དཔལ་གདོང་བཞི་པའི་བསྟོད་པ།

༼ན༽

༄༅། །དཔལ་གདོང་བཞི་པའི་བསྟོད་པ་བཞུགས།།

༄༅། །ན་མོ་གུ་ར་ཝེ། དཔལ་གདོང་བཞི་པའི་མགོན་པོ་ལ་བསྟོད་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །སྒྲ་སྒྲོགས་དྲིལ་བུའི་ཕྲེང་བས་བརྒྱན་པ་ཡི། །གཞོན་ནུའི་ལུས་ཅན་བགེགས་འཇོམས་ཁྱོད་ལ་འདུད། །དུ་མའི་མིང་ཅན་དྲག་པོའི་ཕྲེང་བ་ཅན། །ཉི་ཟླ་འབར་བའི་མིག་གིས་བདུད་འཇོམས་ཤིང༌། །བརྐྱང་བསྐུམ་གློག་སྟོང་འགྱུ་བའི་ཁྲོ་གཉེར་ཅན། །མདུང་ཐུང་གྲི་གུག་བུམ་ཐོད་འཛིན་ལ་བསྟོད། །འཇིགས་བྱེད་མྱུར་འགྲོ་ཚངས་སྐུད་མི་མགོ་ཡི། །ཕྲེང་བ་འཛིན་ཅིང་ས་གསུམ་སྐྲག་བྱེད་པའི། །ཀྵིཾ་ཀྵིཾ་སྒྲ་སྒྲོགས་སྲིན་པོའི་གཟུགས་འཛིན་པ། །དུས་མཐའི་མེ་ལྟར་འབར་བ་ཁྱོད་ལ་བསྟོད། །དཔལ་ལྡན་གྲུ་འཛིན་ཆེན་པོ་ནི། །ཁྱོད་བཞུགས་ཏི་སེའི་གངས་རི་ན། །གདོང་བཞི་ལྡན་ཁྱོད་ཞིང་སྐྱོང་མཛད། །ཀུན་སྲུང་ཁྱོད་ལ་བསྟོད་པར་བྱ། །ཧ་ཧའི་གད་རྒྱངས་འབྲུག་སྒྲ་སྒྲོགས། །ཧཱུྃ་ཧཱུྃ་སྒྲོགས་པའི་དཔལ་ཁྱོད་ཀྱིས། །སྲིད་གསུམ་གནས་པའི་བགེགས་རྣམས་ཀུན། །སྐྲག་མཛད་ཁྱོད་ལ་བསྟོད་པར་བྱ། །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །དམ་བཅས་དོན་དེ་ད་ལྟ་འདིར། །སྒྲུབ་པོས་ཐོགས་པ་མེད་གྱུར་པ། །དམ་ཚིག་ལྡན་ཁྱོད་བསྟོད་པར་བྱ། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་ལ་དགའ་བ། །ཁྱོད་ནི་བྱང་ན་རབ་བཞུགས་ཤིང༌། །ཕྱོགས་བཅུར་དབང་བྱེད་ཁྱོད་ལ་བསྟོད། །གཡུང་མོ་གཏུམ་མོ་སྲིན་མོ་དང༌། །སིངྒ་ལར་གནས་རྣལ་འབྱོར་མ། །དམར་དང་ལྗང་ནག་ཁྲོས་པའི་ཞལ། །གྲི་གུག་ཐོད་འཛིན་བསྟོད་པར་བྱ། །ཁྱོད་ཀྱིས་རང་ཕྱོགས་ལེགས་སྲུང་ཞིང༌། །གཞན་ཕྱོགས་རྣམ་པར་སུན་འབྱིན་པ། །དོན་གཉིས་སྒྲུབ་པའི་ཡབ་ཡུམ་ལ། །བདག་གིས་རྟག་ཏུ་བསྟོད་པར་བྱ། །དེ་ལྟར་བསྟོད་པས་རབ་བསྔགས་པས། །བདག་ཅག་འཁོར་བཅས་བསྲུང་བ་དང༌། །འདོད་པ་ཐམས་ཅད་བསྒྲུབ་པ་དང༌། །དགྲ་བགེགས་མ་ལུས་མེད་པར་མཛོད། །ཁྱེད་ཀྱིས་བསྒྲུབ་པའི་ལས་བྱ་ཞིང༌། །རྗེས་སུ་བསྒྲུབ་ན་བརྩེ་བ་དང༌། །ཡོངས་སུ་བསྟེན་ན་དགྱེས་པ་དང༌། །སུན་འབྱིན་རྣམ་པར་གཞོམ་པར་མཛོད། །ཀློག་པ་རྣམས་ནི་རྒྱས་པ་དང༌། །ཁ་ཏོན་ཕུན་སུམ་ཚོགས་པ་དང༌། །སྒྲུབ་པ་དྲི་མ་མེད་པ་དང༌། །བསྟན་པ་དག་ཀྱང་དར་བར་མཛོད། །མདོར་ན་གང་དང་གང་བཅོལ་བ། །དེ་དང་དེ་ཡི་ལས་རྣམས་ལ། །བཏང་སྙོམས་གཡེལ་བ་མ་མཛད་པར། །བདག་ལ་རྗེས་སུ་བརྩེ་བར་མཛོད། །དཔལ་ལྡན་གདོང་བཞིའི་མགོན་པོ་ལ་བསྟོད་པ། ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་གྱིས་ས་སྐྱའི་དགོན་པར་སྦྱར་བའོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*