གློ་བོ་ལོ་ཙཱ་བའི་ཞུས་ལན།

༼ན༽

༄༅། །གློ་བོ་ལོ་ཙཱ་བའི་ཞུས་ལན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དཔལ་ས་སྐྱའི་དགོན་པ་ནས། དགེ་བའི་བཤེས་གཉེན་སྡེ་སྣོད་འཛིན་པ་གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་ཕྱག་ཏུ་སྤྲིང་བ། ཁྱེད་བདེ་བར་གཤེགས་པའི་བསྟན་པ་ལ་ཤིན་ཏུ་གུས། སྡེ་སྣོད་ལས་ཇི་ལྟར་འབྱུང་བའི་ཆོས་ལ་དགྱེས་ཟེར་བ་ཁུམས། དེ་ལ་དགའ་བ་ཁྱད་པར་ཅན་སྐྱེས། ཤིན་ཏུ་རྗེས་སུ་ཡི་རང༌། སྤྱིར་སངས་རྒྱས་ཀྱི་བསྟན་པ་འདི་ནུབ། བྱེ་བྲག་ཏུ་གསང་སྔགས་ཀྱི་བསྟན་པ་འདི་གཟུགས་བརྙན་ཙམ་ཡང་མེད་པར་སོང་ནས་གདའ། ལེགས་པར་བརྟགས་ན་འཛམ་བུའི་གླིང་འདིའི་ཡང་ཆོས་དང་མཐུན་པའི་རྒྱལ་པོ་ཐམས་ཅད་ཉམས། ཆོས་དང་མི་མཐུན་པའི་རྒྱལ་པོ་ཐམས་ཅད་འཕེལ། སྡེ་སྣོད་དང་མཐུན་པར་བྱེད་པའི་ཆོས་པ་རྣམས་ཉམས་དམའ། སྡེ་སྣོད་དང་མི་མཐུན་པའི་ཆོས་པ་རྣམས་འཕེལ། དེའི་སྟོབས་ཀྱིས་ཆོས་ནས་འབྱུང་བ་བཞིན་མ་བཤད་ན་བསྟན་པ་ནུབ་འགྲོར་བར་གདའ། ཆོས་ནས་འབྱུང་བ་བཞིན་བཤད་ན་ཆོས་དང་མི་མཐུན་པར་བྱེད་པ་རྣམས་མི་མགུ་བར་གདའ། དེས་ན་བཤད་པ་རང་ཡང་ཤིན་ཏུ་དཀའ། འོན་ཀྱང་ཆོས་ནས་འབྱུང་བ་བཞིན་བྱེད་ན་སྡོམ་པ་མེད་པར་དགེ་བ་བྱས་ཀྱང་བར་མའི་དགེ་བ་ཙམ་ལས་དགེ་བ་རྒྱུན་ཆགས་མི་འབྱུང༌། དགེ་བ་རྒྱུན་མི་འཆད་པ་ལ་སྡོམ་པ་ལེན་དགོས་པར་གདའ། དེ་ལ་ཉན་ཐོས་ཀྱི་སྡོམ་པ་འདུལ་བ་དང་མཐུན་དགོས། བྱང་ཆུབ་སེམས་དཔའི་སྡོམ་པ་མདོ་སྡེ་དང་མཐུན་དགོས། གསང་སྔགས་ཀྱི་སྡོམ་པ་རྒྱུད་སྡེ་དང་མཐུན་དགོས། དེང་སང་སོ་སོར་ཐར་པའི་སྡོམ་པ་ལ་སྦྱོར་དངོས་རྗེས་བསླབ་བྱ་དང་བཅས་པ་འདུལ་བ་དང་མི་མཐུན་པར་བྱེད་པ་མང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སེམས་ཙམ་དབུ་མ་གཉིས་ཀྱི་དབྱེ་བ་མི་ཤེས་པར་སེམས་ཙམ་པའི་ཆོ་ག་ལ་དབུ་མའི་སྡིག་བཤགས་ལ་སོགས་པ་བསྣན་ནས་ཆོ་ག་ཐམས་ཅད་དཀྲུགས་ནས་བྱེད། དོན་དམ་པ་ཆོས་ཉིད་ཀྱིས་ཐོབ་པའི་སྡོམ་པ་བསྒོམ་པས་སྐྱེ། ཆོ་ག་ལས་མི་སྐྱེ་བ་ཡིན་པ་ལ། ད་ལྟ་དོན་དམ་སེམས་བསྐྱེད་ཀྱི་ཆོ་ག་ལ་སོགས་པ་ཕྱིན་ཅི་ལོག་བྱེད། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྙིང་པོར་གསུངས་པ་ལ། ད་ལྟ་བདག་གཞན་བརྗེ་བ་བསྒོམ་དུ་མི་བཏུབ་པ་ལ་སོགས་པ་ཆོས་ཀྱི་རྩ་བ་བཤིགས་པ་མང༌། གསང་སྔགས་ཀྱི་སྡོམ་པ་ལ་རྒྱུད་ལས་དབང་བསྐུར་གཙོ་བོར་གསུངས་པ་ལ། རྒྱུད་ནས་འབྱུང་བའི་དབང་བསྐུར་མི་བྱེད་པར་ཆོས་གང་ནས་ཀྱང་བཤད་པ་མེད་པའི་ཕག་མགོའི་དབང་བསྐུར་ལ་སོགས་པས་ཆོས་སྒོ་འབྱེད་པ་མང༌། བཅོམ་ལྡན་འདས་ཀྱིས་རྒྱུད་ལས་སྒོམ་བྱེད་ན་སྨིན་གྲོལ་གཉིས་ལས་ཡེ་ཤེས་སྐྱེས་ན། ཕྱག་རྒྱ་ཆེན་པོ་ཡིན་པར་གསུངས་པ་ལ། རིམ་པ་གཉིས་ཀྱི་རྣམ་གཞག་མི་ཤེས་པར་ཕྱག་རྒྱ་ཆེན་པོ་བསྒོམ་པ་མང༌། ཕྱག་རྒྱ་ཆེན་པོ་རང་ཡང་རྒྱ་ནག་ཧ་ཤང་གི་ལུགས་རྟོག་པ་ཁ་ཚོམ་ལ་བྱེད་པ་མང་བར་གདའ། དེ་སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་བཀག་པ་ལགས་མོད། བསྔོ་བ་ཡང་བཅོམ་ལྡན་འདས་ཀྱིས་འཁོར་གསུམ་ཡོངས་དག་ཏུ་བྱས་ནས་དམིགས་པ་མེད་པར་མཚན་མ་ལས་གྲོལ་བར་སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་ཡོངས་སུ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་གསུངས་པས། མཚན་མ་མེད་པའི་བསྔོ་བས་འཚང་རྒྱ་བར་གསུངས་པ་ལ། དེང་སང་ཆོས་ཉིད་དམ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་བཟུང་ནས་ཡོད་པའི་དགེ་བ་ཞེས་ཟེར་ནས་བསྔོ་བ་དུག་ཅན་དུ་གཏོང་བ་མང་བར་གདའ། སྒོས་སུ་ཁྱེད་གསུངས་པའི་བདེ་མཆོག་གི་དཀྱིལ་འཁོར་ལ་གཙོ་བོ་བདེ་མཆོག་བཏོན་ནས་རབ་ཏུ་བྱུང་བའི་སྐུ་འབག་གཅིག་བཅུག་ནས་འདུག་པ་འདི་ཇི་ལྟར་ཡིན་གསུངས་པ་ལ། སྤྱིར་བཅོམ་ལྡན་འདས་ཀྱིས་རྒྱུད་ནས་བླ་མ་དང་རྡོ་རྗེ་འཆང་གཉིས་དབྱེར་མེད་དུ་བལྟ་ཞེས་གསུངས་པ་ལ་འཁྲུལ་པ་ཡིན་ཏེ་མཆི། དེ་ལ་བླ་མ་སངས་རྒྱས་ཡིན་ཅེས་བྱ་བ་དེ་གསང་སྔགས་ཀྱི་རྒྱུད་ལས་གསུངས་ཀྱི་གཞན་ལས་མ་བཤད། གསང་སྔགས་སྒོ་ལ་རང་གིས་དབང་བཞི་ཐོབ་པས་སྐུ་བཞིའི་རྟེན་འབྲེལ་བསྒྲིགས། རིམ་པ་གཉིས་བསྒོམས་པས། བསྐྱེད་པའི་རིམ་པ་གཟུགས་ཀྱི་སྐུ་དང༌། རྫོགས་པའི་རིམ་པས་ཆོས་ཀྱི་སྐུ་བསྒྲུབ་པའི་བླ་མ་ཞིག་རྡོ་རྗེ་འཆང་ཡིན་པར་གསུངས་ཀྱི། ད་ལྟ་རང་གིས་ཀྱང༌། དབང་བཞི་མ་ཐོབ་ན་རིམ་པ་གཉིས་ཤེས་པ་ལྟ་ཅི་སྨོས། མངོན་པར་བྱང་ཆུབ་པ་ལྔ་ཙམ་ཡང་མི་ཤེས། ཐ་ན་མངོན་པར་བྱང་ཆུབ་པའི་རྒྱུ་ཨཱ་ལི་ཀཱ་ལི་ཙམ་ཡང་མི་ཤེས་པ་ལ་བླ་མ་རྡོ་རྗེ་འཆང་ཡིན་པ་ག་ལ་མཆི། དེས་ན་འོ་སྐོལ་གསང་སྔགས་ཡི་དེ་ཁོ་ན་ཉིད་ཤེས་པས་བལྟས་ན་རབ་ཏུ་བྱུང་བའི་གཟུགས་དཀྱིལ་འཁོར་གྱི་དབུས་སུ་གཞུག་ན། དགེ་སློང་ཡིན་ན་ཡབ་ཡུམ་གྱི་དབུས་སུ་བསྡད་པ་ལ་ལྟུང་བ་འོང་བ་ལགས་མོད། བླ་མ་རྡོ་རྗེ་འཆང་དུ་བྱེད་ན་ཞལ་དང་ཕྱག་གི་རྣམ་པ་དང༌། མཚན་དཔེ་ལ་སོགས་པ་རྡོ་རྗེ་འཆང་གི་ཆ་ལུགས་མ་ཚང་བས་རྟེན་འབྲེལ་གྱི་སྐུ་མི་འགྲུབ་པ་ལགས་མོད། དེས་ན་འོ་སྐོལ་གསང་སྔགས་པའི་ལུགས་ཀྱིས་བླ་མ་རྡོ་རྗེ་འཆང་དུ་བྱེད་པ་ལ་བླ་མ་དེ་འདྲའི་ཆ་ལུགས་ཀྱིས་དཀྱིལ་འཁོར་གྱི་དབུས་སུ་གཞུག་ཏུ་མི་བཏུབ། གསང་སྔགས་རྟེན་འབྲེལ་གྱི་སྐུ་བསྒྲུབ་པ་ལགས་པས། དགྱེས་པ་རྡོ་རྗེ་དང༌། གསང་བ་འདུས་པ་དང༌། བདེ་མཆོག་འཁོར་ལོ་ལ་སོགས་པ་ཉིད་ཀྱི་སྐུར་བྲི་དགོས་པ་ལགས། དེ་ལྟ་མ་ཡིན་ན་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ལས་བཟང་བ་མེད་ཀྱང་རབ་ཏུ་བྱུང་བའི་རྣམ་པས་དཀྱིལ་འཁོར་གྱི་དབུས་སུ་བཞུགས་སུ་མི་བཏུབ། ཤཱཀྱའི་རྒྱལ་པོ་ཡང་སྤྲུལ་པའི་དཀྱིལ་འཁོར་མཛད་པ་ན་ལོངས་སྐུའི་ཆ་ལུགས་སུ་བསྒྱུར་བའི་རྒྱུ་མཚན་ཡང་དེ་ལགས། སྤྱིར་དགེས་རྡོར། བདེ་མཆོག་གི་དབང་བསྐུར་ཡང་མ་ཐོབ་པ། བསྒོམ་ཡང་མི་ཤེས་པ་བདེ་མཆོག་གི་དཀྱིལ་འཁོར་གྱི་དབུས་སུ་བཞག་རང་ཅི་དགོས། བདེ་མཆོག་དང་དེ་དག་ལ་འབྲེལ་པ་གང་ཡང་མི་གདའ་བ། སྤྱིར་རྒྱ་གར་དུ་དགེས་རྡོར་བདེ་མཆོག་མནན་པའི་ཚངས་པ་དང༌། དབང་ཕྱུག་འབྲི་བའི་མུ་སྟེགས་ཐོ་རེ་བ་ཅིག་ཕྱིས་བྱུང་སྐབས་དེ་ཤེད་ཁོ་ན་ན་རྒྱ་གར་དུ་ཏུ་རུཥྐ་ཞུགས་པ་ཡིན་ནམ་ཞེས་ཟེར། དེ་བཞིན་དུ་བདེ་མཆོག་ཡུལ་བཏོན་ནས་གཞན་བཅུག་པ་དེ་བོད་དུ་ཧོར་ལ་སོགས་པ་འོང་བའི་རྟེན་འབྲེལ་དུ་སོང་གིས་དོགས། སྤྱིར་འདི་འདྲའི་རིགས་ཅན་མ་བརྗོད་ན་མི་གོ །བརྗོད་ན་མི་མགུ་བར་གདའ་བས་གཞན་ལ་མ་གསུང་མཛོད། ལར་ཁྱེད་རང་སྡེ་སྣོད་འཛིན་པ་རྒྱུད་སྡེའི་བདག་པོར་གདའ་བས། འདི་འཐད་དམ་མི་འཐད་ཀྱི་རྒྱུད་ཁྱེད་རང་ལ་མངའ་བ་ལགས། སྤྱིར་ངེད་ཀྱིས་བྱས་པའི་སྡོམ་པ་གསུམ་གྱི་རབ་དབྱེ་དེ་གཅིག་བྲིས་ལ་གཟིགས་པར་ཞུ། དེང་སང་བདེ་བར་གཤེགས་པའི་བསྟན་པ་ནི། །སྟོན་ཀའི་ཤིང་བཞིན་འབྲས་བུ་ཕལ་ཆེར་ལྷགས། །སྡེ་སྣོད་འཛིན་པ་བྱ་ཡི་ཚོགས་ཀུན་ཡང༌། །ཕྱོགས་དང་ཕྱོགས་སུ་ཕལ་ཆེར་གྱེས་པ་འདྲ། །སྙིགས་མའི་དུས་འདིར་སངས་རྒྱས་བསྟན་པ་ལ། །གུས་པར་འདོད་ན་སངས་རྒྱས་བསྟན་བཞིན་བྱ། །སངས་རྒྱས་བསྟན་པ་དོར་ན་སངས་རྒྱས་ལ། །གུས་པ་ས་བོན་བསྲེགས་པའི་ལོ་ཏོག་བཞིན། །ཁྱེད་ཀྱང་སངས་རྒྱས་བསྟན་པའི་སྲོལ་བཟུང་ནས། །སྡེ་སྣོད་རྒྱ་མཚོའི་དོན་དང་མི་འགལ་བར། །བརྩོན་པས་བསྒྲུབ་དང་གཞན་ལ་འཆད་པ་ཡིས། །ཐུབ་པའི་བསྟན་པ་ཡུན་རིངས་བསྐྱང་བར་ཞུ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*