལས། ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་པའོ། །ཀྱེའི་རྡོ་རྗེའི་རྒྱུད་ལའང་གཉིས། ཐོག་མར་གསུངས་ཤིང་བཤད་གཞིར་གྱུར་པས་རྩ་རྒྱུད་དང༌། རྗེས་ལ་གསུངས་ཤིང་འཆད་བྱེད་དུ་གྱུར་པས་བཤད་རྒྱུད་དོ། །རྩ་བའི་རྒྱུད་ལའང༌། དེ་དུས་ཀྱི་གདུལ་བྱ་ཚེ་རིང་ཞིང་བློ་རྣོ་བའི་དོན་དུ་རྒྱ་ཆེར་གསུངས་པ་རྩ་རྒྱུད་རྒྱས་པ་དང༌། མ་འོངས་པའི་དུས་ཀྱི་གང་ཟག་ཚེ་ཐུང་ཞིང༌། བློ་རྟུལ་ལ་དམན་པའི་དོན་དུ་བསྡུས་ཏེ་གསུངས་པའི་རྩ་རྒྱུད་བསྡུས་པ་གཉིས་ཡོད་པ་ལས། འདི་རྩ་རྒྱུད་བསྡུས་པའོ། །དེ་ལ་གསུམ་ལས། བཞུགས་ཚུལ་ནི། ཚོང་པ་ཚོང་གི་ཁེ་མཐོང་ནས་འཇུག་པ་ལྟར་འབྲས་བུ་སྔོན་དུ་བསྟན་ནས། དེ་ལ་བྲོད་པ་སྐྱེས་ནས་ལམ་ལ་འཇུག་པར་འགྱུར་བས། གང་ཟག་འཇུག་པའི་ཚུལ་དུ་བཞུགས་སོ། །གཉིས་པ་མདོ་རྒྱས་ནི། མཚན་གྱིས་མདོར་བསྟན། གླེང་གཞིས་ཅུང་ཟད་རྒྱས་པར་བཤད། བརྟག་པ་དང་པོས་རྒྱས་པར་བཤད། བརྟག་པ་ཕྱི་མས་ཤིན་ཏུ་རྒྱས་པར་བཤད་པའོ། །གསུམ་པ་དེ་ལྟ་བུའི་བརྟག་པ་གཉིས་པ་འདི་ལ་གཞུང་གི་ཚད་ནི། དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པ་མཚོན་པའི་ཕྱིར་བརྟག་གཉིས་ཏེ། ཀྱེ་ཡི་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱིས་བསྟན། །ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ནི་བུད་མེད་གཟུང་ཕྱིར་རོ། །ཞེས་གསུངས་པས་ཤེས་པར་ནུས། ལེའུ་ཉི་ཤུ་རྩ་གསུམ། ཚིགས་སུ་བཅད་པ་བདུན་བརྒྱ་ལྔ་བཅུ་བཞུགས་སོ། །དེ་ཡན་ཆད་ཀྱིས། གང་བཤད་པ་དང་མཉན་པར་བྱ་བའི་ཆོས་ཀྱི་ངོ་བོ་ངོས་བཟུང་བ་བཤད་ནས། གཉིས་པ་ངོས་ཟིན་པ་དེའི་མཚན་གྱི་དོན་ངེས་པར་བྱ་བ་ལ་གསུམ། མཚན་བཏགས་པའི་དགོས་པའི་དོན། བསྡུས་པའི་དོན། ཚིག་གི་དོན་ནོ། །དང་པོ་ལ་གསུམ་ལས། སྤྱིར་མིང་ཙམ་བཏགས་པའི་དགོས་པ་ལ་གསུམ་ལས། འཆད་པ་པོས་བརྗོད་བདེ། ཉན་པ་པོས་གོ་བདེ། ཐུན་མོང་དུ་འཇུག་ལྡོག་བདེ་བའོ། །གཉིས་པ་བྱེ་བྲག་ཏུ་རྒྱུད་འདིའི་མཚན་བཏགས་པའི་དགོས་པའི་དགོས་པ་ལ་གསུམ་སྟེ། མཚན་ཐོས་པའི་ཚེ་ན། གང་ཟག་དབང་པོ་རབ་ཀྱིས་རྒྱུད་ཀྱི་དོན་རྟོགས། འབྲིང་གིས་བརྗོད་བྱ་ངོས་ཟིན། ཐ་མས་ཀྱང་མཚན་དོན་འབྲེལ་བར་ཤེས་པའོ། །གསུམ་པ་སྐབས་འདིར་སྨོས་པའི་དགོས་པ་ལ་གསུམ་ལས། དང་པོ་ཐོག་མར་སྨོས་པའི་དགོས་པ་ནི། གཞུང་བཙལ་སླ་བའོ། །གཉིས་པ་རྒྱ་གར་སྐད་སྨོས་པའི་དགོས་པ་ནི། ཆོས་ཁུང་བཙུན་པར་ཤེས་པ། སཾ་སྐྲྀ་ཏའི་སྐད་ལ་བག་ཆགས་གཞག་པ། ལོ་ཙཱ་བའི་དྲིན་དྲན་པའོ། །གསུམ་པ་བོད་སྐད་སྨོས་པའི་དགོས་པ་ནི། དོན་བདེ་བླག་ཏུ་གོ་བ་དང༌། སྐད་ཕན་ཚུན་སྦྱར་བས་ཡིད་ཆེས་པའོ། །གཉིས་པ་བསྡུས་པའི་དོན་ལ་གཉིས། བརྗོད་བྱའི་དོན་ལ་བཏགས་པ་དང༌། བརྗོད་བྱེད་ཀྱི་སྒྲ་ལ་བཏགས་པའོ། །དང་པོ་ལ་གསུམ་ལས། མཚན་གདགས་པའི་ཡུལ་ནི་རྒྱུད་གསུམ་མོ། །གཉིས་པ་མཚན་དངོས་ནི། དཔལ་ཀྱེའི་རྡོ་རྗེ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་པའོ། །གསུམ་པ་དེ་ལྟར་འདོགས་པའི་རྒྱུ་མཚན་ནི། དོན་དེ་ལ་སྒྲ་དེ་འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར་རྗེས་སྒྲུབ་ཀྱི་མིང་ངོ༌། །གཉིས་པ་རྗོད་བྱེད་ཀྱི་སྒྲ་ལ་བཏགས་པ་ལ་ཡང་གསུམ་ལས། དང་པོ་གདགས་པའི་ཡུལ་ནི། བརྗོད་བྱ་རྒྱུད་གསུམ་སྟོན་པའི་རྗོད་བྱེད་ངག་ཚིག་གི་ཕྲེང་བའོ། །གཉིས་པ་མཚན་ནི་སྔ་མ་ཉིད་དོ། །གསུམ་པ་འདོགས་པའི་རྒྱུ་མཚན་ནི། བརྗོད་བྱ་དཔལ་ཀྱེའི་རྡོ་རྗེའི་རྒྱུད་སྟོན་པའི་ཕྱིར་རྗོད་བྱེད་ལའང་དེ་སྐད་བཏགས་པས། དེའང་རྗེས་སྒྲུབ་ཅན་གྱི་མིང་ངོ༌། །གསུམ་པ་ཚིག་གི་དོན་ལ་གཉིས། བརྗོད་བྱ་ལ་སྦྱར་བ་དང༌། རྗོད་བྱེད་ལ་སྦྱར་བའོ། །དང་པོ་ལ་གསུམ་ལས། རྒྱུའི་རྒྱུད་ལ་སྦྱར་ན། སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དུ་གྱུར་པས་ན་དཔལ། རིག་པ་སྣ་ཚོགས་སུ་སྣང་བས་ན་ཀྱེ། རང་བཞིན་སྟོང་པ་ཉིད་རྡོ་རྗེ། ཐོག་མ་མེད་པ་ནས་རྒྱུན་མ་ཆད་པས་ན་རྒྱུད། ཆོས་ཐམས་ཅད་ལ་དབང་སྒྱུར་བའམ། རཱ་ཛ་ཛི་པ་ཏུའི་སྒྲས་རང་བཞིན་གྱིས་འོད་གསལ་བས་ན་རྒྱལ་པོ། གཉིས་པ་ཐབས་ཀྱི་རྒྱུད་ལ་སྦྱར་ན་ཉམས་སུ་བླང་བའི་ལམ་དེ་སྒྲུབ་པ་པོའི་དཔལ་དུ་གྱུར་པས་ན་དཔལ། ཐབས་བསོད་ནམས་ཀྱི་ཚོགས་ཀྱིས་རང་བཞིན་དགེ་བ་ལ་བསྐུལ་བས་ན་ཀྱེ། ཡེ་ཤེས་ཀྱི་ཚོགས་སྟོང་པ་ཉིད་ཀྱིས་རྟོག་ལ་ཐམས་ཅད་འཇོམས་པར་བྱེད་པས་ན་རྡོ་རྗེ། ཡང་དབང་ལ་སྦྱར་ན། བུམ་པའི་དབང་ཀྱེ། མཆོག་གི་དབང་གསུམ་རྡོ་རྗེ། ལམ་ལ་སྦྱར་ན་རིམ་པ་གཉིས་འཁོར་དང་བཅས་པ་ཀྱེ། ལྟ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྡོ་རྗེ། རིམ་པ་གཉིས་ལའང་བསྐྱེད་པའི་རིམ་པ་ཀྱེ། རྫོགས་པའི་རིམ་པ་རྡོ་རྗེ། སྤྱོད་པ་ལ་སྦྱར་ན། ཀུན་འདར་གྱི་སྤྱོད་པ་ཀྱེ། ཀུན་བཟང་གི་སྤྱོད་པ་རྡོ་རྗེ། ཉེ་རྒྱུ་ལ་སྦྱར་ན། སྒྲུབ་པ་པོས་རིག་མ་བསྐུལ་བས་ཀྱེ། རིག་མས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པས་རྡོ་རྗེ། དེ་དག་ཐམས་ཅད་འབྲེལ་ཞིང་རྒྱུན་མི་འཆད་པར་ཉམས་སུ་ལེན་པས་རྒྱུད། མི་ཤེས་པའི་མུན་པ་སེལ་ཞིང་ཡེ་ཤེས་གསལ་བར་བྱེད་པའམ། མི་མཐུན་པའི་ཕྱོགས་ལས་རྒྱལ་བར་བྱེད་པས་རྒྱལ་པོའོ། །གསུམ་པ་འབྲས་བུའི་རྒྱུད་ལ་སྦྱར་ན། འབྲས་བུའི་རྒྱུད་སངས་རྒྱས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དུ་གྱུར་པས་དཔལ་ཏེ། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་སོ། །དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་ལས་བྱུང་བའི་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པས་ཀྱེ། ཤེས་རབ་རྣམ་པར་མི་རྟོག་པའི་ཆོས་ཀྱི་སྐུ་རྟོག་པས་མི་ཕྱེད་པས་ན་རྡོ་རྗེ་སྟེ། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད་ཅེས་པ་ལ་སོགས་པའོ། །ཆོས་ཀྱི་སྐུ་འགྱུར་བ་མེད་པས་ན་རྟག་པ་ལོངས་སྐུ་ངེས་པ་ལྔ་དང་ལྡན་པས་བརྟན་པ། སྤྲུལ་སྐུ་མཛད་པ་རྒྱུན་མི་འཆད་པས་སེམས་ཅན་གྱི་ཡིད་སྲུབས་པས་འཁོར་བ་ཇི་སྲིད་བར་གནས་པས་རྒྱུད་དེ། སཾ་པུ་ཊ་ལས། རྟག་པ་བརྟན་པ་མཆོག་ཏུ་ཡང༌། །ཡིད་སྲུབས་སོ་སོར་གནས་པ་ནི། །ཞེས་འབྱུང་ངོ༌། །རང་གི་རྒྱུད་སྒྲིབ་པ་དང་བྲལ་བས་དག་པ་མཐར་སོན་ཞིང༌། མི་ཤེས་པའི་མུན་པ་སེལ་བའི་ཕྱིར་གསལ་བས་རྒྱལ་པོའམ། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ལ་དབང་བསྐྱུར་བས་ན་རྒྱལ་པོའོ། །གཉིས་པ་རྗོད་བྱེད་ལ་སྦྱར་བ་ནི། བརྗོད་བྱ་ཟབ་མོ་སྟོན་པའི་རྗོད་བྱེད་ངག་ཚིག་གི་ཕྲེང་བ་འདི་བཤད་པས། ཉན་པ་པོའི་ཡིད་ལ་རྟོགས་པའི་དཔལ་བསྐྱེད་པས་ན་དཔལ། བརྗོད་བྱ་སྙིང་རྗེ་དང་ཤེས་རབ་གཉིས་སུ་མེད་པ་སྟོན་པའམ། ཀཱ་ལི་ཐབས་ཀྱི་ཡི་གེ་དང༌། ཨཱ་ལི་ཤེས་རབ་ཀྱི་ཡི་གེ་འདུས་པས་ན་ཀྱེའི་རྡོ་རྗེའོ། །ངག་དང་ཚིག་གི་རྒྱུན་ཆགས་པའི་དོན་གྱིས་ན་རྒྱུད། བརྗོད་བྱའི་དོན་གསལ་བར་བྱེད་པའམ་རྒྱུད་གཞན་གྱིས་བརྗོད་བྱ་ལས་ཁྱད་པར་དུ་འཕགས་པ་སྟོན་པས་ན་རྒྱལ་པོའོ། །གསུམ་པ་མཚན་དེ་ལྡན་གྱི་རྒྱུད་བཤད་ཐབས་ཀྱི་མན་ངག་ནི། དཔལ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཡི་གེ་དང་ནི་ཡན་ལག་དང༌། །བསྡུས་པའི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པར། །མན་ངག་རྣམ་པ་དྲུག་གིས་ནི། །རྒྱུད་རྣམས་ངེས་པ་ཁོ་ན་ཡིན། །ཞེས་གསུངས་པའི་རྗེས་སུ་འབྲངས་ནས། སློབ་དཔོན་བིརྺ་པ་དང༌། ཌོམྦི་པས་གདམས་ངག་དྲུག་གིས་འཆད་དོ། །དེ་ལ་གཉིས། གང་བརྗོད་པར་བྱ་བའི་དོན་དང༌། གང་གིས་རྗོད་པར་བྱེད་པའི་སྒྲའོ། །དང་པོ་ལ་གསུམ། སྤྱི་དང༌། སྦས་པ་མཐར་ཐུག་གོ །སྤྱིའི་མཚན་ཉིད་ནི། ཆོས་ཐ་དད་པའི་ཐུན་མོང་དུ་གྱུར་པའོ། །དབྱེ་ན་གཉིས། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ཐུན་མོང་དུ་གྱུར་པ་ལྟ་བ་དང༌། བྱང་ཆུབ་ཀྱི་སེམས་ལ་སོགས་པ་དང༌། འཇིག་རྟེན་པའི་དངོས་གྲུབ་ཐུན་མོང་དུ་གྱུར་པ་བསྐྱེད་རིམ་དང་ལས་ཚོགས་ལ་སོགས་པའོ། །སྦས་པའི་མཚན་ཉིད་ནི། མཆོག་གི་དབང་མ་ཐོབ་པའི་ཡུལ་མ་ཡིན་ཞིང་གསང་བའོ། །དབྱེ་ན་གཉིས། གསང་དབང་གི་ལམ་རང་གིས་རང་བྱིན་གྱིས་རློབ་པ་རང་བྱིན་བརླབ་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ལམ་རིག་མ་ལ་བསྟེན་པ་དཀྱིལ་འཁོར་འཁོར་ལོའོ། །མཐར་ཐུག་གི་མཚན་ཉིད་ནི། དེ་ལས་བོགས་དབྱུང་དུ་མེད་པའི་གནས་ཐོབ་པའོ། །དབྱེ་ན་གཉིས། ཕ་རོལ་ཏུ་ཕྱིན་པའི་མཐར་ཐུག་སངས་རྒྱས་ཀྱི་ས་བཅུ་གཅིག་པ་དང༌། གསང་སྔགས་པའི་མཐར་ཐུག་བཅུ་གསུམ་རྡོ་རྗེ་འཛིན་པའི་སའོ། །གཉིས་པ་རྗོད་བྱེད་ཀྱི་སྒྲ་ལ་གཉིས། སྒྲ་དངོས་དང༌། དེས་ཇི་ལྟར་འཆད་པའི་ཚུལ་ལོ། །དང་པོ་ལ་ཡན་ལག་ཡི་གེ་བསྡུས་པའི་དོན་གྱིས་བཤད་པའོ། །དང་པོ་ནི་སྒྲ་གང་ཞིག་འཇིག་རྟེན་ལ་གྲགས། བསྟན་བཅོས་ལ་གྲགས། སྒྲ་འཇུག་པའི་རྒྱུ་མཚན་ངེས་ཚིག་དང་བཅས་པས་འཆད་པའོ། །ཡི་གེའི་བཤད་པ་ནི། སྒྲ་གང་ཞིག་དངོས་སུ་འཇིག་རྟེན་དང་བསྟན་བཅོས་ལས་མ་གྲགས་ཀྱང་ཡི་གེ་རྣམ་པར་ཕྱེ་སྟེ་བཤད་པས་དོན་གོ་བའོ། །དེ་ལ་གསུམ། ཨེ་ཝཾ་མ་ཡས་འཁོར་ལོ་བཞི་སྟོན་པ། དབྱིབས་མཐུན་གྱིས་བཤད་པ། ན་དང་ག་ཧ་དང་པོ་དང་ཞེས་པ་ལ་སོགས་པ་ཤ་ལྔ་སྟོན་པ་ལྟ་བུ་སྒྲས་དྲངས་པའི་བཤད་པ་དང༌། ཧཱུྃ་གཟུང་འཛིན་དང་བྲལ་བའི་ཡིད་ལ་བཤད་པ་ལྟ་བུ་ཁ་ཕྲལ་བའི་བཤད་པའོ། །བསྡུས་དོན་གྱི་བཤད་པ་ནི། སྒྲ་གང་ཞིག་འཇིག་རྟེན་དང་བསྟན་བཅོས་ལ་མ་གྲགས། ཡི་གེས་ཀྱང་བཤད་དུ་མི་རུང་བ་ཤ་ལ་བ་ལ་ལ་སོགས་པ་སྟེ། རྒྱུ་མཚན་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །དེ་ལ་སྒྲ་ཇི་བཞིན་མ་ཡིན་པ་ཞེས་ཀྱང་བརྗོད་དེ། སློབ་དཔོན་ཟླ་བ་གྲགས་པས། ཀོ་ཊ་ཀྵ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང༌། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བརྗོད། །ཅེས་གསུངས་སོ། །གཉིས་པ་སྒྲ་དེས་ཇི་ལྟར་བཤད་ཚུལ་ལ་གཉིས། གཞུང་གཅིག་ལ་རྗོད་བྱེད་ཀྱི་སྒྲ་གཅིག་གིས་དོན་གཅིག་བཤད་པ་དང༌། གཞུང་གཅིག་ཉིད་ལ་སྒྲ་གཉིས་སམ། གསུམ་གྱིས་དོན་གཉིས་སམ་གསུམ་ཀ་བཤད་དུ་རུང་བའོ། །བཞི་པ་མན་ངག་དེས་འཆད་པའི་དོན་དེ་གང་ཟག་གི་རྒྱུད་ལ་སྐྱེ་བའི་ཚུལ་མངོན་པར་རྟོགས་པའི་རིམ་པ་ནི། རྒྱུ་རྒྱུད། ཐབས་རྒྱུད། འབྲས་བུའི་རྒྱུད་གསུམ་སྟེ། གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོགས་པ་ཡི་རབ་ཕྱེ་བའོ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོགས་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པའོ། །དེ་ལ་རྒྱུའི་རྒྱུད་ཀྱི་མཚན་ཉིད་ནི་ཆོས་གང་ཞིག་ལམ་གྱི་རྐྱེན་དང་ཕྲད་ན། འབྲས་བུ་རྫོགས་པའི་སངས་རྒྱས་འབྱུང་དུ་རུང་བ་རྒྱུན་ཆགས་པ་ཅན་ནོ། །ཐབས་ཀྱི་རྒྱུད་ཀྱི་མཚན་ཉིད་ནི། ཆོས་གང་ཞིག་རྒྱུའི་ནུས་པ་འབྱིན་པར་བྱེད་པའི་རྐྱེན་དུ་གྱུར་པ་རྒྱུན་ཆགས་པ་ཅན་ནོ། །དེ་ལ་གཉིས། སྐལ་བ་དམན་པ་རིམ་གྱིས་འཇུག་པ་དང༌། སྐལ་བ་དང་ལྡན་པ་ཅིག་ཅར་དུ་འཇུག་པའོ། །སྔ་མ་ནི། དང་པོར་གསོ་སྦྱོང་སྦྱིན་པར་བྱ་བ་ལ་སོགས་པ་གསུངས་ལ་ཅིག་ཅར་དུ་འཇུག་པ་ལ་གཉིས། སྨིན་པར་བྱེད་པ་དབང་དང༌། གྲོལ་བར་བྱེད་པ་ལམ་མོ། །དེ་ལ་གསུམ། གཙོར་མཆོག་གི་དངོས་གྲུབ་སྒྲུབ་པའམ་མངོན་པར་རྟོགས་པ། གཙོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པར་བྱེད་པའི་མངོན་པར་རྟོགས་པ། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པའོ། །དང་པོ་ལ་ལྔ། དེ་ཁོ་ན་ཉིད་རྟོགས་པའི་ལྟ་བ། རྫོགས་པའི་རིམ་པའི་རྟེན་བསྐྱེད་པའི་རིམ་པ། བསྐྱེད་པའི་རིམ་པའི་ལྷ་ཡེ་ཤེས་སུ་རྟོགས་པར་བྱེད་པའི་ཐབས་རྫོགས་པའི་རིམ་པ་དང༌། རིམ་པ་གཉིས་ཀྱིས་ཏིང་ངེ་འཛིན་སྐྱེས་པས་རང་གི་སེམས་ཀྱི་བརྟན་གཡོ་བརྟག་པ་དང༌། གཞན་རྗེས་སུ་གཟུང་བའི་ཕྱིར་སྤྱོད་པ་དང༌། སྤྱོད་པ་མཐར་ཕྱིན་པས་འབྲས་བུ་ལ་མཚམས་སྦྱོར་བ་ཉེ་བའི་རྒྱུ་བསྒོམ་པའོ། །གཉིས་པ་གཙོར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་ལ་ལྔ། དེ་བཞིན་གཤེགས་པའི་ཐུགས་སྙིང་པོ་ནས་བསྐུལ་བའི་ཕྱིར་སྔགས་ཀྱི་བཟླས་པ་དང༌། བར་ཆད་ཞི་བར་བྱེད་པའི་ཐབས་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པས་འགྲུབ་པའི་ཐབས་རབ་གནས། དངོས་གྲུབ་མྱུར་དུ་འགྲུབ་པར་བྱེད་པའི་ཐབས་སྦྱིན་སྲེག སེམས་ཅན་དངོས་གྲུབ་དམན་པ་ལ་མོས་པ་རྗེས་སུ་གཟུང་བའི་ཕྱིར་ལས་ཀྱི་ཚོགས་རབ་འབྱམ་མོ། །གསུམ་པ་འབྲས་བུའི་རྒྱུད་ཀྱི་མཚན་ཉིད་ནི། ཆོས་གང་ཞིག་རྒྱུ་དང་རྐྱེན་ནུས་པ་མཐར་ཐུག་པས། གོང་དུ་བགྲོད་དུ་མེད་པ་རྒྱུན་མི་འཆད་པའོ། །དབྱེ་ན་གཉིས། གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའི་ས་བཅུ་གཉིས་དང༌། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་སའོ། །སྤྱི་དོན་གཉིས་པ་གང་གཏན་ལ་དབབ་པར་བྱ་བ་གཞུང་གི་དོན་ལ་གཉིས། གླེང་གཞི་ཕུན་སུམ་ཚོགས་པའི་ཚུལ་གྱིས་རྒྱུད་ཀྱི་ལུས་རྣམ་པར་གཞག་པ་དང༌། གང་བཤད་པའི་ཆོས་ཕུན་སུམ་ཚོགས་པའི་ཚུལ་གྱིས། རྒྱུད་ཀྱི་ཡན་ལག་རྒྱས་པར་དབྱེ་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*