བྲག་དེའུ་དགོན་པའི་ལོ་རྒྱུས་རགས་བསྡུས།

དགོན་འདི་ནི་སྨར་ཁམས་རྫོང་གི་ཤར་ལྷོའི་ངོས་སྨར་ཁམས་སྒང་གི་གཞི་བདག་ཀླུ་རྒྱལ་མི་མགོན་དཀར་པོའི་ཕོ་བྲང་དུ་གྲགས་པ་མཚོ་མོ་འབོམ་མཚོ་ཕྱུག་མོའི་མདུན་ངོས་འབོམ་པ་ཞེས་བྱ་བའི་ཡུལ་དུ་ཆགས།    དགོན་འདི་ཐོག་མ་འབོམ་ལུང་མདའ་གོ་བོ་ལ་སྟེང་གི་ཁ་སྤྲོད་འབོམ་མཚོའི་རི་རྒྱུད་དང་འབྲེལ་བའི་ཟླ་ནང་ཞེས་པའི་གྲོང་ཚོ་དེ་ཡི་གཡས་ངོས་དགོན་པ་གདན་སྟེང་དུ་ཆགས། དེ་དུས་ཆོས་ལུགས་གང་ཡིན་གསལ་ཁ་ད་དུང་རྙེད་མེད།  འོན་ཀྱང་དགོན་འདིའི་གྲགས་ཆེ་བའི་རབ་འབྱམས་པ་གསུམ་གྱི་ཡ་གྱལ་ཆོས་རྗེ་འཕགས་པའི་དངོས་སློབ་བྲག་དེལ་བཀའ་རམས་འབྱམས་སྐུ་ཚེ་སྟོད་དགོན་འདི་ཡི་བདག་པོ་ཡིན་པས་དེ་ན་ས་སྐྱའི་ཆོས་ལུགས་ཤིག་དར་བར་སེམས། ཡུལ་འདི་ཡི་ཕ་དགོན་ཐོག་མ་དེ་དགོན་འདི་ཉིད་ཡིན་ནོ།

༢༠༡༣ གོང་གི་པར།

ཕྱིས་སྤྱི་ལོ་༡༢༧༥ལོར་འགྲོ་མགོན་འཕགས་པ་ལེ་ཐང་བརྒྱུད་དེ་འབོམ་རྣམ་སྣང་མཇལ་བར་ཕེབས་དུས་བཀའ་རམས་འབྱམས་ཞུ་བའི་བླ་མ་དེ་ཉིད་ཀྱིས་ད་ལྟར་དགོན་འདི་ཆགས་སའི་མདུན་ཆོས་འཁོར་ན་སྟེང་ཞེས་པ་ན་ཐང་ཡིད་ག་འོང་བ་དེར་འཕགས་པ་གདན་དྲངས་ནས་དེ་སྔོན་དགོན་པ་དེར་ཆུ་མིག་ཆུང་ངུ་ཞིག་ལས་གཞན་འཐུང་ཆུ་སོགས་ཆུ་ཡིས་དཀའ་བ་ཅུང་མཆིས་པས་དགོན་ས་གསར་པ་ཞིག་གསོལ་བ་བཏབ་པའི་ཚེ་འཕགས་པས་ཡར་ལུང་དེའི་སྒང་ལ་བཏབས་ཤིག་གསུང་པས་བཀའ་རམས་འབྱམས་པས་བྲག་དེའུ་ཆུང་དེའི་སྒང་ལ་ད་ལྟའི་དགོན་པ་འདི་བཞེངས་སོ།  །

ཆོས་འཁོར་ན་ཐང་ན་ཡོད་པའི་འཕགས་པའི་གྲུབ་ཆུ།

དེ་དུས་འཕགས་པས་ཡང་བསྐྱར་དགོན་ཞིག་རྒྱོབས་གསུང་པ་ལ་བསྟེན་ནས་བྲག་དགོན་གྱི་དགེ་འདུན་རྣམ་པས་ཐུགས་འགན་བཞེས་ནས་ཡང་དགོན་ཞེས་པའི་དགོན་ཆུང་དམར་པོ་ཞིག་བཞེངས་ནས་བྲག་དགོན་གྱིས་བདག་ཏུ་བཟུང་།      ཕྱིས་ས་སྐྱ་གོང་གི་བླ་བརྐོས་རྣམ་པའི་བཞུགས་གནས་བྱ་ས་དེའོ།  །   དགོན་འདི་ཆགས་གནས་དེ་དེའུ་འབུར་ཆུང་ཆུང་ཞིག་ཡིན་པས་སྔོན་གྱི་ལོ་རྒྱུས་ཁག་ལ་བྲག་དེའུ་ཞེས་འཁོད།  ཚིག་གྲོགས་ཀྱི་སྟོབས་ཀྱིས་བྲག་དེལ་ཞེས་འབོད།  དགོན་འདི་བོད་ཀྱི་རྒྱལ་པོ་འགྲོ་མགོན་འཕགས་པས་ཕྱག་བཏབས་པས་འབོམ་ཡུལ་ཙམ་མ་ཟད་ཡུལ་ལུང་གཞན་ལ་དབང་བསྒྱུར་ཆེ།   དགོན་འདིར་བཀའ་རམས་འབྱམས་པའི་སྐབས་དགེ་འདུན་པ་བརྒྱ་སྟོང་ཙམ་ཡོད་པ་ནི་སྔར་ཕྱི་དགོན་པ་གཉིས་ཀྱི་ཁང་རལ་དང་ལྕགས་རི་སོགས་ལ་དཔག་ན་ཤེས། 

ཀུན་མཁྱེན་བླ་མའི་ཁྱིམ་ཚང་གོ་བོ་དཔོན་ཚང་ངམ་གོ་བོ་རྦས་སྲིད།

དེ་དུས་ཆོས་ལུགས་ས་ལུགས་ཡིན། དགོན་བདག་བཀའ་རམས་འབྱམས་ཞུ།    ཕྱིས་ཀུན་མཁྱེན་གོ་རམས་པ་ཆེན་པོ་ཀྱང་ཆོས་སྒོར་ཞུགས་ས་དགོན་པ་འདི་ཉིད་ཡིན་ནོ།   དེ་རྗེས་ཀུན་མཁྱེན་བླ་མས་ངོར་དང་རྟ་ནག་གཉིས་ལ་ཁྲི་པ་མཛད་དུས་དགོན་འདིའི་མཁན་པོ་དབོན་པོ་ཤེས་རབ་དཔལ་ཞུ།    དེ་ནས་བཟུང་སྨར་ཁམས་ས་དགོན་མང་དག་ཞིག་ལ་རྟ་ནག་ཐུབ་བསྟན་ལུགས་དར་བ་མ་ཟད་དགོན་འདི་ཡང་ངོར་དང་རྟ་ནག་ལུགས་འབྲེལ་མ་ཆགས།  དེ་དུས་ཀྱང་མདོ་སྔགས་ཁག་ལ་སློབ་གཉེར་ཆེས་ཆེར་དར།   བཅོས་བསྒྱུར་མ་བཏང་ལོ་ངོ་བརྒྱ་ལྷག་གི་གོང་འབོམ་སྟོད་ཁལ་པ་ཚང་དུ་སྐུ་འཁྲུངས་པའི་སྔགས་རམས་པཎ་ཆུང་ཚངས་དབྱངས་ཞུ་བ་དེ་ཉིད་ས་ངོར་སོགས་ལ་ཟབ་ཆོས་དུ་མ་གསན་པ་དང་གཞན་ཡང་དགའ་ལྡན་དུ་ཕེབས་ནས་གཞུང་ཆེན་ཁག་ལ་སྦྱངས་པ་མཐར་ཕྱིན་ནས་མཐར་རྒྱུད་སྨད་དུ་སྔགས་རམས་པའི་མཚན་སྙན་ཐོབ་པ་དང་།  བོད་གཞུང་ནས་ཁམས་ཀྱི་སྐྱབས་མགོན་ཞིག་གི་མཚན་སྙན་གནང་།  ཕྱིས་དགོན་འདིར་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་པ་ལས་དགོན་པའི་ཆོས་ཁྲིར་ཕེབས་མེད།  དེ་དུས་གྲྭ་པ་སུམ་བཅུ་ལྷག་ལས་མེད།  བཅོས་བསྒྱུར་གཏོང་ཁ་མ་གྲྭ་གྲངས་ཉི་ཤུ་ལྷག་ཙམ་དང་བླ་མགོ་མཚན་ལ་དབང་འདུས་ཞུ།  བཅོས་བསྒྱུར་རྗེས་སྤྱི་ལོ་༡༩༨༢ལོ་ཨ་བཀྲ་སོགས་ཀྱི་ཉམས་གསོ་མཛད།   དེ་ནས་བླ་མ་ཨ་སྤྲོ་དང་བློ་བཟང་ཆོས་དབྱངས་སྐལ་བཟང་དབང་ལྡན་བར་དུ་རིམ་པར་བླ་འགོ་མཛད་ནས་བསྟན་པ་བསྐྱངས།   

དེང་དུས།

བཅོས་བསྒྱུར་རྗེས་རིམ་པར་བླ་མ་སྐལ་བཟང་དབང་ལྡན་དང་བློ་བཟང་ཆོས་དབྱངས་སོགས་མ་དགོན་ངོར་ལ་ཕེབས་པ་དང་བླ་མ་ཐུབ་བསྟན་ཚེ་རིང་འཕགས་ཡུལ་ངོར་དགོན་ལ་ཕེབས་ནས་ལོ་ལྔ་ཙམ་བཞུགས་ནས་རང་དགོན་དུ་ལོག.  དེ་ནས་ད་བར་ངོར་ལུགས་གཙང་མ་ཆགས།    ད་ལྟའི་བླ་མགོ་མཚན་ལ་སྐལ་བཟང་དབང་ལྡན་ཞུ།  གྲྭ་པ་ལྔ་བཅུ་ཟིམ་ཙམ་ཡོད།

   གྲྭ་པ་སློབ་གཉེར་བ་ངོར་ལ་བཅུ་བཞི། དེའི་ནང་སྐྱོར་དཔོན་མཚན་སྙན་ཐོབ་མཁན་གཉིས།  ས་སྐྱ་གོང་ལ་གཅིག་བསམ་ཡས་སུ་གཉིས་བཅས་སོ།   །དགོན་འདིའི་སྒྲུབ་གྲྭ་ལ་ཨ་ལོ་དགོན་ཁང་ཞེས་འབོད།  དགོན་འདི་ཡི་མ་དགོན་ནི་གཙང་ངོར་དང་རྟ་ནག་གཉིས་ཡིན་ནོ།   །  བྲག་དགོན་གསུང་རབ་སྙིང་པོས་བྲིས།   །

འགྲོ་མགོན་འཕགས་པས་བཞེངས་པའི་དཔལ་ལྡན་ས་སྐྱའི་བླ་བསྐོས་བཞུགས་གནས་ཡང་དགོན།
ཀླུ་རྒྱལ་མི་མགོན་དཀར་པོའི་ཕོ་བྲང་འབོམ་མཚོ་ཕྱུག་མོ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*