འཇིག་རྟེན་དབང་ཕྱག་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཚིགས་བཅད་བཅུ་གཅིག

༼ན༽

༄༅། །འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་ཚིགས་བཅད་བཅུ་གཅིག་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ལྷ་བརྒྱའི་གཙུག་གིས་ཞབས་མཆོད་ཅིང༌། །ཁ་བའི་དུམ་འཁྲུགས་འཁྲིགས་པའི་འོད་ལྟར་གསལ་བའི་སྐུ། །བུང་བའི་ཕྲེང་བས་ཀུན་ནས་བསྟེན་པའི་པདྨོ་འཆང༌། །མཆོག་སྦྱིན་དམ་པ་འགྲོ་བའི་རེ་བ་སྒྲུབ་མཛད་རྒྱལ། །སྤྱན་རས་གཟིགས་མགོན་རྒྱལ་སྲས་ཐུགས་རྗེ་ཅན། །སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ། །གང་གི་མཚན་ནི་ཐུགས་རྗེ་ཆེ་ཞེས་བྱ། །ཉིད་ཀྱི་ཐུགས་རྗེས་བདག་ལ་ཅིས་མི་གཟིགས། །ཁྱོད་ཀྱི་མཚན་ཙམ་དྲན་པས་ཀྱང༌། །ཉོན་མོངས་སྡུག་བསྔལ་ཞི་མཛད་ན། །སྐྱབས་མཆོག་ཁྱོད་ལ་བརྟེན་པ་བདག །སྡུག་བསྔལ་གྱུར་ལ་མི་གཟིགས་སམ། །ཉོན་མོངས་འཁྲུལ་པའི་ཕ་མ་ཡང༌། །བུ་ལ་བྱམས་པས་སྐྱོང་ལགས་ན། །ཐུགས་རྗེ་མངའ་བ་འགྲོ་བའི་ཡབ། །བདག་ཅག་ཇི་ལྟར་ཡལ་བར་འདོར། །ལྷ་ཡི་དཔག་བསམ་ཤིང་ལྟ་བུ། །སྙིང་རྗེ་མེད་ཀྱང་འགྲོ་བ་ཡི། །འདོད་པའི་བསམ་པ་སྒྲུབ་བགྱིད་ན། །བརྩེ་ལྡན་ཁྱོད་ཀྱིས་སྨོས་ཅི་འཚལ། །ལ་ལ་བརྩེ་ཡང་ཐབས་མི་མཁས། །ལ་ལ་ཐབས་མཁས་ཐུགས་རྗེ་མེད། །ཐབས་མཁས་ཐུགས་རྗེར་ལྡན་པ་ཁྱོད། །ཕོངས་པ་རྣམས་ལ་མི་གཟིགས་ན། །ད་ནི་མགོན་མེད་རྣམས་ཀྱི་སྐྱབས། །ཀྱེ་མ་སུ་ཞིག་མཛད་པར་འགྱུར། །ཚེ་འདི་སྐད་ཅིག་རེ་རེས་འཛད། །ལུས་ཀྱང་ཉི་མ་རེ་རེས་རྒས། །གཉེན་རྣམས་ལས་ཀྱིས་སོ་སོར་འབྲལ། །དེ་བཞིན་ཕུང་པོའང་སོ་སོར་འཇིག །འགྲོ་བའི་ཕན་བདེ་འབྱུང་བའི་གནས། །བདེ་བར་གཤེགས་པའི་བསྟན་པ་ཡང༌། །མར་མེ་སྣུམ་ཟད་ཇི་བཞིན་དུ། །རིང་པོར་མི་ཐོགས་ནུབ་པར་འགྱུར། །སངས་རྒྱས་བསྟན་པའི་སྲོག་འཛིན་པའི། །སྡེ་སྣོད་འཛིན་པ་ཕལ་ཆེར་འདས། །ད་ནི་ཐུབ་པའི་དགོངས་མིན་པ། །ཆོས་ལྟར་བཅོས་པ་དུ་མ་བྱུང༌། །ཆོས་སྨྲ་རྣམས་ལའང་ཇི་ལྟར་དགོངས། །བདག་གིས་བགྱི་བ་གང་ཞིག་ལགས། །སེམས་ཅན་རྣམས་ལ་ཇི་ལྟར་གཟིགས། །ཐུགས་རྗེ་མངའ་བས་གསུང་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐུགས་རྗེའི་བདག་ཉིད་ཅན། །སྤྱན་རས་གཟིགས་ལ་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ཐུགས་རྗེ་མངའ་བས་རྗེས་སུ་འཛིན་གྱུར་ཅིག །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བཅུ་གཅིག་པ། དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*