བཀའ་གདམས་དོ་ཀོར་བའི་ཞུས་ལན།

༼ན༽

༄༅། །བཀའ་གདམས་དོ་ཀོར་བའི་ཞུས་ལན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སོ་སོར་ཐར་པ་འདུལ་བ་བཞིན། །བྱང་ཆུབ་སེམས་དཔའ་མདོ་སྡེའི་ལུགས། །གསང་སྔགས་རྒྱུད་སྡེ་བཞིན་སྟོན་པའི། །འཇམ་དབྱངས་བླ་མ་རྒྱལ་གྱུར་ཅིག །རིང་འོངས་སྐྱེས་བུ་དམ་པའི་ཕོ་ཉ་ཡིས། །ཡང་ཡང་གསོལ་བ་འདེབས་པའི་ངོར་བྱས་ཏེ། །ཇི་ལྟར་ཞུ་བའི་དོན་རྣམས་རིམ་པ་བཞིན། །ལན་ཅིག་བརྗོད་པ་འདི་ལ་དགའ་བས་ཉོན། །དང་པོར་དབང་གིས་མ་སྨིན་པར། །སེམས་བསྐྱེད་ཡང་དག་ཐོབ་པ་དེས། །བྱང་སེམས་རྣལ་མ་འབྱོངས་གྱུར་ན། །རྣམ་རྒྱལ་དོན་ཡོད་ཞགས་པ་སོགས། །བྱ་བའི་རྒྱུད་ནི་འགའ་ཞིག་བཏུབ། །བསླབ་གསུམ་ལྡན་པའི་གང་ཟག་གིས། །སྡོམ་གསུམ་སྤང་བླང་ནང་འགལ་ཚེ། །དགག་བྱ་དང་ནི་དགོས་པ་གཉིས། །གཙོ་བོ་གང་ཆེའི་ལུགས་སུ་བྱ། །སྐྱབས་འགྲོ་སྨོན་འཇུག་བྱང་སེམས་ཀྱང༌། །ཐུན་ཚོད་དག་ལ་ལྟོས་པ་སྟེ། །ལུང་ཆོས་སྤྱི་ཡི་དགོངས་པ་ཡིན། །དེ་ཡང་གྲུབ་མཐའ་སོ་སོ་ཡི། །གཞུང་ནས་བཤད་པ་དག་དང་བསྟུན། །རྒྱུད་སྡེའི་དགོངས་པ་དམ་ཚིག་ནི། །ཐུན་ཚོད་དག་ལ་མི་ལྟོས་ཏེ། །བྱ་བ་ཟིན་པ་ཉིད་ཀྱིས་ཆོག །རྒྱུད་སྡེ་ཕ་མའི་ཁྱད་པར་ནི། །གཙོ་ཆེར་ཕྲིན་ལས་སྟོན་པ་དང༌། །ཐབས་ལམ་གཙོ་བོར་སྟོན་ལ་དགོངས། །ཕྱི་ནང་གཉིས་ཏེ་རྙིང་མའི་ལུགས། །གསར་མའི་རྒྱུད་ཏུ་མ་གྲགས་ཏེ། །བྲིས་སྐུ་གཙོ་བོར་བྱེད་པ་དང༌། །རང་གི་ལུས་ལ་གཙོར་བྱེད་པ། །ཕྱི་ནང་གཉིས་ཀྱི་ཁྱད་པར་ཏེ། །རྙིང་མའི་ནང་ན་དེ་སྐད་ལོ། །རྒྱུད་སྡེ་བཞི་ཡི་ཁྱད་པར་ནི། །མི་རིགས་བཞི་དང་དུས་ཚོད་བཞི། །ཉོན་མོངས་སྒོ་ནས་གསུངས་པ་སྟེ། །འདི་ནི་རྒྱུད་དང་མཐུན་པར་གདའ། །རིག་འཛིན་སྡོམ་པའི་ངོ་བོ་ནི། །རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །གང་ཟག་གཅིག་གིས་ཕྲིན་ལས་རྣམས། །མ་ལུས་གྲུབ་པའི་དམ་ཚིག་དང༌། །ལྡན་པ་གཅིག་ལ་ཟེར་ཏེ་མཆིས། །སྔགས་དང་ཕ་རོལ་ཕྱིན་པ་གཉིས། །སྐུ་དང་ཡེ་ཤེས་ཕྲིན་ལས་ཀྱིས། །རྫོགས་འཚང་རྒྱ་བར་དོན་གཅིག་ཀྱང༌། །མ་རྨོངས་ཐབས་མང་དཀའ་མེད་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །དབུ་ཚད་གྲུབ་མཐའི་རྣམ་དབྱེ་འདི། །གུས་པས་ཁྱེད་ལ་ཞུའོ་སྐད། །འདི་དོན་སྨྲ་བ་མང་ན་ཡང༌། །འཇམ་པའི་དབྱངས་ཀྱིས་རྗེས་བཟུང་བས། །དོན་ལྡན་རྟོགས་པ་ཁོ་བོ་ཙམ། །རྒྱས་པར་རིགས་གཏེར་ནང་ན་མཆིས། །ཐ་སྙད་དུ་ནི་མི་བསླུ་བར། །འདོད་པ་དེ་ནི་ཚད་མའི་ལུགས། །དབུ་མ་པ་ལ་རྣམ་གཉིས་ཏེ། །རང་རྒྱུད་དེ་དང་ཆ་མཐུན་ལ། །ཐལ་འགྱུར་པ་དག་ཐ་སྙད་དུའང༌། །བདེན་པར་མི་འདོད་མདོར་བསྡུས་པའོ། །བདེན་པ་གཉིས་ཀྱི་དབྱེ་དོན་ནི། །དོན་དམ་དུ་ནི་དབྱེར་མེད་པས། །གཅིག་དང་ཐ་དད་གང་ཡང་མེད། །ཐ་སྙད་ངོ་བོ་དབྱེར་མེད་ལ། །ལྡོག་པ་དག་ནི་ཐ་དད་འདོད། །ཁྱོད་ཀྱི་དྲི་བ་བརྒྱད་པའི་ལན། །དོན་དམ་ཤེས་བྱ་མ་ཡིན་ཏེ། །གཞན་སེལ་ཤེས་བྱར་འགྲོ་བའང་སྲིད། །ཀུན་རྫོབ་ལེགས་པར་རྟོགས་ཙམ་ན། །དོན་དམ་ལོགས་སུ་ལུས་པ་མེད། །སར་གནས་བྱང་ཆུབ་སེམས་དཔའ་ལ། །མཉམ་རྗེས་ཁྱད་པར་ཤིན་ཏུ་ཆེ། །སྣང་བཅས་སྣང་བ་མེད་པ་སྟེ། །བདག་གིས་རྟོགས་ཀྱིས་གཞན་གྱིས་མིན། །རྫོགས་སངས་རྒྱས་ཀྱི་ཡེ་ཤེས་ནི། །ཡོད་མེད་མཐའ་ལས་འདས་པའོ། །སྐུ་གཟུགས་རྟེན་གྱི་རབ་གནས་ཀྱང༌། །ལོ་བཅུ་ལོན་པའི་བསྙེན་རྫོགས་ཀྱིས། །མཁན་པོའི་ལས་ལ་འཇུག་པ་ལྟར། །འདི་ཡང་རྡོ་རྗེ་སློབ་དཔོན་གྱི། །དབང་བསྐུར་ཐོབ་པ་ཁོ་ནའི་ལས། །བཀའ་གདམས་འདུལ་བའི་སྒོར་ཞུགས་ནས། །རབ་གནས་རིམ་ལྔ་བདུན་ཚིགས་སོགས། །མཛད་ཀྱང་ངལ་བ་དོན་མེད་ཡིན། །འོན་ཀྱང་ཁྱེད་ཀྱིས་དྲིས་པའི་ལན། །རབ་ཏུ་གནས་པ་བྱེད་དུས་སུ། །ཆོས་སྐུ་རང་བཞིན་གཞིར་གཞག་སྟེ། །གནས་ལུགས་སྤྲོས་པ་དང་བྲལ་བས། །དེ་ལ་རབ་གནས་བཤད་པ་མེད། །དམ་ཚིག་སེམས་དཔར་བསྐྱེད་པ་ལ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །མཆོད་ཅིང་བསྟོད་ནས་བསྟིམ་པ་ལ། །རབ་གནས་དངོས་གཞིར་རྒྱུད་ལས་བཤད། །སངས་རྒྱས་བསྟན་པ་རིན་པོ་ཆེ། །མདོར་བསྡུས་ཉམས་སུ་ལེན་པའི་ཚེ། །འདུལ་བ་ཕར་ཕྱིན་གསང་སྔགས་གསུམ། །སོ་སོའི་གཞུང་དང་མི་འགལ་བར། །ཉམས་སུ་ལེན་པ་བཀའ་དང་མཐུན། །འོན་ཀྱང་སྟོང་ཉིད་སྙིང་རྗེ་ཡི། །སྙིང་པོ་ཅན་དུ་བསྒོམ་པར་ཞུ། །ད་ལྟའི་ཆོས་པ་ཕལ་ཆེ་རྣམས། །འདུལ་བའི་སྡེ་སྣོད་མི་ཤེས་པར། །ཉན་ཐོས་བསྟན་པའི་ནང་དུ་མིན། །སེམས་བསྐྱེད་ཆོ་ག་འཁྲུགས་གྱུར་པས། །ཕ་རོལ་ཕྱིན་པའི་གཞུང་དང་བྲལ། །དབང་དང་རིམ་གཉིས་མི་བསྒོམ་པས། །རྡོ་རྗེ་ཐེག་ལ་རྒྱབ་ཀྱིས་ཕྱོགས། །དེ་བས་ལྟོ་ཕྱིའི་ཆོས་པར་གོ །དབང་པོ་རབ་ཀྱི་གང་ཟག་ཀྱང༌། །ས་ལམ་བགྲོད་དགོས་མྱུར་དུ་འགྲུབ། །འབྲིང་དང་ཐ་མ་རིམ་པས་འགྲུབ། །ས་ལམ་ངེས་མེད་སངས་རྒྱས་ཏེ། །ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །དེ་སྐད་ཟེར་བ་བསྟན་པ་ཡི། །བདུད་ཚིག་ཡིན་པས་རྣ་བ་དགབ། །དེ་ཉིད་བཅུ་ལ་རྣམ་གྲངས་མང༌། །ཆོ་གའི་དེ་ཉིད་བཅུ་དང་ནི། །གཞན་ཡང་རྡོ་རྗེ་སློབ་དཔོན་ལ། །ཉེ་བར་མཁོ་བའི་དེ་ཉིད་བཅུ། །དེ་བཞིན་དེ་ཉིད་ཁོ་ན་ཡི། །དེ་ཉིད་བཅུ་ཞེས་བྱ་བ་ཡོད། །ངེས་པར་དེ་ཉིད་བཅུར་བཤད་པ། །དགོས་པ་ཆུང་བས་འདིར་མ་བྲིས། །ལྷ་སྐུའི་ངོ་བོ་གཅིག་ཤེས་པས། །མཆོག་སྒྲུབ་ཡེ་ཤེས་ལྷ་རྣམས་ནི། །ཐམས་ཅད་ཐུགས་དགོངས་གཅིག་པས་ན། །གཅིག་འགྲུབ་ཐམས་ཅད་འགྲུབ་པ་ཡིན། །ནོར་སྒྲུབ་ལ་སོགས་ཐུན་མོང་གི །དངོས་གྲུབ་ལྷ་རྣམས་དེ་ལྟ་མིན། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །རྣམ་སྣང་ལ་སོགས་རིགས་ལྔ་ལ། །ཐམས་ཅད་སྐུ་མདོག་སེར་འབྱམ་དུ། །བྲི་བ་བཀའ་གདམས་བསྟན་བཅོས་ལས། །བཤད་པ་ཡོད་ན་ཤིན་ཏུ་ལེགས། །རྒྱུད་ལས་བཤད་པ་ངས་མ་མཐོང༌། །སྐུ་མདོག་ཡེ་ཤེས་རྣམ་ལྔ་དང༌། །འབྱུང་བ་རྣམ་པ་ལྔ་ལ་དགོངས། །ཕྱག་རྒྱ་ནང་གི་རྟེན་འབྲེལ་ཡིན། །འདི་ཡི་རྒྱུ་མཚན་ཞིབ་པ་རུ། །བཤད་ཀྱང་ཁྱོད་ཀྱི་སྤྱོད་ཡུལ་མིན། །གང་ཟག་གསོན་པོར་གྱུར་པ་ལ། །བུམ་པ་འཆའ་བའི་ཆོ་ག་དེ། །རྒྱུད་ལས་དབང་བསྐུར་རང་དུ་བཤད། །དབང་བསྐུར་བྱེད་ན་རྒྱུ་དུས་སུ། །ཁྱོད་ཀྱིས་དབང་བསྐུར་ཐོབ་བམ་ཅི། །ཞེ་དགུའི་བར་དུ་གཤིན་པོ་ལ། །བདུན་ཚིགས་ཆོ་ག་བཤད་པ་དེ། །རྣམ་ཤེས་བཀུག་ནས་མཛད་པར་གདའ། །རྣམ་པར་ཤེས་པ་མ་བཀུག་པར། །གསོན་པོའི་སྒྲིབ་པ་སྦྱང་བའི་ཕྱིར། །འགལ་བ་མེད་དམ་སེམས་པ་ལ། །ཁྲུས་ཀྱི་ཆོ་ག་མ་གཏོགས་པ། །རྒྱུད་ལས་གསུངས་པ་མེད་དེ་མཆི། །མདོར་ན་བསྟན་པའི་གོ་རིམ་ནི། །རབ་བྱུང་འདུལ་བ་བཞིན་དུ་བྱ། །བྱང་ཆུབ་སེམས་དཔའ་མདོ་དང་བསྟུན། །གསང་སྔགས་རྒྱུད་དང་མཐུན་པར་བསྒོམ། །ཆོས་ལ་ཡིད་ཆེས་མ་སླ་བར། །ཉམས་ལེན་སངས་རྒྱས་བཀའ་བཞིན་སྒྲུབས། །དལ་ན་འདི་བས་རྒྱས་པ་ཅིག །བྱེད་པ་ཡིན་ཏེ་ལོང་མ་བྱུང༌། །ངེད་ཀྱང་བྱ་བ་ཆེས་པ་དང༌། །ཁྱོད་ཀྱང་གནས་ཀྱིས་བསྐལ་བའི་ཕྱིར། །ད་རེས་མཇལ་བ་མ་འགྲིག་པས། །དྲིས་ལན་མདོ་རུ་བསྡུས་པ་ལགས། །སྡོམ་བརྩོན་ཁྱོད་རང་བྱོན་གྱུར་ན། །འདི་རྣམས་རྒྱས་པར་ཕྱེ་བ་ཅིག །ཅིས་ཀྱང་བྱེད་དགོས་ཡིན་མོད་ཀྱི། །འོན་ཀྱང་སྡོམ་གསུམ་རབ་དབྱེ་ལ། །ཚར་གཅིག་གཟིགས་པས་གསལ་བར་མཆི། །བདག་ཀྱང་སྔོན་གྱི་བྱེད་པ་འགའ་ཡི་རྒྱུས། །བསྟན་པའི་ཉི་མ་ཤར་གྱི་ཕྱོགས་སུ་འཆར། །ཐོས་བསམ་བསྒོམ་གསུམ་ཡིད་བཞིན་ནོར་བུ་དེས། །དད་ལྡན་དབུས་གཙང་རེ་བ་རབ་རྫོགས་ཤོག །དཔལ་ལྡན་ས་སྐྱ་པཎྜི་ཏས་ལན་དུ་གསུངས་པའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*