༼ན༽
༄༅། །བཀའ་གདམས་དོ་ཀོར་བའི་ཞུ་བ་བཞུགས།།
༄༅། །ཨོཾ་སྭ་སྟི་སིདྡྷཾ། སངས་རྒྱས་བསྟན་པའི་གསུང་རབ་ལ། །རང་དབང་ཐོབ་པའི་སྐྱེས་ཆེན་ཁྱོད། །སྙན་པའི་གྲགས་པས་འཛམ་གླིང་ཁྱབ། །མི་ཡི་སེང་གེ་རྒྱལ་གྱུར་ཅིག །བསྟན་པའི་རྒྱལ་མཚན་ཁྱོད་དྲུང་དུ། །དགེ་སློང་རྡོ་རྗེ་སེང་གེ་ཡིས། །དྲི་བ་ཅུང་ཟད་ཞུ་བ་ལ། །སྔགས་ཀྱི་དབང་བསྐུར་མ་ཐོབ་པར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བླ་མས་གནང་བ་བྱིན་པ་དེས། །གསང་སྔགས་ཉམས་སུ་བླང་རུང་ངམ། །གང་ཟག་སྡོམ་པ་སུམ་ལྡན་ཅིག །སྤང་བླང་ཕན་ཚུན་ནང་འགལ་ཚེ། །སྡོམ་གསུམ་གང་གི་དབང་དུ་བགྱི། །སྐྱབས་འགྲོ་སྨོན་འཇུག་གཉིས་དང་ནི། །དམ་ཚིག་རྣམས་ཀྱི་ཐུན་ཚོད་གང༌། །གསང་སྔགས་ཕ་རྒྱུད་མ་རྒྱུད་དང༌། །ཕྱི་ནང་གཉིས་དང་རྒྱུད་སྡེ་བཞི། །ཁྱད་པར་མདོ་རྒྱུད་བསྡུས་པ་ཞུ། །རིག་འཛིན་སྡོམ་པའི་ངོ་བོ་གང༌། །སྔགས་དང་ཕ་རོལ་ཕྱིན་པ་གཉིས། །དོན་ལ་འགལ་བ་ཅང་མཆིས་སམ། །དབུ་ཚད་གཉིས་ཀྱི་ཁྱད་པར་དང༌། །བདེན་གཉིས་དབྱེ་བ་ཇི་ལྟར་བཞེད། །དོན་དམ་ཤེས་བྱ་ཡིན་ནམ་མིན། །ཀུན་རྫོབ་ལེགས་པར་རྟོགས་ཙམ་ན། །དོན་དམ་ལོགས་སུ་ཅང་ལུས་སམ། །ས་ལ་གནས་པའི་བྱང་སེམས་ལ། །མཉམ་རྗེས་གཉིས་ལ་ཁྱད་ཅི་ཡོད། །ཐུབ་པའི་ཡེ་ཤེས་ཇི་ལྟ་བུ། །རྟེན་ལ་རབ་གནས་བྱེད་པའི་ཚེ། །ཆོས་སྐུར་བྱིན་གྱིས་བརླབ་པ་དང༌། །ཡེ་ཤེས་སེམས་དཔའ་དགུག་པ་གཉིས། །བྱིན་རླབས་ཁྱད་པར་ཡོད་ལགས་སམ། །སངས་རྒྱས་པ་ཡི་ཆོས་རྣམས་ཀུན། །བསྡུ་ན་ཉམས་ལེན་ཅི་ལྟར་བྱེད། །དེ་ཉིད་བཅུ་དེ་གང་ལ་བཞེད། །གང་ཟག་དབང་པོ་རབ་དེ་ལ། །ས་ལམ་ངེས་པར་ཡོད་དམ་ཅི། །ལྷ་སྐུའི་ངོ་བོ་གཅིག་ཤེས་པས། །གཅིག་འགྲུབ་ཐམས་ཅད་འགྲུབ་མི་འགྲུབ། །གཞན་ཡང་རིགས་ལྔ་སེར་འབྱམ་དང༌། །གསོན་པོའི་བུམ་པ་བྱེད་པ་ལ། །མི་མཉེས་ཟེར་བ་གཡར་གྱིས་ཁུམས། །འདི་ཡི་རྒྱུ་མཚན་ཐུགས་ལ་ཐོགས། །བསྟན་པ་རིན་ཆེན་སྒོར་ཞུགས་ཏེ། །ཐོས་བསམ་ཅུང་ཟད་གཞིར་བྱས་ནས། །ཉམས་ལེན་ཆོས་དང་བསྟུན་པ་ན། །བློ་ལ་ཐེ་ཚོམ་སྐྱེས་པ་རྣམས། །བཤེས་གཉེན་དམ་པས་བསལ་བར་ཞུ། །སྤྱན་སྔར་མཇལ་བར་སེམས་སྤྲོ་ཡང༌། །རྐྱེན་དང་མ་ལྡན་རྔོ་མ་ཐོགས། །ཚུལ་དང་མི་མཐུན་ཉེས་པ་ཡི། །སྐྱོན་དུ་གྱུར་པ་བཟོད་པར་གསོལ། །འགྲོ་དོན་ཤར་དུ་མཛད་ནས་ཀྱང༌། །དབུས་གཙང་ཐུགས་ཀྱིས་མི་གཏང་བར། །སླར་ཡང་མི་ཡི་སེང་གེ་ཁྱོད། །བསྟན་པ་ཡུན་དུ་འཛིན་པར་ཞུ། །བཀའ་གདམས་དོ་ཀོར་བའི་ཞུ་བ་དགེའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.