༼པ༽
༄༅། །འོག་མ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། ན་མོ་གུ་རུ་བྷྱཿ སྲིད་གསུམ་བླ་མ་ཆོས་ཀྱི་རྗེའི། །གོ་འཕང་དམ་པ་གང་བརྙེས་པ། །ཁྱོད་ཀྱིས་བླ་མའི་ཚུལ་བཞིན་དུ། །གསོལ་བའི་གསུང་རབ་གང་གསུངས་པ། །དེ་ལ་བདག་གིས་མངོན་བསམས་ནས། །བསམ་མི་ཁྱབ་པའི་དངོས་གྲུབ་ནི། །བདག་དང་གཞན་གྱིས་ཐོབ་བགྱིའི་སླད། །ཐུགས་དམ་གནད་ནས་བསྐུལ་བར་འཚལ། །སྐུ་ཡི་སྤྱོད་པ་རྣམ་དག་པ། །སངས་རྒྱས་དགེས་པའི་ཚུལ་ཁྲིམས་ལྡན། །གང་གི་རྒྱལ་བའང་མཉེས་བགྱིད་ན། །ཅི་སླད་བདག་ཅག་ཚིམ་མི་བགྱིད། །གསུང་གི་ཕྲིན་ལས་ཕུན་ཚོགས་པ། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །དོན་གཉེར་སྐྱེ་བོའི་ཡུལ་མིན་ན། །དེ་ཡི་བགྱི་བ་གང་ཞིག་ལགས། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །སྐལ་དམན་བདག་ཅག་གྲོལ་བའི་ཐབས། །ཁྱོད་ཀྱི་དགོངས་པ་མིན་ནམ་ཅི། །མཁས་པ་ཐམས་ཅད་དགའ་མཛད་པ། །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །བླུན་རྣམས་དམ་པའི་དོན་ལ་ཡིད། །སྤྲོ་བགྱིད་ངོ་མཚར་མ་ལགས་སམ། །སེམས་ཅན་ཐམས་ཅད་སྨིན་མཛད་པའི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །ཉིད་ལགས་དེ་ལྟ་ན་ཡང་བདག །སེམས་ཅན་སྨིན་པར་དགོངས་སམ་ཅི། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །དེ་འདྲ་ཡུལ་དུ་མ་གྱུར་ན། །དེ་ལ་བདག་གིས་ཅི་བགྱིར་མཆི། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །དེ་ལྟ་མོད་ཀྱི་སྐལ་དམན་གྱིས། །ཡུལ་དུ་ཀྱེ་མ་མ་གྱུར་ཏོ། །དགེ་ལེགས་རྒྱ་མཚོ་བགྲངས་ཡས་པ། །ཀུན་ནས་ཁྱད་པར་འཕགས་གྱུར་པ། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །བླ་མ་མཆོག་ལ་བདག་གསོལ་འདེབས། །འགྲོ་བའི་བླ་མའི་ངང་ཚུལ་དེ། །དེ་ལྟར་ལགས་ན་ཅིར་མི་དགོངས། །མཆོད་པ་ཐམས་ཅད་སྤངས་ནས་ནི། །བླ་མ་མཆོད་པར་བྱའོ་ཞེས། །ཟབ་མོའི་དེ་ཉིད་དོན་སྟོན་པའི། །རྒྱུད་སྡེ་རྒྱ་མཚོ་ཐམས་ཅད་ལས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །གང་ལ་དབང་རབ་མཆོག་ཐོབ་པའི། །བླ་མ་མཉེས་པ་བྱེད་པར་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །སྐྱེ་བའི་འཁྲུལ་འཁོར་མ་ཞིག་པར། །གང་དང་གང་དུ་སྐྱེས་གྱུར་པ། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །དེ་ཡི་ཕྲིན་ལས་བསྒྲུབ་པ་དང༌། །ཡེ་ཤེས་གཟིགས་པ་འཇུག་པའི་ཕྱིར། །འབྲལ་བ་མེད་པར་གནས་གྱུར་ཅིག །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །དངོས་པོ་ཀུན་གྱིས་མཉེས་བྱས་ནས། །དངོས་གྲུབ་རྒྱ་མཚོས་ཚིམ་འགྱུར་ཞིང༌། །དམ་ཆོས་རྟག་ཏུ་ཉན་པ་དང༌། །བཀའ་བཞིན་སྒྲུབ་པའང་བྱེད་པར་ཤོག །ཐུགས་རྗེ་བརྟན་པའི་ཐུགས་དམ་ནི། །བསྐུལ་ན་དངོས་གྲུབ་རྒྱ་མཚོའི་ཚོགས། །ཐོབ་པར་བགྱི་སླད་གསུང་རབ་ལ། །སྤེལ་ནས་གསོལ་བ་བཏབ་པ་ལགས། །ཁྱོད་གསུང་རིན་ཆེན་ཕྲེང་བ་འདྲ། །བདག་ཚིག་སོལ་བའི་དུམ་བུ་འདྲ། །སྤེལ་བ་ཉིད་དུ་མི་འོས་ཀྱང༌། །འདི་འདྲ་བ་ཡིས་དེ་འདྲའི་གཟི། །སྐར་མའི་དབུས་ན་ཟླ་རྒྱས་དང༌། །མཆིང་བུའི་ཁྲོད་ན་རིན་ཆེན་ལྟར། །ལྷམ་པར་བགྱིད་པ་མ་ལགས་སམ། །དེ་སླད་བདག་ནི་སྤོབས་པར་གྱུར། །འདི་ཡང་གལ་ཏེ་དྲི་མེད་གསུངས། །རྣམ་པར་བསླད་པར་གྱུར་སྲིད་ན། །དེ་ལ་ནོངས་པ་གང་མཆིས་པ། །ཐུགས་རྗེ་ལྡན་པའི་སྤྱན་སྔར་བཤགས། །ཚུལ་འདི་བློ་གྲོས་རྒྱལ་མཚན་དཔལ། །བཟང་པོས་ལྕགས་ཕོ་སྤྲེའུའི་ལོ། །དགུན་ཟླ་འབྲིང་པོའི་དཀར་ཕྱོགས་ལ། །རྒྱལ་པོའི་ཁབ་ཏུ་བྲིས་པ་ཡིན།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.