ཆག་ལོ་ཙཱ་བའི་ཞུས་ལན།

༼ན༽

༄༅། །ཆག་ལོ་ཙཱ་བའི་ཞུས་ལན་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བདེ་བྱེད་ཆུར་ཉལ་རང་བྱུང་མེ་ཏོག་མདའ། །མཚོ་བྱུང་བདག་པོ་ལམ་ནག་ཉི་མའི་བུས། །གང་གི་གསུང་རབ་རྙོག་པར་མ་ནུས་པ། །བུ་རམ་ཤིང་པའི་གསུང་ལ་བདག་ཅག་དད། །བློ་ཆེན་སྡོམ་བརྩོན་སྡེ་སྣོད་མང་འཛིན་ལ། །སྐད་གཉིས་སྨྲ་བ་ཆོས་རྗེ་དཔལ་བཟང་པོས། །ཇི་ལྟར་དྲི་བར་མཛད་པ་དེ་ཡི་ལན། །ལུང་དང་རིགས་པའི་ངག་གིས་ཅུང་ཟད་བཤད། །དེ་ལ་དྲི་བ་དང་པོ་ཆོས་ཀྱི་དབྱིངས་བསྔོ་རྒྱུ་མིན་པ་བདེན་ཡང༌། དོན་དམ་པའི་དགེ་བ་དེ་བཞིན་ཉིད། དོན་དམ་པའི་སྡིག་པ་འཁོར་བ་ཀུན། དོན་དམ་པའི་ལུང་མ་བསྟན་ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ཞེས་གསུངས་པ་ཉན་ཐོས་ཁོ་ནའི་ལུགས་ཡིན་གྱི་ཐེག་པ་ཆེན་པོ་དང་ཐུན་མོང་མ་ཡིན་པའི་རྒྱུ་མཚན་ཅི་ཞེས་པའི་ལན་ནི། ཉན་ཐོས་ཤེས་བྱ་ཐམས་ཅད་རྫས་སུ་གྲུབ་ཅིང་སྟོང་པར་མི་འདོད་རྫས་སུ་གྲུབ་པར་འདོད་པས་དེ་བཞིན་ཉིད་ལ་སོགས་པ་དགེ་བ་ལ་སོགས་པའི་རྫས་སུ་གྲུབ་པར་འདོད་ལ། ཐེག་པ་ཆེན་པོ་པས་ཆོས་ཐམས་ཅད་སྟོང་པ་ཡིན་པས་དེ་དག་རྫས་སུ་གྲུབ་པ་འགོག་ཅིང་དོན་དམ་པའི་དགེ་བ་ལ་སོགས་པ་བཏགས་པ་བར་བཞེད་དོ། །དེས་ན་དེ་དག་ཐུན་མོང་མ་ཡིན་ནོ། །དྲི་བ་གཉིས་པ་དེ་བཞིན་ཉིད་སྤྲོས་བྲལ་ལ་དགེ་བར་འདོགས་པའི་དགོས་པ་ཅི་ཞེས་གསུངས་པའི་ལན་ནི། དེ་བཞིན་ཉིད་ལ་དགེ་བར་འདོགས་པའི་དགོངས་གཞི་ནི་སྡིག་པ་མེད་པ་ཙམ་ལ་དགོངས། དགོས་པ་ནི་ཞུམ་པ་གཟེངས་བསྟོད་པ། དངོས་ཀྱི་དོན་ལ་གནོད་བྱེད་ཀྱི་ཚད་མ་ནི། དེ་བཞིན་ཉིད་དགེ་བ་མཚན་ཉིད་པ་ཡིན་ན། འབྲས་བུ་བདེ་བ་འབྱིན་པར་ཐལ། འདོད་ན་ངན་འགྲོ་མི་སྲིད་པར་འགྱུར་ཏེ། ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །གང་ཕྱིར་ཆོས་མེད་དེ་ཡི་ཕྱིར། །ཅེས་གསུངས་པ་ལྟར་རོ། །འབྲས་བུ་བདེ་བ་མི་སྐྱེད་ཀྱང་དགེ་བ་ཡིན་པ་ཇི་ལྟར་ཡིན་སྙམ་ན། དེ་ལྟར་ན་དགེ་བ་མཚན་ཉིད་པ་མ་ཡིན་པར་བཏགས་པ་བ་ཡིན་ཏེ། བཙོ་བསྲེག་གི་བྱ་བ་མི་བྱེད་པ་ལ་མེར་བཏགས་པ་བཞིན་ནོ། །འཁོར་བ་ལ་དོན་དམ་པའི་སྡིག་པར་འདོགས་པའི་དགོངས་པའི་གཞི་ནི། ཉེར་ལེན་གྱི་ཕུང་པོ་ལྔ་སྡུག་བསྔལ་གྱི་གཞི་ཡིན་པ་ལ་དགོངས། དགོས་པ་འཁོར་བ་ལ་སྐྱོ་བ་བསྐྱེད་པ་ཡིན། དངོས་ལ་གནོད་བྱེད་ཀྱི་ཚད་མ་ནི། འཁོར་བ་ཐམས་ཅད་སྡིག་པ་ཡིན་ན་བདེ་འགྲོའི་ལས་ཀྱང་སྡིག་པར་འགྱུར་ལ་དེ་ལྟ་ན་མངོན་མཐོ་ངེས་ལེགས་མི་སྲིད་པར་འགྱུར་རོ། །དེ་དག་སྲིད་ཀྱང་སྡིག་པ་ཡིན་ན་དེ་ལས་མངོན་མཐོ་ངེས་ལེགས་འབྱུང་བས་འགལ་ལོ། །སྡིག་པ་གཙོ་ཆེ་བ་ལ་དགོངས་ནས་བཏགས་སོ་ཞེ་ན། དེ་ལྟ་ན་དགོངས་པ་ཅན་དང་བཏགས་པ་བར་གྲུབ་བོ། །ནམ་མཁའ་དང་སོ་སོར་བརྟགས་མིན་གྱི་འགོག་པ་ལ་ལུང་མ་བསྟན་དུ་འཆད་པའི་དགོངས་གཞི་ནི་བདེ་འགྲོ་དང་ངན་འགྲོ་གཉིས་ཀའི་རྒྱུ་མ་ཡིན་པ་ལ་དགོངས། དགོས་པ་ནི་འབྲས་བུ་མེད་པའི་བླང་དོར་ལ་མི་འཇུག་པའི་ཆེད་དངོས་ཀྱི་དོན་ལ་གནོད་བྱེད་ཀྱི་ཚད་མ་ནི། ལུང་དུ་མ་བསྟན་པ་མཚན་ཉིད་པ་ཡིན་ན། སྒོ་གསུམ་གྱིས་བསྐྱེད་པའི་ལས་སུ་ཐལ་ཏེ། མདོ་ལས་དགེ་སྡིག་ལུང་མ་བསྟན་གསུམ་ཀ་སྒོ་གསུམ་གྱིས་བསྐྱེད་པའི་ལས་སུ་གསུངས་པའི་ཕྱིར་རོ། །འདོད་ན་འདུས་བྱས་སུ་འགྱུར་རོ། །དེས་ན་ལས་མཚན་ཉིད་པ་མ་ཡིན་པ་ལ་མིང་དེར་བྱུང་བ་ནི་བཏགས་པ་ཡིན་ནོ། །དེས་ན་དགེ་སྡིག་ཡིན་མིན་དང་བ་ལང་ཡིན་མ་ཡིན་ལ་སོགས་པ་མཚན་ཉིད་ལ་བརྟག་དགོས། མཚན་ཉིད་མེད་པའི་མིང་ཐམས་ཅད་མི་བླུན་པོ་ལ་བ་ལང་ལྟར་བཏགས་པ་ཡིན་པར་ཤེས་པར་བྱའོ། །གལ་ཏེ་དེ་དག་ལ་དགེ་བ་ལ་སོགས་པའི་དོན་མེད་ན་དགེ་བ་ལ་སོགས་པར་གདགས་སུ་མི་རུང་ངོ་སྙམ་ན་མི་འགལ་ཏེ། རྣམ་འགྲེལ་ལས། བརྗོད་པར་འདོད་པའི་གཞན་དབང་ཕྱིར། །སྒྲ་རྣམས་གང་ལའང་མེད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །འཕགས་པས་ཀྱང༌། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །ཞེས་གསུངས་པས་ཀུན་སློང་བཟང་ངན་གྱིས་ལུས་ངག་ཡིད་གསུམ་གྱི་བྱ་བ་བཟང་ངན་ལ་འཇུག་ན་དགེ་སྡིག་ཏུ་གསུངས་ཀྱི། དེ་ལས་བཟློག་པ་ལས་མ་གསུངས་སོ། །ལས་བསྒྲུབ་པའི་རབ་ཏུ་བྱེད་པར་ཡང་དེ་དག་གསུངས་ལ། མདོ་ལས་ཀྱང་སྒོ་གསུམ་གྱི་ལས་ལ་དགེ་སྡིག་གི་རྣམ་གཞག་མཛད་ཀྱི་ལས་མ་ཡིན་པ་ལ་དགེ་སྡིག་མ་གསུངས་ཤིང༌། སེམས་པ་དང་བསམ་པའི་ལས་ཀྱི་རྣམ་གཞག་ཀྱང་དེ་ལྟར་གསུངས་སོ། །དེས་ན་ངེས་དོན་གྱི་མདོ་སྡེ་རྒྱུད་སྡེ་བསྟན་བཅོས་ཐམས་ཅད་ལས་དོན་དམ་པར་སྤྲོས་པ་དང་བྲལ་བའི་ཕྱིར་དགེ་སྡིག་ལས་གྲོལ་བར་གསུངས་སོ། །ཆོས་མངོན་པར་ནི་དྲང་དོན་ངེས་དོན་གཉིས་ཀ་གཏན་ལ་འབེབས་པས་རིགས་པས་མ་བརྟགས་པར་ངེས་དོན་དུ་གཟུང་མི་རུང་སྟེ། སློབ་དཔོན་དབྱིག་གཉེན་གྱིས། གཟུགས་སོགས་སྐྱེ་མཆེད་ཡོད་པ་ནི། །དེས་འདུལ་བ་ཡི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། །ཞེས་གསུངས་པས་སོ། །དྲི་བ་གསུམ་པ་དེ་བཞིན་ཉིད་ལ་དགེ་བ་མེད་པས་སྡིག་པར་ཡང་མི་མཚུངས་སམ་གསུངས་པའང་དགོས་པ་ཡོད་ན་གདགས་སུ་རུང་ཡང་དགོས་པ་མེད་པའི་ཕྱིར། དངོས་སུ་མ་བཏགས་ལ། འོན་ཀྱང་མདོ་སྡེ་རྒྱན་ལས། ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ཉེན་ཡོད། །ལ་ལ་དཀར་པོའི་ཆོས་རྣམས་ཡོངས་སུ་བཅོམ། །ལ་ལར་ཐར་པའི་ཆ་མཐུན་དགེ་བ་མེད། །དཀར་པོ་དམན་པ་ཡོད་པ་རྒྱུ་དང་བྲལ། །ཞེས་གསུངས་པ་དང༌། མདོ་ལས་ཀྱང་སེམས་ཅན་རྣམས་ནི་སྡིག་པའི་རང་བཞིན་ཅན་ཡིན་ནོ་ཞེས་གསུངས་སོ། །གང་ཟག་འགའ་ཞིག་ལ་ཐར་པའི་ཆ་མཐུན་གྱི་དགེ་བ་ཙམ་ཡང་མེད་པ་དང༌། སེམས་ཅན་ཐམས་ཅད་ཀྱང་སྡིག་པའི་རང་བཞིན་ཅན་ཡིན་ན། དེ་དག་གི་དེ་བཞིན་ཉིད་ཀྱང་མི་དགེ་བར་ཞལ་གྱིས་བཞེས་པ་ཡིན་ཏེ། དགེ་བ་གཏན་མེད་པར་བཞེད་པའི་ཕྱིར་རོ། །དྲི་བ་བཞི་པ་ཟས་ཀྱིས་འགྲངས་པ་ལ་འདོད་ཆགས་དང་བྲལ་བར་བཤད་ཀྱང་གཏན་ནས་འདོད་ཆགས་དང་བྲལ་བ་མཚན་ཉིད་པ་བཤད་པ་མེད་ཅེས་གསུངས་པ་ཡང༌། དེ་བཞིན་ཉིད་ནི་དོན་དམ་པའི་དགེ་བར་བཤད་ཀྱང་འབྲས་བུ་བདེ་བ་སྐྱེད་པའི་དགེ་བར་བཤད་པ་མེད་ཅེས་གསུངས་པ་ངེད་ཀྱང་དེ་ཉིད་འདོད་པ་ལགས་མོད། དེས་ན་འདོད་ཆགས་དང་བྲལ་བར་བཤད་ཀྱང་འདོད་ཆགས་དང་བྲལ་བ་མཚན་ཉིད་པ་མ་ལགས། དེ་བཞིན་ཉིད་དུ་དོན་དམ་པའི་དགེ་བ་བཤད་ཀྱང་མཚན་ཉིད་པ་མ་ཡིན་པ་ལ་མིང་དེར་བཏགས་པ་ཉིད་ཀྱིས་བཏགས་པ་བར་འགྱུར་བ་ལགས་མོད། དེའི་ཕྱིར་ཆོས་ཀྱི་དབྱིངས་བསྔོ་རྒྱུའི་དགེ་བར་བྱེད་ན་འཁྲུལ་པ་ཡིན་ཏེ། དཔེར་ན་མི་བླུན་པོ་ལ་བ་ལང་དང་བྲམ་ཟེའི་ཁྱེའུ་ལ་མེར་བཏགས་པ་ལ་བཞོ་བཀལ་དང་བཙོ་བསྲེག་རེ་བ་ལྟར་རྣམ་པར་འཁྱམས་པ་ཡིན་ནོ། །དེས་ན་དགེ་བ་མཚན་ཉིད་པ་ཡིན་པ་འགོག་གིས་བཏགས་པ་འགོག་པ་མ་ལགས། དྲི་བ་ལྔ་པ་ཆོས་ཀྱི་དབྱིངས་ལས་གཞན་པའི་ཆོས་མེད་ཅེས་བྱ་བ་དོན་དམ་པའི་ཆོས་ཉིད་ཀྱི་དབང་དུ་བྱས་པ་མ་ལགས་སམ། ཞེས་གསུངས་པའང་དེ་ཉིད་ལགས་མོད། དེ་ལ་དགེ་བ་བྱེད་ན་ཧ་ཅང་ཐལ་ཟེར་བ་ལགས། དྲི་བ་དྲུག་པ་བསྟན་བཅོས་ཀྱི་དགོངས་པ་ཅན་དང་ཐད་ཀའི་སྒྲ་མི་འཁྲུལ་ལམ་གསུངས་པ། འོ་སྐོལ་གྱིས་དྲང་དོན་ངེས་དོན་ཕྱེ་ནས་བཤད་པས་ག་ལ་འཁྲུལ། གཞན་མ་ཕྱེ་བར་པོམ་ཡོར་དུ་དྲང་དོན་ལ་ངེས་དོན་དུ་འཆད་པ་དེ་དག་འཁྲུལ་པ་ལགས་མོད། དྲི་བ་བདུན་པ་ཆུ་ཚིགས་སྦྲེང་བ་ལའང་ལུང་སྡེ་སྣོད་གསུམ་ནས་བཤད་པ་མ་མཐོང༌། ཐམས་ཅད་སྒྲོལ་གྱིས་གླང་པོ་ཆེ་ལ་སོགས་པ་བྱིན་པའི་བྲམ་ཟེས་ཆུ་ཚིགས་སྦྲེངས་གདའ་སྟེ། བྲམ་ཟེ་དེ་རྣམས་མུ་སྟེགས་པ་ལགས་པས་ཁོ་རང་གི་རིག་བྱེད་ནས་འབྱུང་བ་བཞིན་བྱས་གདའ། དེའི་ལག་ལེན་མ་གོ་བར་སངས་རྒྱས་པ་ལའང་དགོས་སྙམ་ནས་བྱས་པར་གདའ་བས། བོད་ཀྱི་གཙུག་ལག་ཁང་ན་ཆོས་ཁུངས་མ་དར་བའི་དུས་ན་ཡོད་པ་མ་ཐོས། གལ་ཏེ་ཡོད་ཀྱང་མ་བཤད་པས་ནོར་བ་ལགས། བལ་པོ་ནའང་འདུལ་འཛིན་རྣལ་མ་མེད་པས་ཏ་པ་སི་ལ་ལག་ལེན་ནོར་བ་མང་པོ་ཡོད་པར་གདའ། ཆོས་གོས་ལ་ཆག་ཚད་མེད། ཞྭ་དང་ཤ་འགག་དང༌། བེར་ཕྲུགས་དཀར་པོ་གོན། དབྱུག་པ་བསྲུབས་པ་ལ་གཎྜཱི་བྱེད། ལ་ལ་ཟངས་ཀྱི་ལྷུང་བཟེད་བྱེད། དགོངས་ཀ་གྲོང་དུ་འགྲོ་བ་ལ་ལྷུང་བཟེད་ཁུར་དགོས་ཟེར། ལྷུང་བཟེད་ལག་པས་མནན་པར་བྱིན་ལེན་གྱི་གོ་ཆོད་པར་བྱེད། གྲིབ་ཚོད་སློབ་དཔོན་རང་གིས་བརྗོད། དེ་ལ་སོགས་པ་ནོར་པ་མང་པོ་ཡོད་པར་གདའ། དེས་ན་འོ་སྐོལ་སྡེ་སྣོད་འཛིན་པ་རྣམས་ལ་ལག་ལེན་མི་རྒན་ཚོ་བྱེད་པ་བས་སྡེ་སྣོད་ནས་བཤད་པ་ཅིག་དགོས་པར་གདའ། མི་རྒན་བྱེད་པ་དག་བོད་ནའང་མདོ་བསྐུལ་སྒོག་སྐྱ་མ་བྱ་བ་ལ་སོགས་པ་མང་པོ་གདའ་སྟེ། མ་བཤད་པར་གདའ། ཁྱེད་རང་སྡེ་སྣོད་འཛིན་པ་ལགས་མོད། དྲི་བ་བརྒྱད་པ་བླ་མ་ཨ་བྷ་ཡའི་ཆོ་གས་ངེད་ཀྱི་མཁན་པོ་ཆོས་རྗེ་པ་སྐྱེ་བོ་ཀུན་ལ་སེམས་བསྐྱེད་པ་མཛད་པ་དེ་བྱང་ས་དང་ཇི་ལྟར་མཐུན་པ་གསུང་བའང༌། ངེད་ཀྱི་མཁན་པོ་བསོད་སྙོམས་པ་ཆེན་པོ་ལ་འགའ་ཞིག་སེམས་བསྐྱེད་ཞུ་ཡིན་གདའ་བས། ཛེ་ཏཱ་རིའི་ལུགས་ཀྱིས་དབུ་མའི་དཔེ་རྒྱ་གར་དུ་ལུས་ནས་མེད་གསུང༌། དེར་སྡོམ་པ་ཉི་ཤུ་པའི་ལུགས་ཞུ་བྱས་པས་བསྙེན་གནས་མི་ཐུབ་པ་ལ་སེམས་བསྐྱེད་གང་ན་འོང་གསུངས་ནས་མ་གནང༌། དགེ་སློང་གི་མཁན་པོ་ཞུ་བ་ཀུན་ལའང་འདུལ་བ་ཉན་ཞིང་ངའི་དྲུང་དུ་ལོ་བཅུ་སྡོད་ནུས་ན་བྱ་གསུངས་ནས་མ་གནང༌། དབང་ཞུ་བ་ལའང་རྩ་ལྟུང་སྲུང༌། རིམ་གཉིས་སྒོམ། རྒྱུད་སྡེ་ཕྱོགས་རེ་སློབ་ནུས་ན་བྱེད་དེ་ཁྱེད་ཀྱིས་མི་ནུས་གསུངས་ནས་མི་གནང་བར་གདའ། ཕྱིས་དད་པ་ཅན་ཚོ་མཆི་མ་ཕྱུང་ནས་ཡང་ཡང་ཞུས་པས། བོད་དཔེ་ཁྱེར་ལ་ཤོག་གསུངས་ནས་བོད་ཀྱི་ལས་ཆོག་ལ་རྒྱ་ཡིག་གི་མཆན་བཏབ། བོད་ཀྱི་སེམས་ཙམ་པའི་ཡི་གེ་ལ་དབུ་མའི་ལུགས་ཀྱི་སྡིག་བཤགས་ལ་སོགས་པ་བསྣན་ནས་མཛད་ཀྱིན་གདའ། ཡུལ་ཆོས་ཀྱི་དགེ་སློང་ཡུལ་ཆོས་ཀྱི་སེམས་བསྐྱེད་ང་བོད་དུ་འོངས་པས་ཆུད་ཟོས་གསུང་ཞིང་ཞུ་མཁན་ཀུན་ལ་མི་མཉེས་བཞིན་མཛད་ཀྱིན་གདའ། ཨ་བྷ་ཡའི་སེམས་བསྐྱེད་ཀྱི་ཆོ་ག་ངས་མ་མཐོང་ལགས། སེམས་ཙམ་པའི་ཆོ་ག་ལ་སྡིག་པ་བཤགས་པ་ལ་སོགས་པ་དང་ཡུལ་ཡང་སྐྱེ་བོ་ཀུན་ལ་བྱེད་ན། བྱང་ས་དང་མི་མཐུན་པས་མ་དག་པར་མཆི། འོན་ཀྱང་མཁན་པོས་གཞན་གྱི་ངོ་བསྲུང་བས་བོད་རྣམས་ཀྱི་ངོར་མཛད་པ་འདྲ་བར་གདའ། རྒྱ་གར་དུའང་ཕལ་ཆེན་སྡེ་པ་ལ་སོགས་པ་སྡེ་པ་མི་འདྲ་བ་མང་པོ་ཡོད་པའི་ནང་དུ་བཞུགས་པས་དེ་རྣམས་ཀྱི་ངོར་ལྷུང་བཟེད་ཀྱི་བྱིན་ལེན་དང༌། ཕྱི་དྲོའི་བུ་རམ་མི་ཟབ་ལ་སོགས་ཐམས་ཅད་ཡོད་སྨྲའི་འདུལ་བའི་ལག་ལེན་དང་མི་མཐུན་པ་འགའ་ཞིག་བྱེད་དགོས་སུ་སོང་གསུང་གིན་གདའ། དྲི་བ་དགུ་པ། དབུ་མའི་ལུགས་ཀྱི་སེམས་བསྐྱེད་ཀྱི་ཆོ་ག་དང༌། དེའི་བསླབ་བྱ་གང་ཡིན། བསླབ་བྱ་ལ་མ་བསླབས་ན་ཉམས་པའི་ཉེས་པ་མི་འབྱུང་ངམ་གསུངས་པའང༌། འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་ཆོ་ག་ལ་བརྟེན་ནས་སྤྱོད་འཇུག་ཏུ་མཛད། དེའི་དོན་ཛི་ཏཱ་རིས་བསྡུས་ནས། ཡི་དམ་བླང་བར་མཛད་པའི་ཆོ་གའི་ལུགས་དེ་ལགས། ཡུལ་ཡང་སེམས་ཅན་ཐམས་ཅད་ལ་བྱ་བར་གསུངས། ལྟུང་བའང་བྱང་ཆུབ་སེམས་དཔའ། རྒྱལ་པོ། བློན་པོ། སྐྱེ་བོ་ཕལ་པ་ཚོའི་རྣམ་གཞག་མཛད། སྡོམ་པ་གཏོང་བའི་ཚུལ་ཡང་སོ་སོར་ཐར་པ་ལའང་ལྟུང་བ་བྱུང་བས་སྡོམ་པ་གཏོང་བ་དང༌། མི་གཏོང་བའི་ལུགས་གཉིས་གདའ། དེ་བཞིན་དུ་ཐེག་པ་ཆེན་པོ་ལའང་ལུགས་གཉིས་ཡོད་པའི་སེམས་ཙམ་པ་ལྟུང་བས་སྡོམ་པ་གཏོང་བའི་ལུགས་སུ་གསལ། དབུ་མ་ལ་ལུགས་ལ་གཉིས་ཀ་གདའ། ངེད་ཅག་སྨོན་པའི་སེམས་མ་བཏང་ན་ལྟུང་བ་གཞན་བྱུང་ཡང་སྡོམ་པའི་རྩ་བ་མི་གཏོང་བའི་ལུགས་དེའི་རྗེས་སུ་འབྲང་བ་ལགས། དེའང་སངས་རྒྱས་ཕལ་པོ་ཆེ་ལས། རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་རང་གི་རིགས་མི་འདོར། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་བསྐྱེད་པའང་ནན་ཏན་དང་བྲལ་ཡང་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་ཅིང་རང་གི་རིགས་མི་འདོར། ཞེས་བྱ་བ་ལ་སོགས་པ་དང༌། རྒྱལ་པོ་ལ་གདམས་པའི་མདོ་ལ་སོགས་པའི་རྗེས་སུ་འབྲང་བ་ལགས། འདིར་སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅས་ནས། །ཞེས་བྱ་བ་ལ་སོགས་པ་གསུངས་པའང༌། སྨོན་པ་མ་ཉམས་པར་འཇུག་པ་འགའ་ཞིག་ལས་ཉམས་ན། ངན་སོང་དུ་ཅུང་ཟད་སྐྱེ་བར་གསུངས་ཀྱི་མཐར་འཚང་མི་རྒྱ་བའི་ལུགས་མ་ལགས། ལྟུང་བས་རེ་ཞིག་ངན་སོང་དུ་སྐྱེས་ཀྱང་སྨོན་པ་མ་ཉམས་ན་མཐར་འཚང་རྒྱ་སྟེ། སྐྱེས་རབས་ལ། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །དེ་ནའང་ཆོས་ཀྱི་འདུ་ཤེས་ཉམས་པ་མེད་ཅེས་བྱ་བ་ལ་སོགས་པ་དང༌། མདོ་སྡེ་རྒྱན་ལས། རིང་མོ་ཞིག་ནས་ངན་སོང་དུ། །འགྲོ་ཞིང་མྱུར་དུ་ཐར་པ་དང༌། །དེ་ནའང་སྡུག་བསྔལ་ཆུང་ངུ་མྱོང༌། །སྐྱོ་བཅས་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་པ་ལྟར། སྤྱོད་འཇུག་ལས། དངོས་པོ་ཕལ་པ་ཅུང་ཟད་ལའང༌། ཞེས་བྱ་བ་ལ་སོགས་པ་ནི་སྨོན་པ་ཉམས་ན་འཚང་མི་རྒྱ་བ་ལ་དགོངས་སོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པའི་སྨོན་པ་མ་ཉམས་ན་འཇུག་པ་ལ། རིམ་གྱིས་སློབ་པས་འཁོར་བ་མཐའ་ཅན་དུ་འགྱུར་ཏེ། དཔེར་ན་མི་རྒྱུན་མ་ཆད་ན་ཟས་ནོར་ཞར་ལས་འབྱུང་བ་བཞིན་ནོ། །དེས་ན་སེམས་བསྐྱེད་སུས་ཐོས་ཀྱང༌། སྨོན་པ་འཆོར་དཀའ་བས། མཐར་སངས་རྒྱས་པའི་དགོངས་པ་དེར་གདའ། བསླབ་བཏུས་ཀྱི་དགོངས་པའང་དེ་བཞིན་དུ་ཤེས་པར་བྱའོ། །དེས་ན་སེམས་བསྐྱེད་ཀྱི་བསླབ་བྱ་རྒྱས་བསྡུས་དང༌། བརྩོན་པ་ཆེ་ཆུང་ལས་འཚང་རྒྱ་བ་སྔ་ཕྱི་འབྱུང་བས། དེས་ན་རིམ་གྱིས་འཚང་རྒྱ་བའི་སེམས་བསྐྱེད་ཀྱི་ལུགས་ལ་མྱུར་དུ་འཚང་རྒྱ་བ་ལ་དགོངས་པའི་བསླབ་བྱ་ཚོ་མ་སྦྱར་བས་སྐྱོན་དུ་མི་འགྲོ་སྟེ། དཔེར་ན་རིམ་གྱིས་གསོ་དགོས་པའི་ནད་ལ་ཅིག་ཅར་སོས་པའི་སྨན་མ་བཏང་ཡང་སྐྱོན་དུ་མི་འགྲོ་བ་བཞིན་ནོ། །དེས་ན་བསླབ་བྱ་བསླབ་པ་ལ་དགོངས་པ་ཡིན་གྱི། གཏན་ནས་བསླབ་བྱ་མི་དགོས་པ་མ་ལགས། དེའང་སྤྱོད་འཇུག་གི་སྡོམ་པ་ལེན་པའི་ཆོ་གའི་སྐབས་སུ་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། ཞེས་སྨོན་པ་བླངས་ནས། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་འཇུག་པ་ལས་རིམ་གྱིས་སློབ་པར་ཁས་བླངས་ཀྱིས། བསླབ་བྱ་ཐམས་ཅད་ད་ལྟ་ཉིད་ནས་སློབ་པར་ཁས་བླངས་པ་མེད་པས་དམ་བཅས་ཉམས་པའི་མི་མཆི། སྨོན་པ་བཏང་ནས་དགེ་བ་ཕྲ་མོ་ཙམ་ཡང་མ་སྤྱད་ན་དམ་བཅའ་ཉམས་པའི་ཉེས་པ་མཆིས་མོད། འོན་ཀྱང་སྨོན་པ་གཏོང་བའི་རྒྱུ་ཤིན་ཏུ་དཀའ། འཇུག་པ་ལ་དགེ་བ་ཕྲ་མོ་ཙམ་རེ་མི་བྱེད་པའང་མི་སྲིད་པའི་ཚོད་ཙམ་དུ་མཐོང་བས་དབུ་མའི་ལུགས་ཀྱི་སེམས་བསྐྱེད་གཏོང་བ་དཀའ་བར་གདའ། སྤྱིར་ཆོ་ག་ལ་ཕན་ཡོན་ཤས་ཆེ་བ་དང་གཅིག ཉེས་དམིགས་ཤས་ཆེ་་བ་དང་གཅིག གཉིས་ཀ་ཆ་མཉམ་པ་གཅིག་ལས། སེམས་བསྐྱེད་འདི་ཕན་ཡོན་ཤས་ཆེ་བར་གདའ། འདི་དག་གི་བསླབ་བྱ་རྒྱས་བསྡུས་རྣམས་མདོ་དང་བསླབ་བཏུས་ལ་སོགས་པར་གསལ་ལོ། །དྲི་བ་བཅུ་པ་བརྒྱ་ལ་ཕག་མགོའི་དབང་ལ་སོགས་པ་གསུངས་ན་དབང་ཞེས་བརྗོད་པ་ལ་འགལ་བ་ཅི་མཆིས་གསུངས་པ་ལ་ཡང༌། སྤྱིར་ཕག་མགོའི་དབང་ལ་སོགས་པ་རྒྱུད་སྡེ་གང་ནས་ཀྱང་བཤད་པ་མི་གདའ། གལ་ཏེ་གསུང་སྲིད་ན་བྱ་བ་བརྟགས་པ་མཐའ་བཟུང་བ་ལགས། དཔེར་ན་མེ་ལ་བསིལ་བ་མེད། ཡོད་ན་མེ་མ་ཡིན་སྒྱུ་མ་ལ་སོགས་པ་གཞན་ཡིན་ཟེར་བ་དང་འདྲ། དེ་ལ་དབང་བསྐུར་ལ་སྦྱོར་དངོས་རྗེས་གསུམ་ཡོད་པའི་དངོས་གཞི་དབང་མཚན་ཉིད་པ་ལགས། སྟ་གོན་དང་རྗེས་གནང་ཡང་དབང་བཏགས་པ་བ་ཡིན་ཏེ། དཔེར་ན་དགེ་སློང་གི་སྡོམ་པའི་ཆོ་ག་ཟེར་ཡང་སྦྱོར་བ་བར་ཆད་དྲི་བ་ལ་སོགས་པ་དང༌། རྗེས་བསླབ་བྱ་བཅུ་གཅིག་བརྗོད་པ་ཚོ་དགེ་སློང་གི་སྡོམ་པའི་ངོ་བོ་འབོགས་པ་མ་ལགས། སྡོམ་པའི་ངོ་བོ་འབོགས་པ་ལ་གསོལ་བའི་ལས་གཅིག་དང༌། བརྗོད་པའི་ལས་གསུམ་ལས་མི་གདའ། སེམས་བསྐྱེད་པའང་སྦྱོར་བ་ཡན་ལག་བདུན་དང༌། རྗེས་དགའ་བ་བསྒོམ་པ་ཀུན་སེམས་བསྐྱེད་དུ་མིང་བཏགས་ཀྱང་ཡན་ལག་ཡིན་གྱི་དངོས་གཞི་མ་ལགས། སྡོམ་པ་ཉི་ཤུ་པ་ཟེར་ཡང་སྡོམ་པ་ལེན་པའི་ཆོ་ག་ལ་ཚིག་གཅིག་ལས་མི་གདའ། གཞན་ཐམས་ཅད་སྦྱོར་བ་དང༌། རྗེས་ཀྱི་བསླབ་བྱ་ལ་མིང་བཏགས་གདའ། དེ་བཞིན་དུ་རྗེས་གནང་ལ་དབང་བསྐུར་གྱི་མིང་བཏགས་ཀྱང་མཚན་ཉིད་པ་མ་ཡིན་བཏགས་པ་བ་ཡིན་ཏེ། སཾ་པུ་ཊ་ལས། དབང་དང་བཀས་གནང་ཐོབ་པ་ཡི། །བྱ་བ་བྱས་པས་རབ་འཛུམ་ཞིང༌། །འགྲོ་ཀུན་དགའ་བར་བྱེད་པ་ཡི། །ཤིན་ཏུ་སྙན་པའི་ཚིགས་འདི་བརྗོད། །ཅེས་དབང་དང་རྗེས་གནང་གཉིས་ཐ་དད་དུ་གསུངས་ལ། བུམ་དབང་བཅུ་གཅིག་ཅེས་བྱ་བར་མིང་འདོགས་པ་ནི་བུམ་དབང་གི་ཡན་ལག་ལ་དེར་མིང་བཏགས་པ་ལགས། དཔེར་ན་རྒྱལ་པོའི་ཕོ་ཉ་བཅུ་གཅིག་ཟེར་ཡང༌། གཅིག་དཔོན། གཞན་འཁོར་དུ་འགྲོ་བ་དང་འདྲ། ཡང་དབང་གི་མིང་བཏགས་ཚད་དབང་དུ་འགྲོ་ན། སུམ་བརྒྱ་པ་ལས། རྫོགས་པའི་བྱང་ཆུབ་སྐལ་ནོད་དབང་བསྐུར་ཡིན། །ཞེས་བྱ་བ་དང༌། མདོ་ལས་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ཞེས་གསུངས་པ་དང༌། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའང་སྔགས་ཀྱི་དབང་བསྐུར་དུ་ཐལ་བར་འགྱུར་རོ། །དེས་ན་མདའ་གཞུའང་ཆོས་བཤད་པའི་རྗེས་སུ་གནང་བ་ལ་སོགས་པ་རྗེས་གནང་ཡིན་གྱི་དབང་དངོས་མ་ལགས། ཕག་མགོའི་དབང་བསྐུར་ལ་སོགས་པ་གསུངས་པ་ཅིག་འདུག་ནའང༌། འདི་འདྲའི་རིགས་སུ་བསྡུ་དགོས་ཏེ། འདི་གསུངས་པའང་མེད་པས་བརྫུན་འབའ་ཞིག་ལགས། དྲི་བ་བཅུ་གཅིག་པ་གསང་སྔགས་གསར་རྙིང་ལ་བོད་ཀྱིས་སྦྱར་བའི་རྒྱུད་སྡེ་གང་ལགས་གསུངས་པའང༌། སྔགས་རྙིང་མ་ལ་ལྷ་མོ་སྐྱེ་རྒྱུད་དང༌། བུམ་རིལ་ཐོད་མཁར་ལ་སོགས་པ་ཤིན་ཏུ་མང་བར་གདའ། གསར་མ་ལ་བོད་ཀྱིས་སྦྱར་བའི་རྒྱུད་དུས་འབྱུང་དང༌། ཕྱག་ན་རྡོ་རྗེ་མཁའ་འགྲོ་དང༌། ར་ལི་ཉི་ཤུ་རྩ་བཞི་ལ་སོགས་པ་ཤིན་ཏུ་མང་པོ་བརྗོད་ཀྱིས་མི་ལང་བ་ཅིག་གདའ་སྟེ། ཐམས་ཅད་གསལ་ཁ་སྟོན་ན་ཕོག་ཐུག་བག་ཙམ་ཡོང་བར་གདའ་བས་ཁྱེད་ཉིད་ཀྱིས་དཔྱོད་མཛོད། དྲི་བ་བཅུ་གཉིས་པ། སྡེབ་སྦྱོར་ལ་སོགས་པ་གང་ཐོས། གང་ལས་ཐོས་གསུངས་པའང༌། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་དང༌། དྲང་སྲོང་དམར་སེར་གྱིས་སྦྱར་བའི་རྩ་བ་དང༌། དེའི་འགྲེལ་པ་རྒྱལ་བའི་ལྷས་སྦྱར་བ་དང༌། བྲམ་ཟེའི་པཎྜི་ཏ་སུ་ག་ཏ་ཤྲཱི་ལས་ཐོས་ལགས། རྒྱན་གྱི་བསྟན་བཅོས་དཎྜཱི་དང༌། དབྱངས་ཅན་གྱི་མགུལ་རྒྱན་གྱི་དགོས་པ་ཚོ་སཾ་གྷ་ཤྲཱི་ལས་ཐོས། དེའི་འགྲེལ་པ་ཅི་རིགས་པ་ཅིག་དཱ་ན་ཤཱི་ལ་ལས་ཀྱང་ཐོས། སྐྱེས་རབས་མཁན་པོ་ཆོས་རྗེ་པ་དང༌། ཆོས་རྗེ་ས་སྐྱ་པ་གཉིས་ལས་ཐོས་ལགས། དྲི་བ་བཅུ་གསུམ་པ་ཉན་བཤད་ཡོད་པའི་རྒྱུད་དུ་ཞིག་མཆིས་གསུངས་པའང་གསང་བ་འདུས་པ་ལ་འཕགས་སྐོར་ཡན་ལག་དང་བཅས་པ། ཡེ་ཤེས་ཞབས་ལ་རྒྱན། ལྗོན་ཤིང་སྙིམ་པའི་མེ་ཏོག་སྟེ། འགྲེལ་པ་གསུམ་ཡན་ལག་དང་བཅས་པ་ཆོས་རྗེ་ས་སྐྱ་པ་ཆེན་པོ་ཉིད་ལས་ཐོས། འཕགས་སྐོར་དང༌། ཡེ་ཤེས་ཞབས་ཀྱི་ཡན་ལག་ཚོ་མཁན་པོ་ཆོས་རྗེ་པ་ཉིད་ལས་ཁུམས། གཤིན་རྗེ་གཤེད་ཀྱི་རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ། མངོན་བརྗོད་བླ་མ། ཧེ་རུ་ཀ་མངོན་འབྱུང༌། ཀུན་ཏུ་སྤྱོད་པ། རྣལ་འབྱོར་མ་བཞི་ཁ་སྦྱོར། རྡོ་རྗེ་ཕག་མོ་མངོན་པར་འབྱུང་བ། ཀྱེའི་རྡོ་རྗེའི་རྒྱུད་གསུམ། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལ་སོགས་པ་ཐིག་ལེའི་སྐོར་ཚོ། རྙོག་པ་མེད་པ་ལ་སོགས་པ་ཨ་རལླིའི་རྒྱུད་གསུམ། མགོན་པོ་མངོན་པར་འབྱུང་བ། དུས་ཀྱི་འཁོར་ལོ་ཡན་ལག་དང་བཅས་པ་གཞན་རྣལ་འབྱོར་གྱི་རྒྱུད་ལ་དེ་ཉིད་བསྡུས་པ་རྩ་རྐྱང་དང་འགྲེལ་པའི་ལུགས་གཉིས། དཔལ་མཆོག་དང་པོ། ནམ་མཁའ་དང་མཉམ་པའི་རྒྱུད། སློབ་དཔོན་ཤཱནྟི་བའི་འགྲེལ་པ་དང་བཅས་པ། ཐམས་ཅད་གསང་བ་སློབ་དཔོན་ཤཱནྟི་བའི་འགྲེལ་པ་དང་བཅས་པ་དང༌། ངན་སོང་སྦྱོང་རྒྱུད་དེ་རྣམས་ཆོས་རྗེ་ས་སྐྱ་པ་ཉིད་ལས་ཐོས། དཔའ་བོ་གྲུབ་པ་ཆོས་རྗེ་ས་སྐྱ་པ་དང༌། མཁན་པོ་ཆོས་རྗེ་པ་གཉིས་ལས་ཐོས། སྤྱོད་པའི་རྒྱུད། མིག་གཡོ་བའི་རྒྱུད་རྟོག་པ་ཆེན་པོ་དང༌། གསང་བ་ཆེན་པོ་ལ་སོགས་པ་འགའ་ཆོས་རྗེ་ས་སྐྱ་པ་ཆེན་པོ་ལས་ཐོས། རྣམ་སྣང་མངོན་བྱང་མཁན་པོ་ཆོས་རྗེ་པ་ལས་ཐོས། བྱ་བའི་རྒྱུད་དཔུང་པ་བཟང་པོ། ལེགས་པ་གྲུབ་པ། གསང་བ་སྤྱི་རྒྱུད། དོན་ཡོད་ཞགས་པ་དང༌། གཙུག་ཏོར་རྣམ་རྒྱལ་ལ་སོགས་པ་མང་དུ་ཆོས་རྗེ་ས་སྐྱ་པ་དང༌། མཁན་པོ་ཆོས་རྗེ་པ་གཉིས་ཀ་ལས་ཐོས་ལགས། དྲི་བ་བཅུ་བཞི་པ་བྱེ་བྲག་ཏུ་བརྟག་པ་གཉིས་པའི་འགྲེལ་པ་གང་གསན་གསུངས་པའང༌། འགྲེལ་པ་ཀུ་མུ་ཏི། རྣལ་འབྱོར་རིན་པོ་ཆེའི་ཕྲེང་བ། མུ་ཏིག་ཕྲེང་བ། པདྨ་ཅན། དེ་རྣམས་ཆོས་རྗེ་ས་སྐྱ་པ་ལས་ཐོས། རྡོ་རྗེ་སྙིང་པོའི་བསྟོད་འགྲེལ་དང༌། བདེ་མཆོག་གི་ཕྱག་ན་རྡོ་རྗེའི་བསྟོད་འགྲེལ་གཉིས་མཁན་པོ་ཆོས་རྗེ་པ་ལས་མཉན། གཞན་དགྱེས་པ་རྡོ་རྗེའི་འགྲེལ་པ། སློབ་དཔོན་ནག་པོ་པ་དང༌། ཀ་མ་ལ་ཀུ་ལི་ཤས་མཛད་པ་དང༌། དེ་མིན་པ་ཡང་འགྲེལ་པ་ཆང་ཆུང་མང་པོ་མཐོང་ནི་མཐོང༌། ཐོས་ནི་མ་ཐོས་ལགས། དྲི་བ་བཅོ་ལྔ་པ་མཚན་བརྗོད་ཀྱི་བཤད་པ་ལུགས་དྲུག་གང་ཡིན་གསུངས་པའང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་འགྲེལ་ཆེན་འགྲེལ་ཆུང་གཉིས། སྒེག་པ་རྡོ་རྗེའི་འགྲེལ་པ་བར་པ། ལམ་འབྲས་ཀྱི་བཤད་པའི་ལུགས་ཏེ་བཞི་པོ་དེ་ཆོས་རྗེ་ས་སྐྱ་པ་ལས་ཐོས་ལགས། གཞན་དུས་འཁོར་གྱི་བཤད་ལུགས་གཅིག་དང༌། སློབ་དཔོན་དབུ་མ་ལ་དགའ་བས་མཛད་པའི་འགྲེལ་པ་གཉིས་ཏེ། མཁན་པོ་ཆོས་རྗེ་པ་ལས་ཐོས་ལགས། སླར་ཡང་དེ་དག་གི་དོན་བསྡུས་ཏེ་བསྟན་པ། ཉན་ཐོས་དང་ནི་ཐེག་ཆེན་གཉིས། །གཞི་དང་བསམ་པ་ཕལ་ཆེར་འགལ། །ཉན་ཐོས་ཐམས་ཅད་ཡོད་པར་སྨྲ། །དབུ་མར་དེ་དག་སྟོང་པར་གསུངས། །དེས་ན་ཉན་ཐོས་ཐེག་ཆེན་གཉིས། །དངོས་པོའི་དོན་ལ་མཐུན་མི་སྲིད། །དགེ་སྡིག་ལ་སོགས་ཐམས་ཅད་ཀྱང༌། །བཏགས་པ་བ་དང་མཚན་ཉིད་པ། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཤེས་བྱ་ཀུན་ལ་གདགས་རུང་ཕྱིར། །བཏགས་པ་འདིར་ནི་དགག་བྱ་མིན། །མེ་ཡི་མཚན་ཉིད་ཚ་བ་ལྟར། །དགེ་སྡིག་མཚན་ཉིད་ལེགས་ཤེས་ནས། །ཕྱི་ནས་ཡིན་མིན་དཔྱད་པར་བྱ། །དུག་གསུམ་གྱིས་བསྐྱེད་ལས་སྡིག་པ། །དེ་ལས་བཟློག་པ་དགེ་བ་ཉིད། །ཡིན་ཕྱིར་ཆོས་ཉིད་དགེ་བ་མིན། །དེ་ནི་འདུས་མ་བྱས་ཕྱིར་རོ། །མཛོད་ལས་དོན་དམ་དགེ་བ་སོགས། །བཤད་པ་མཚན་ཉིད་པར་འདོད་ལོ། །ཀུན་ནས་བཏུས་ལས་དེ་འདྲ་བར། །གསུངས་པ་བཏགས་པ་བ་ལ་དགོངས། །དེ་ལྟ་མིན་ན་གནོད་བྱེད་ཡོད། །ཉེ་བ་འཁོར་གྱིས་ཞུས་པའི་མདོར། །ཉན་ཐོས་དང་ནི་ཐེག་ཆེན་གཉིས། །གཞི་དང་བསམ་སྦྱོར་འགལ་བར་གསུངས། །བྱམས་པ་ཀླུ་སྒྲུབ་དབྱིག་གཉེན་གྱིས། །ཐེག་པ་ཆེན་པོ་བཀར་བསྒྲུབ་ཏུ། །དེ་དག་མཆོག་དམན་ཁྱད་པར་ཆེ། །འགལ་བའི་རྣམ་གཞག་ལེགས་པར་གསུངས། །བྱེ་བྲག་སྨྲ་བས་དོན་དམ་པའི། །དགེ་བ་ལ་སོགས་བཤད་པ་དང༌། །རྡུལ་དང་སྐད་ཅིག་བདེན་དངོས་དང༌། །དུས་གསུམ་རྫས་སུ་འགྲུབ་པ་སོགས། །དེ་དག་ཐམས་ཅད་ཐེག་ཆེན་འགོག །དེ་ལྟ་མིན་པར་དེ་བདེན་ན། །ཕ་རོལ་ཕྱིན་པའི་སྤྲོས་བྲལ་དང༌། །རྡོ་རྗེ་ཐེག་པར་གསུངས་པ་ཡི། །ཐམས་ཅད་སྟོང་པ་ལ་སོགས་དང༌། །ཕྱག་རྒྱ་ཆེན་པོའང་འཁྲུལ་པར་འགྱུར། །གལ་ཏེ་དོན་དམ་དགེ་ཡིན་ན། །དགེ་སྡིག་ཤེས་བྱ་ཡིན་པའི་ཕྱིར། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་སོགས་བཤད་པའང་འཁྲུལ་པར་འགྱུར། མྱ་ངན་འདས་པ་སངས་རྒྱས་ཀྱིའང༌། །སྤྱོད་ཡུལ་མིན་ཞེས་གསུངས་པའང་འགལ། །ཕ་རོལ་ཕྱིན་པའི་མདོ་སྡེ་སོགས། །སྟོང་པར་གསུངས་པ་ཐམས་ཅད་འཁྲུལ། །དེས་ན་ངེས་དོན་མདོ་སྡེ་དང༌། །གསང་སྔགས་བླ་ན་མེད་པ་ལ། །གུས་པ་རྣམས་ཀྱིས་དོན་དམ་དང༌། །ཆོས་ཉིད་སྤྲོས་དང་བྲལ་བ་དང༌། །དགེ་སྡིག་ཀུན་ལས་གྲོལ་བའི་ཕྱིར། །དེ་དག་བརྗོད་བྲལ་ཡིན་པར་གསུང༌། །ཉན་ཐོས་རྣམས་ལ་དམིགས་པའི་དུག །སྐྱོན་མིན་ཐེག་ཆེན་སྐྱོན་དུ་བཞེད། །དེས་ན་ཉན་ཐོས་ཐེག་ཆེན་གཉིས། །ཐུན་མོང་མིན་པ་དེ་ལྟར་ལགས། །དོན་དམ་དགེ་བ་དགོངས་པའི་གཞི། །སྡིག་བྲལ་ཙམ་ཡིན་དགོངས་པ་ནི། །ཞུམ་པ་གཟེངས་བསྟོད་དེ་དག་གི །འཐད་པ་རྒྱུད་བླར་གསུངས་པ་བཞིན། །དགོངས་པ་མིན་ན་ལས་སུ་འགྱུར། །ལས་མིན་དགེ་བས་འབྲས་འབྱིན་ན། །ངན་འགྲོ་མི་སྲིད་མི་འབྱིན་ན། །དགེ་བ་བཏགས་པ་མིང་རྐྱང་ཡིན། །ངེས་དོན་རྣམས་ཀྱི་མདོ་སྡེ་དང༌། །འགལ་བ་ཀླུ་སྒྲུབ་གསུང་བཞིན་བལྟ། །དེ་བཞིན་དོན་དམ་སྡིག་ལ་སོགས། །དགོངས་པ་ཡིན་པར་ཤེས་པར་བྱ། །དེ་ལྟར་མིན་ན་འཁོར་བ་ལ། །མངོན་མཐོ་ངེས་ལེགས་མི་སྲིད་ཅིང༌། །འགོག་པ་གཉིས་ཀྱང་ལས་འགྱུར་ཏེ། །གསུམ་ཀ་ལས་སུ་གསུངས་ཕྱིར་རོ། །ལས་མིན་ན་ཡང་དེར་བཏགས་ན། །བཏགས་པ་ཡིན་ཕྱིར་དེ་མི་འགོག །ཆོས་ཀྱི་དབྱིངས་ལ་མི་དགེ་བར། །དགོས་པ་ཡོད་ན་གདགས་རུང་མོད། །དགོས་པ་མེད་ཕྱིར་དེ་མ་གསུངས། །ལ་ལར་རིགས་ཆད་ཅེས་གསུངས་པ། །དེ་འདྲའི་རིགས་སུ་བཤད་དུ་རུང༌། །དགོངས་པ་ཐམས་ཅད་དེ་འདྲར་བཤད། །ཟས་དང་འཁྲིག་པའི་ཆགས་བྲལ་སོགས། །ཆགས་བྲལ་མིན་ཡང་དེར་བཤད་པ། །ཆོས་ཉིད་དགེ་བ་མིན་པ་ལ། །དགེ་བར་བཏགས་པའི་དཔེ་ཡིན་གྱི། །དེ་དག་ཆགས་བྲལ་མཚན་ཉིད་པར། །བཤད་པར་ཁོ་བོ་མི་འདོད་དོ། །ཆོས་ཉིད་སྦྱོར་བྱུང་དགེ་བ་རུ། །གལ་ཏེ་ཁྱེད་ཀྱང་མི་བཞེད་ན། །ངེད་ཀྱང་དེ་ལྟར་འདོད་པའི་ཕྱིར། །དེ་ལ་དྲི་བ་ཅི་ཞིག་མཆིས། །སྦྱོར་བྱུང་མིན་པ་ཉིད་ཀྱིས་ན། །དེ་ཉིད་མིན་ཕྱིར་མིང་མི་འགོག །རྣམ་དག་ཡེ་ཤེས་སྤྱོད་ཡུལ་ལ། །དགེ་དང་སྡིག་པ་གཟིགས་པ་མེད། །འགའ་ཡང་མཐོང་བ་མེད་པ་ཡི། །ཚུལ་གྱིས་ཆོས་ཉིད་མཐོང་ཞེས་གསུངས། །དགེ་དང་སྡིག་པ་ལ་སོགས་པ། །ཆོས་ཅན་གཟིགས་པའི་ཡེ་ཤེས་ལགས། །དེ་དག་རང་ལྡོག་ཆོས་ཉིད་ཀྱི། །མིང་གིས་འདོགས་ན་མདོ་དང་འགལ། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །ཆོས་མེད་ཅེས་གསུངས་དོན་དམ་ཡིན། །ཀུན་རྫོབ་དེ་བཞིན་ཉིད་གང་ཡིན། །དེ་ཉིད་དམ་པའི་དོན་གྱི་ཕྱིར། །ཞེས་སོགས་རྒྱས་པར་གསུངས་པས་ན། །ཀུན་རྫོབ་དང་ནི་དོན་དམ་གྱི། །ཆོས་ཀྱི་དབྱིངས་ལ་དབྱེ་བ་མེད། །དེ་ལ་བསྔོ་རྒྱུའི་དགེ་བ་ཞེས། །འདོད་པ་འཁྲུལ་བར་འཆད་པ་ལགས། །བསྔོ་རྒྱུ་དགེ་བ་མ་ཡིན་ན། །དགེ་བར་བཏགས་པ་ངེད་མི་འགོག །བླུན་པོ་ལ་ནི་བ་ལང་བཞིན། །དགོངས་པ་ཅན་དང་དྲང་བའི་སྒྲ། །བདག་གིས་ལེགས་པར་ཕྱེ་སྟེ་བཤད། །གཞན་དག་རྣམ་པར་མ་ཕྱེ་བར། །པོམ་ཡོར་སྨྲ་བ་དེ་གསུངས་རིགས། །འཕགས་པའི་གསུང་ལ་འགལ་བ་མེད། །འགལ་བར་སྣང་ན་གཅིག་དྲང་དོན། །བསྔོ་བའི་ཚེ་ན་ཆུ་སྦྲིང་བ། །སངས་རྒྱས་པ་ལ་འདི་མ་གྲགས། །ཐམས་ཅད་སྒྲོལ་གྱིས་བྲམ་ཟེ་ལ། །མཛད་པ་མུ་སྟེགས་མགུ་ཕྱིར་ཡིན། །བལ་པོའི་སྡོམ་བརྩོན་ཕལ་ཆེ་ལ། །འདུལ་བ་འཛིན་པ་ཤས་ཆུང་པས། །ལག་ལེན་ལོག་པ་མང་དུ་གྲགས། །དེས་ན་སྡེ་སྣོད་གཙོར་བྱ་ཡི། །བླུན་པོ་རྣམས་ཀྱི་རྗེས་མི་འབྲངས། །ངེད་ཀྱི་མཁན་པོ་ཆོས་ཀྱི་རྗེས། །དང་པོར་ཆོ་ག་དེ་མ་མཛད། །དད་ལྡན་རྣམས་ཀྱིས་ཡང་ཡང་ཞུས། །དབུ་མའི་སེམས་བསྐྱེད་མཛད་འདོད་མོད། །འོན་ཀྱང་དེ་ཡི་དཔེ་མ་རྙེད། །རྣལ་འབྱོར་སྤྱོད་པའི་སེམས་བསྐྱེད་འདི། །སོ་སོ་ཐར་པ་རིགས་བདུན་གྱི། །སྡོམ་པ་མེད་ལ་སྦྱར་མི་རུང༌། །དེ་ལྟར་ཡིན་ཡང་ནན་གྱིས་ཞུས། །དེ་ཚེ་བོད་ལ་མ་མཉེས་མོད། །འོན་ཀྱང་བོད་ཀྱི་དགེ་སློང་དང༌། །གཞི་མེད་སེམས་བསྐྱེད་ངོ་མཚར་ཆེ། །ཞེས་གསུངས་བསྟིངས་ཤིང་མཛད་པ་མཐོང༌། །རྒྱ་གར་དུ་ཡང་མང་པོའི་ངོར། །ལྷུང་བཟེད་བྱིན་ལེན་བྱས་ཞེས་གསུངས། །དེས་ན་དེ་འདྲའི་ལག་ལེན་ཀུན། །ཆོས་དང་མཐུན་ཞེས་སྦྱར་མི་རུང༌། །འཇིགས་མེད་འབྱུང་གནས་ཀྱིས་མཛད་པའི། །སེམས་བསྐྱེད་ཆོ་ག་མ་མཐོང་མོད། །རྟེན་མེད་རྣམས་ལ་སེམས་ཙམ་གྱི། །ཆོ་ག་མཛད་ན་འཁྲུལ་པ་སྟེ། །བྱང་སའི་གཞུང་དང་འགལ་ཕྱིར་རོ། །དབུ་མའི་ལུགས་ཀྱི་སེམས་བསྐྱེད་ཀྱི། །ཆོ་ག་སློབ་དཔོན་གསུམ་གྱིས་གསུངས། །དེ་ཡི་བསླབ་བྱ་རྒྱས་བསྡུས་མང༌། །རྒྱས་པ་ནམ་མཁའི་སྙིང་པོར་གསུངས། །འབྲིང་པོ་དཀོན་བརྩེགས་ལ་སོགས་ལས། །རྒྱལ་པོར་གདམས་པར་བསྡུས་ཏེ་བསྟན། །ཕལ་པོ་ཆེ་ལས་འཐད་བཅས་གསུངས། །སེམས་བསྐྱེད་ཐོབ་ནས་བསླབ་པ་ལ། །མ་བསླབས་པར་ཡང་འཚང་མི་རྒྱ། །འོན་ཀྱང་བསླབ་བྱ་བསླབ་པ་ལ། །དགོངས་ནས་དབུ་མའི་སེམས་བསྐྱེད་མཛད། །སྤྱོད་འཇུག་ལས་ནི་སྦྲང་བུ་སོགས། །རྫོགས་པའི་བྱང་ཆུབ་འཐོབ་པ་དང༌། །མདོ་སྡེ་རྒྱན་ལས་ཞུམ་པ་བཀག །ཟླ་བ་སྒྲོན་མར་དཔའ་བྱིན་དང༌། །ཤན་པ་དགའ་བྱེད་སངས་རྒྱས་ཐོབ། །དེ་ཀུན་རིམ་གྱིས་སྦྱངས་པ་ལས། །བྱུང་གི་ཅིག་ཅར་སངས་མ་རྒྱས། །དེ་བཞིན་རིམ་གྱིས་བསླབ་པ་ལས། །བྱང་ཆུབ་དམ་པ་ཐོབ་པར་གསུངས། །ཐབས་ལ་མཁས་པའི་མདོ་སྡེ་ལས། །ཆུ་ཙམ་སྦྱིན་དང་སྤྱོད་འཇུག་ལས། །ཚོད་མ་ལ་སོགས་སྦྱིན་པར་གསུངས། །ཕྱི་ནས་ལུས་ཀྱི་སྦྱིན་པ་སོགས། །གོམས་ན་དཀའ་བ་མེད་པར་བཤད། །དེ་འདྲའི་གསུང་གི་རྗེས་འབྲངས་ནས། །དབུ་མའི་སེམས་བསྐྱེད་ཀུན་ལ་མཛད། །སྤྱོད་འཇུག་དང་ནི་བསླབ་བཏུས་ལས། །གསུངས་པ་གང་ཟག་མཆོག་དམན་གྱི། །བསླབ་བྱའི་དབྱེ་བ་ཉིད་ལ་དགོངས། །དང་པོའི་ལས་ཅན་ཁོ་ན་ལ། །དགོངས་ནས་དེ་དག་གསུངས་པ་ཡིན། །དཔེར་ན་ཡན་ལག་བརྒྱད་པའི་སྨན། །གསུངས་ཚད་ནད་པ་གཅིག་ཁོ་ནས། །དུས་གཅིག་ཏུ་ནི་བཟའ་བྱ་མིན། །དེ་བཞིན་བསླབ་བྱ་ཐམས་ཅད་ཀྱང༌། །གང་ཟག་གཅིག་གིས་དུས་ཅིག་ཅར། །ཐམས་ཅད་བསྒྲུབ་པར་གསུངས་པ་མིན། །སེམས་བསྐྱེད་གཏོང་པའི་རྒྱུ་གསུངས་པ། །ཕལ་ཆེར་གཏན་ནས་གཏོང་རྒྱུ་མིན། །བྱང་ཆུབ་རིང་བའི་རྒྱུ་ལ་དགོངས། །དཔེར་ན་འཆི་བ་བཟློག་པའི་རྒྱུ། །མང་པོར་བཤད་ཀྱང་དེ་དག་གིས། །ཚེ་བསྲིང་ནུས་ཀྱི་གཏན་ནས་ནི། །གྲོལ་བ་མིན་པས་བཟློག་མི་ནུས། །དེ་བཞིན་སེམས་བསྐྱེད་གཏོང་བའི་རྒྱུ། །མང་པོ་གསུངས་ཀྱང་སྨོན་པ་ཉིད། །བཏང་ནས་སངས་རྒྱས་འགོག་ནུས་ཀྱི། །གཞན་གྱིས་གཏིང་གི་འགོག་མི་ནུས། །དེས་ན་སེམས་བསྐྱེད་ཐོབ་པ་ཡི། །རྩ་བ་སྨོན་པའི་བྱང་ཆུབ་སེམས། །ལག་ན་རྡོ་རྗེ་ལ་སོགས་པས། །བསྲུང་བར་མདོ་རྒྱུད་ཀུན་ནས་གསུངས། །བུ་གཞོན་པ་འམ་རིན་པོ་ཆེ། །བདག་པོ་རྣམས་ཀྱིས་བསྲུངས་བ་བཞིན། །སེམས་ཙམ་པ་ཡི་ཆོ་ག་ལའང༌། །ཕན་ཡོན་འདི་ཉིད་འབྱུང་སྙམ་ན། །ཆོ་ག་ཉམས་ཕྱིར་དེ་མི་འབྱུང༌། །དེ་ཡི་འཐད་པ་གཞན་དུ་བལྟ། །ཕག་མགོའི་དབང་བསྐུར་གསུངས་པ་མེད། །སྲིད་ཀྱང་ཤེས་བྱ་མཐའ་འགོག་ཡིན། །དཔེར་ན་མེ་ལ་བསིལ་བ་མེད། །ཡོད་ན་དེ་ནི་མེ་མ་ཡིན། །ཞེས་སོགས་ཚིག་དང་མཚུངས་པ་ལགས། །དབང་བསྐུར་དང་ནི་རྗེས་གནང་གི །ཁྱད་པར་རྒྱུད་སྡེའི་དགོངས་པ་ནི། །ཕྱི་ནང་རྟེན་འབྲེལ་ལེགས་འགྲིགས་པའི། །ཆོ་གའི་ཁྱད་པར་དབང་དུ་གསུངས། །དེ་ཡི་ཕྱི་ནས་ལས་བྱ་བའི། །ཕྲིན་ལས་བསྒྲུབ་པ་རྗེས་གནང་སྟེ། །ལྷ་མཆོད་པ་དང་ཆོས་བཤད་བཞིན། །དེ་ཉིད་ཡང་དག་སྦྱོར་བ་རུ། །དབང་དང་བཀའ་གནང་ཐོབ་པ་ཡི། །བྱ་བ་བྱས་པས་རབ་འཛུམ་ཞིང༌། །འགྲོ་ཀུན་དགའ་བར་བྱེད་པ་ཡི། །ཤིན་ཏུ་སྙན་པའི་ཚིག་འདི་བརྗོད། །ཅེས་གསུངས་འདི་ཡི་རིམ་པ་ནི། །དཀྱིལ་འཁོར་ཆོ་ག་རྣམས་སུ་བལྟ། །དེས་ན་མིང་ལ་རྣམ་པ་གཉིས། །མཚན་ཉིད་པ་དང་བཏགས་པ་བ། །རྗེས་གནང་ལ་ནི་དབང་བསྐུར་དུ། །གསུངས་ཀྱང་བཏགས་པ་ཉིད་ཡིན་ཏེ། །དཔེར་ན་རྒྱལ་པོའི་སྐྱེས་བུ་བཞིན། །སློབ་དཔོན་དག་གི་དབང་བཅུ་བཞི། །གསུངས་ཀྱང་འགའ་ཞིག་ཡན་ལག་ལ། །དེ་ཡི་མིང་གིས་བཏགས་པ་ཡིན། །དགེ་སློང་བཅུ་དང་དགེ་ཚུལ་བཞི། །དེ་ལ་དགེ་འདུན་བཅུ་བཞི་ཞེས། །འཇིག་རྟེན་པ་དག་སྒྲོགས་པ་བཞིན། །གལ་ཏེ་དབང་ཞེས་བཤད་ཙམ་གྱིས། །དབང་དུ་གྱུར་ན་ཧ་ཅང་ཐལ། །རྒྱུད་ནས་གསུངས་པའི་དབང་བསྐུར་བ། །ཡིན་པ་འདིར་ནི་འགོག་མོད་ཀྱི། །མིང་དུ་བཏག་པ་དགག་བྱ་མིན། །དཔེར་ན་རྒྱལ་པོར་དབང་སྐུར་བཞིན། །དེས་ན་ཆོས་ནས་མ་གསུངས་པའི། །ཕག་མགོའི་དབང་བསྐུར་ལ་སོགས་པ། །བྱེད་པ་མཚར་ཞེས་བསྟིངས་པ་གང༌། །དེ་ནི་ཤིན་ཏུ་བདེན་པ་ལགས། །ཆོས་སྤྱོད་མངོན་པར་རྟོགས་པ་དང༌། །ལམ་ལྔ་བཀོལ་བ་ལ་སོགས་པ། །གསར་རྙིང་ཀུན་ལ་མང་པོ་ཞིག །བོད་རྒན་རྣམས་ཀྱིས་སྦྱར་བ་མཐོང༌། །སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང༌། །དམར་སེར་དང་ནི་རྒྱལ་བའི་ལྷ། །བདེ་བར་གཤེགས་པའི་དཔལ་ལས་ཐོས། །རྒྱན་གྱི་བསྟན་བཅོས་དཎྜཱི་དང༌། །དབྱངས་ཅན་མགུལ་རྒྱན་གང་དགོངས་པ། །དགེ་འདུན་དཔལ་ལས་ལེགས་པར་བསླབ། །མངོན་བརྗོད་བསྟན་བཅོས་འཆི་མེད་མཛོད། །དེ་ཡི་རྒྱ་ཆེར་འགྲེལ་བཅས་པ། །མཁས་པ་གསུམ་ལ་ལེགས་པར་གཏུགས། །ནག་མོའི་ཁོལ་གྱི་སྙན་ངག་གསུམ། །བདེ་བར་གཤེགས་པའི་དཔལ་གྱིས་བཤད། །བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས། །བདག་ཉིད་ཆེན་པོ་གཉིས་ལས་ཐོས། །གསང་བ་འདུས་པ་འཕགས་པའི་སྐོར། །ཡེ་ཤེས་ཞབས་ཀྱི་ཡན་ལག་རྣམས། །བདག་ཉིད་ཆེན་པོ་གཉིས་ལས་ཐོས། །དེ་ཉིད་ཀྱི་ནི་རྒྱུད་འགྲེལ་གསུམ། །གཤིན་རྗེ་གཤེད་ཀྱི་རྒྱུད་རྒྱལ་གསུམ། །བདེ་མཆོག་ཉུང་ངུ་བཤད་པའི་རྒྱུད། །མཁའ་འགྲོ་རྒྱ་མཚོ་ལ་སོགས་བདུན། །ཀྱེ་ཡི་རྡོ་རྗེའི་རྒྱུད་གསུམ་དང༌། །དེ་ཡི་རྗེས་འབྲང་ཐིག་ལེའི་སྐོར། །རྙོག་མེད་ཨ་རལླི་སོགས་གསུམ། །མགོན་པོ་མངོན་པར་འབྱུང་བའི་རྒྱུད། །དེ་ཉིད་བསྡུས་པ་འགྲེལ་བཅས་པ། །རྡོ་རྗེ་རྩེ་མོ་དཔལ་མཆོག་དང༌། །མཁའ་མཉམ་ཐམས་ཅད་གསང་བ་དང༌། །དེ་དག་གཉིས་ཀའི་འགྲེལ་པ་དང༌། །ངན་སོང་སྦྱོང་བ་ཡན་ལག་བཅས། །ཁྲོ་བོའི་རྒྱལ་པོའི་རྟོག་པ་ཆེ། །དེ་བཞིན་གསང་བ་ཆེན་པོ་སོགས། །དཔུང་པ་བཟང་པོ་ལེགས་གྲུབ་དང༌། །གསང་བ་སྤྱི་རྒྱུད་ལ་སོགས་པ། །མཚན་བརྗོད་བཤད་པ་ལུགས་བཞི་དང༌། །བརྟག་གཉིས་འགྲེལ་པ་ཀུ་མུ་ཏི། །མུ་ཏིག་འཕྲེང་བ་པདྨ་ཅན། །རིན་ཆེན་ཕྲེང་བའི་བཤད་པ་རྣམས། །ས་སྐྱའི་འཇམ་མགོན་ཉིད་ལས་ཐོས། །དུས་ཀྱི་འཁོར་ལོ་ཡན་ལག་བཅས། །བརྟག་གཉིས་བདེ་མཆོག་ཉུང་ངུ་ཡི། །འཕགས་པ་གཉིས་ཀྱི་བསྟོད་འགྲེལ་བཅས། །རྣམ་སྣང་མངོན་པར་བྱང་ཆུབ་པ། །མཚན་བརྗོད་བཤད་ལུགས་རྣམ་པ་གཉིས། །དེ་ལ་སོགས་པ་མང་པོ་ཞིག །མཁན་པོ་ཆོས་ཀྱི་རྗེ་ལས་ཐོས། །འཇམ་དཔལ་དཔའ་བོ་གྲུབ་པ་དང༌། །དོན་ཞགས་གཙུག་ཏོར་རྣམ་རྒྱལ་དང༌། །རྡོ་རྗེ་རྣམ་པར་འཇོམས་ལ་སོགས། །སྒྲུབ་ཐབས་བསྡུས་དང་དེ་བཞིན་གཞན། །ཕྲ་རགས་ཤིན་ཏུ་མང་པོ་ཞིག །བདག་ཉིད་ཆེན་པོ་གཉིས་ཀ་ལས། །ཡང་དང་ཡང་དུ་ལན་མང་ཐོས། །གསང་བ་ནོར་བུའི་ཐིག་ལེ་དང༌། །རྡོ་རྗེ་ས་འོག་གསང་བ་རྒྱན། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། །འདི་རྣམས་བོད་དུ་སྔོན་མ་འགྱུར། །བདག་གིས་སུ་ག་ཏ་ཤྲཱི་ལས། །ཐོས་ནས་བསྒྱུར་ཞིང་གཏན་ལ་ཕབ། །བདེ་བར་གཤེགས་པའི་གསུང་རབ་ཉི་མའི་འོད། །མིག་ལྡན་སྐྱེ་བོ་དམ་པ་དགའ་མོད་ཀྱི། །ཡང་དག་སྣང་བས་མིག་ལ་སྒྲིབ་བྱེད་པ། །སྐལ་ངན་འུག་པའི་ཚོགས་ཀྱིས་རྣམ་པར་སྤང༌། །དེང་སང་ཐུབ་པ་དག་གི་བསྟན་པ་ཡང༌། །འབབ་ཆུ་སྐམས་པའི་མཚོ་བཞིན་རྣམ་པར་བྲི། །ཆོས་སྤྱོད་ཕལ་ཆེར་དེ་ཡི་སྲོག་ཆགས་བཞིན། །བཤེས་གཉེན་ངན་རྣམས་ཆུ་སྐྱར་བཞིན་དུ་རྒྱུ། །འཕགས་པའི་ཡུལ་རྣམས་ཀླ་ཀློས་རྣམ་པར་བཅོམ། །སྡིག་སྤྱོད་རྣམས་ཀྱིས་ཆོས་རྒྱལ་ཕམ་པར་བྱས། །ཆོས་སྨྲ་རྣམས་ལ་ཆོས་མིན་སྨྲ་རྣམས་གཤེ། །སྙིགས་མའི་དུས་ཀྱི་རྣམ་ཐར་འདི་འདྲ་ལྟོས། །དམ་ཆོས་འཇིག་པའི་ཚེ་ན་དམ་པའི་ཆོས། །འཛིན་པའི་སྐྱེ་བོ་ཆེས་རབ་བཟང་བར་གསུངས། །དེས་ན་ཁྱེད་ཀྱང་སྡེ་སྣོད་འཛིན་བཞིན་དུ། །ལེགས་པར་བསྐྱངས་ནས་གཞན་ལ་སྤེལ་བར་མཛོད། །སྔོན་གྱི་དུས་ཀྱི་གྲུབ་པ་ཐོབ་པ་དང༌། །མཁས་པ་རྣམས་ལ་སློབ་མ་མང་པོ་མེད། །ཅུང་ཟད་དེ་དག་ཆོས་བཞིན་སྤྱོད་པར་འགྱུར། །དེ་དག་སངས་རྒྱས་བསྟན་པ་ཡུན་རིངས་བསྐྱངས། །སྙིགས་མའི་དུས་འདིར་ཆོས་བྱེད་མང་ན་ཡང༌། །ཐུབ་པའི་གསུང་བཞིན་བསྒྲུབ་པ་ཤིན་ཏུ་ཉུང༌། །དེས་ན་སངས་རྒྱས་བསྟན་པ་འཛིན་པ་ཡི། །གང་ཟག་གཅིག་ཙམ་ཡིན་ཡང་ཁྱོད་ཀྱིས་གཟིགས། །ཐུབ་པའི་བསྟན་ལ་རྒྱབ་ཀྱིས་ཕྱོགས་པ་ཡི། །ཚོགས་པ་མང་ཡང་ཆར་མེད་སྤྲིན་དང་འདྲ། །ཆོས་བཞིན་སྤྱོད་པའི་སྐྱེ་བོ་ཉུང་གྱུར་ཀྱང༌། །ཉི་ཟླ་ཇི་བཞིན་འཇིག་རྟེན་རྣམ་པར་གསལ། །ཕག་རྣམས་མི་གཙང་ཁུང་དུ་མི་གཙང་ཟ། །མི་གཙང་མ་རྙེད་པ་ལ་རྣམ་པར་བརྙས། །དེ་བཞིན་དགེ་སློང་ལོག་འཚོའི་ཁུར་འཛིན་རྣམས། །དམ་པ་རྣམས་ལ་བརྙས་ཞེས་མདོ་ལས་གསུངས། །འདི་འདྲའི་ཚུལ་ལུགས་ལེགས་པར་གཟིགས་ནས་ནི། །སྡེ་སྣོད་འཛིན་པའི་རྣམ་པར་ཐར་པ་སྐྱོངས། །དེ་ལྟར་བྱས་ན་སངས་རྒྱས་བསྟན་པ་ལ། །ད་དུང་ཅུང་ཟད་ཕན་པའི་གོ་སྐབས་མཆིས། །སྐད་གཉིས་སྨྲ་བ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོས་སྐད་གཉིས་སྨྲ་བ་ཆོས་རྗེ་དཔལ། །བཟང་པོའི་གསུངས་ལ་དེ་སྐད་ལན་བཏབ་པའི། །དགེ་བས་བསྟན་པ་ཡུན་རིང་གནས་གྱུར་ཅིག །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*