༼པ༽
༄༅། །བླ་མ་དམ་པ་ལ་གསོལ་བ་འདབས་པའི་རབ་བྱེད་ལ་སྤེལ་བ་གོང་མ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །དཔལ་མཆོག་སངས་རྒྱས་ཀུན་བདག་ཉིད། །དམ་ཆོས་རིན་ཆེན་འབྱུང་བའི་གནས། །འདུས་པ་རྒྱ་མཚོའི་ཡབ་གྱུར་པ། །བླ་མ་མཆོག་ལ་ཕྱག་འཚལ་ལོ། །སྐུ་ཡི་སྤྱོད་པ་རྣམ་དག་པ། །དྲི་མེད་ཐུགས་ཀྱི་དབང་བགྱིས་སླད། །སངས་རྒྱས་དགྱེས་པའི་ཚུལ་ཁྲིམས་ལྡན། །སྐྱེ་དགུའི་བསྔགས་འོས་སྨོས་ཅི་འཚལ། །གསུང་གི་ཕྲིན་ལས་ཕུན་ཚོགས་པ། །ཀུན་མཁྱེན་ཡེ་ཤེས་ལས་བྱུང་སླད། །ཤེས་བྱའི་དཀྱིལ་འཁོར་མ་ལུས་ཁྱབ། །ལམ་རབ་སྟོན་པ་སྨོས་ཅི་འཚལ། །ཐུགས་ཀྱི་དགོངས་པ་རབ་ཟབ་པ། །དབྱིངས་དང་ཀུན་དུ་རོ་གཅིག་སླད། །ཆོས་རྣམས་ཀུན་གྱི་དེ་ཉིད་མཁྱེན། །ཇི་སྙེད་གཟིགས་པའང་སྨོས་ཅི་འཚལ། །མཁས་པ་ཐམས་ཅད་དགའ་མཛད་པ། །ཐུན་མོང་བ་དང་རྨད་བྱུང་གི །ཡོན་ཏན་རྒྱ་མཚོ་ཁྱོད་ལ་མངའ། །འཇིག་རྟེན་རྒྱན་གྱུར་སྨོས་ཅི་འཚལ། །སེམས་ཅན་ཐམས་ཅད་སྨིན་མཛད་པ། །ལྷུན་གྲུབ་མི་ཟད་འཇུག་པ་ཡི། །ཕྲིན་ལས་མངའ་བ་ཆོས་ཀྱི་རྗེ། །དགོས་འདོད་འབྱུང་བ་སྨོས་ཅི་འཚལ། །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །རྗེས་སུ་འཇུག་པའི་ཡིད་ལྡན་པས། །བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །སྒོ་གསུམ་དང་བའི་འདུན་པ་ཡིས། །བསྟེན་ན་འཇིགས་པ་མེད་པར་མཛད། །བསྒྲུབ་དང་ལས་དང་འབྱོར་པ་ཡིས། །བསྙེན་བཀུར་བགྱིས་པས་བདེ་བ་འབྱུང༌། །ལེགས་ཚོགས་རིན་ཆེན་གཏེར་གྱུར་པ། །དེ་འདྲའི་དཔལ་ལྡན་ཆོས་ཀྱི་རྗེ། །སྐྱེ་དགུ་སྐྱོབ་མཛད་སྐྱབས་ཀྱི་མཆོག །བླ་མ་མཆོག་ལ་བདག་གསོལ་འདེབས། །ལྷ་དང་འབྱུང་པོ་ལ་སོགས་ཀྱི། །མཆོད་པ་ཐམས་ཅད་སྤངས་ནས་ནི། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་མཆོད་པར་བྱའོ་ཞེས། །རབ་འབྱམས་ཞིང་ན་བཞུགས་གྱུར་པའི། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དེ་སྐད་གསུངས་པ་ལེགས་འཚལ་བ། །དེ་བས་དངོས་པོ་ཐམས་ཅད་ཀྱིས། །དངོས་གྲུབ་རིན་ཆེན་གཏེར་གྱུར་པའི། །བླ་མ་མཉེས་པ་བྱེད་པར་ཤོག །འགྲོ་མགོན་ཀུན་ནས་མཉེས་བྱའི་ཕྱིར། །སྐྱེ་བ་འདི་དང་སྐྱེ་བ་གཞན། །སྲིད་པ་དག་ནི་ཐམས་ཅད་དུ། །ཇི་སྲིད་སངས་རྒྱས་མ་ཐོབ་པར། །གོ་འཕང་ཇི་ལྟར་གྱུར་ཀྱང་རུང༌། །དེ་སྲིད་བླ་མའི་ཞབས་དྲུང་དུ། །ལུས་དང་གྲིབ་མ་ཇི་ལྟ་བར། །འབྲལ་བ་མེད་པར་གནས་གྱུར་ཅིག །ཕྱི་དང་གསང་བ་བླ་ན་མེད། །མཆོད་པ་ཀུན་གྱིས་མཆོད་བྱེད་ཅིང༌། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་ཉན་པ་དང༌། །དེ་ཡིས་ཇི་ལྟར་གང་བསྒོས་པའི། །བཀའ་བཞིན་སྒྲུབ་པའང་བྱེད་པར་ཤོག །འདི་ནི་བདག་གི་བླ་མ་བཟང༌། །དཔལ་ལྡན་ཀུན་དགའི་གསུང་རབ་ལས། །རྣམ་པར་སྤེལ་ནས་དེ་ཉིད་ལ། །སླར་ཡང་གསོལ་བ་བཏབ་པ་ལགས། །ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཆེན་པོས་མཛད་པའི་བླ་མ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ལ་རྣམ་པར་སྤེལ་ནས། དེ་ཉིད་ལ་གསོལ་བ་འདེབས་པ་འདི་ནི། དེའི་ཞབས་རྡུལ་སྤྱི་བོས་ལེན་པར་བརྩོན་པ་འཕགས་པས་ལྕགས་ཕོ་སྤྲེའུའི་ལོ་རྒྱལ་གྱི་ཟླ་བ་ལ་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com


དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.