བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་བསྟོད་པ།

༼ན༽

༄༅། །བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་བསྟོད་པ་བཞུགས།།

༄༅། །བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འགྲོ་བའི་རྩ་ལག་འཕགས་པའི་གཙོ་དང་ལྷ་དབང་གྲུབ་པ་རིག་འཛིན་གྱི། །བསྟོད་ཚིག་སྣ་ཚོགས་དག་གིས་བྱེ་བ་ཕྲག་བརྒྱར་རྒྱུན་དུ་ཁྱོད་བསྟོད་མོད། །བདག་ཀྱང་ཐུབ་དབང་རྫོགས་པའི་སངས་རྒྱས་རྗེས་སུ་དྲན་ཕྱིར་གསོལ་བ་ཡི། །ཚིག་གི་མེ་ཏོག་སྙན་པའི་དྲི་ལྡན་སྤྲོ་བའི་སྙིམ་པས་གུས་པར་མཆོད། །སྲེད་མེད་བུ་དང་ཡིད་ཀྱི་སྲུབ་ཤིང་སྡེ། །རྩེ་གསུམ་འཆང་བ་པདྨོའི་སྐྱེ་གནས་ཅན། །འཇིག་རྟེན་སྐྱོང་བ་འཇིག་རྟེན་དོན་གཉེར་བ། །དེ་དག་འཇིག་རྟེན་པ་རྣམས་མཆོད་བྱར་འཛིན། །གཞན་ལ་ཕན་དགོངས་འགྲོ་བའི་བླ་མ་མཆོག །སྐྱོན་བྲལ་ཐུབ་པ་ཤེས་བྱ་ཀུན་གཟིགས་པ། །རྒྱལ་བའི་སློབ་མ་རང་རྒྱལ་རྒྱལ་བའི་སྲས། །མཁས་པ་མཐའ་དག་ཟས་གཙང་སྲས་ལ་དད། །སྐུ་ལ་སྐྱོན་མེད་གསུང་རབ་ཚངས་པའི་དབྱངས། །ཐུགས་ནི་ཤེས་བྱ་ཀུན་ལ་མ་རྨོངས་པ། །ཡོན་ཏན་དཔག་ཡས་ཕྲིན་ལས་ལྷུན་གྱིས་གྲུབ། །ཚད་མར་གྱུར་པ་དེ་ལ་བདག་སྐྱབས་མཆི། །སྐྱེ་དང་སྐྱེ་བ་ཀུན་ཏུ་སྐྱེ་བ་ན། །ཇི་སྲིད་སྐྱེ་བའི་འཁྲུལ་འཁོར་མ་ཞིག་པར། །དེ་སྲིད་སྐྱབས་ཀྱི་དམ་པ་སྐྱོབ་མཛད་ཁྱོད། །སྐྱེ་བོ་ཀུན་གྱི་སྐྱབས་སུ་གསོལ་བ་འདེབས། །བདག་ཀྱང་སྔ་མའི་བྱེད་པ་འགའ་ཡི་རྒྱུས། །རྨོངས་པ་འདུས་པ་གངས་རིའི་ཁྲོད་འདིར་སྐྱེས། །བླུན་ལ་དགའ་བ་བླུན་པོ་མཆོད་བྱར་འཛིན། །མཁས་པ་ཕལ་ཆེར་གཞི་མདོའི་རྩྭ་དང་འདྲ། །འོན་ཀྱང་བཤེས་གཉེན་དམ་པས་བཟུང་བ་དང༌། །སྐྱབས་གསུམ་དྲི་མེད་ཕྲིན་ལས་རྣམ་དག་པས། །མཁས་པ་དགའ་བར་བྱེད་པའི་ཡོན་ཏན་འགའ། །སོ་སོ་རང་གིས་རིག་པའི་ཤེས་རབ་སྐྱེས། །སྒྲ་དང་ཚད་མ་ཚིག་གི་སྡེབ་སྦྱོར་ལ། །གང་གི་བློ་གྲོས་ཤིན་ཏུ་རབ་སྦྱངས་པ། །སྐད་གཉིས་སྨྲ་བ་ཀུན་དགའ་རྒྱལ་མཚན་དཔལ། །བཟང་པོ་བདེ་བར་གཤེགས་ལ་རྒྱུན་དུ་དད། །བདག་ནི་ཤེས་བྱ་ཀུན་ལ་རབ་མཁས་པས། །རྫོགས་པའི་སངས་རྒྱས་གསུང་གི་མཛོད་བཟུང་སྟེ། །ཆོས་ཀྱིས་ཕོངས་པའི་སྐྱེ་བོ་ཐམས་ཅད་ལ། །མཚུངས་མེད་ཆོས་ཀྱི་དགའ་སྟོན་འགྱེད་གྱུར་ཅིག །བདེ་བར་གཤེགས་པ་ཁམས་གསུམ་གྱི་མགོན་པོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ། གཙང་ལ་སྟོད་གྲོམ་པ་དཔལ་ལྡན་ས་སྐྱའི་དགོན་པར་གནས་པ། འཆད་པ་དང༌། རྩོད་པ་དང༌། རྩོམ་པའི་གནས་ལ་ཕྱིན་ཅི་མ་ལོག་པའི་སྣང་བ་ཐོབ་པ། ས་སྐྱ་པཎྜི་ཏས་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*