བོད་ཡུལ་ལ་བསྔགས་པ།

༼ན༽

༄༅། །བོད་ཡུལ་ལ་བསྔགས་པ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་མཆོག་རྣམས་ཀྱི་གཙུག་གི་ནོར་བུ་ཡིས། །འགྲོ་བའི་བླ་མའི་ཞབས་ཀྱི་ཟེའུ་འབྲུ་ལ། །ཉི་ཟེར་ཕྲ་བའི་ཆ་ཤས་འཇུག་པ་ལྟར། །གཡེང་བ་མེད་པར་རྩེ་གཅིག་གིས་བཏུད་པ། །བདག་ཀྱང་ཇི་ལྟར་ནུས་པས་རྫོགས་པ་ཡི། །སངས་རྒྱས་ཚིག་གི་ཕྲེང་བས་བསྟོད་བགྱི་སྟེ། །ས་སྟེང་དཔག་བསམ་ལྗོན་ཤིང་རབ་བསྐྱེད་ཅེས། །ལྕུག་ཕྲན་མ་གུའི་ཚོགས་རྣམས་ཅིས་མི་སྐྱེད། །དབུས་ཀྱི་གླིང་ཆེན་པོ་བཞི་པ། བྱེ་བྲག་ཏུ་འཛམ་བུའི་གླིང༌། བདེ་བར་གཤེགས་པ་རྒྱ་མཚོའི་རྡུལ་གྱི་རེག་པས་མངོན་པར་མཛེས་པ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེའི་གདན་ལས་བྱང་ཕྱོགས་ཀྱི་རྒྱུད། ཡོངས་སུ་རྫོགས་པའི་ཟླ་བ་དྲི་མ་མེད་པའི་གངས་རི་དཔལ་དང་ལྡན་པས་བརྒྱན་པའི་ཁྲོད། ལྷ་རྫས་ཀྱི་ནོར་བུ་ཉེ་བར་འབར་པ་འཁྲིགས་པའི་ཕུང་པོ་ལྟར། འགྲོ་བ་མ་ལུས་པའི་རེ་བ་ཡོངས་སུ་རྫོགས་པར་བྱེད་པའི། རིན་པོ་ཆེ་དུ་མའི་འབྱུང་ཁུངས་སུ་གྱུར་པ། སའི་ཆ་གླང་པོའི་སྤྱི་གཙུག་ལྟར་མཐོ་ལ་སྐྱེ་དགུ་མ་ལུས་པའི་སྒྲོན་མེ། ཉི་མའི་དཀྱིལ་འཁོར་གཟའ་ལས་ཐར་བ་ལྟར་རྡུལ་དང་བྲལ་བས་གཙང་བའི་འཇུག་ངོགས་དང་ལྡན་པ། བསིལ་བའི་སྒྲ་དབྱངས་ཉེ་བར་སྒྲོགས་པའི་ཆུ་རླུང་དྲི་མ་མེད་པ་འབབ་པ་དང་ལྡན་པའི་འགྲམ་ངོགས། རྒྱལ་བ་སྲས་བཅས་དཔག་ཏུ་མེད་པས་ཉེ་བར་བསྐྱངས་པས་དམ་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་བོད་ཀྱི་ཡུལ་འདིར། ཐུགས་རྗེ་དཔག་ཏུ་མེད་པས་བསྐལ་པ་བརྗོད་ཀྱིས་མི་ལང་བར་སྨོན་ལམ་རྒྱ་མཚོའི་རྡུལ་དང་མཚུངས་པ་འབྱོངས་པས། སྐྱེ་དགུ་མ་ལུས་པའི་དོན་མཛད་པའི་བདེ་བར་གཤེགས་པ་སྲས་དང་བཅས་པའི་ཞབས་ཀྱི་ཟེའུ་འབྲུ་ལ་ལེགས་པར་བཤད་པའི་ཆོས་ཀྱིས་རབ་ཏུ་རྒྱས་པ། སྙན་ངག་གི་ལོ་འདབ་ཀྱི་སྙིང་པོ་ཉེ་བར་འཁྲིགས་པ། གྲགས་པའི་རླུང་གིས་བསྐྱོད་པའི་དྲིའི་ཚོགས་ལ་བློ་གྲོས་གསལ་བའི་སྐྱེ་བོའི་ཚོགས་ཀྱི་བུང་བའི་ཕྲེང་བ། ཡོན་ཏན་རྨད་དུ་བྱུང་བ་ཡིད་འཕྲོག་པའི་ཆ་བྱད་ཅན་དད་པའི་ཡིད་ཀྱིས་བསྟོད་པའི་ཚིག་གི་རྣམ་པར་གཡོ་བའི་དར་དིར་གྱི་སྒྲ་སྒྲོགས་པའི་ཚོགས་ཀྱིས་གཏིབས་པས་ཀུན་ནས་ཁྱབ་པ། བསོད་ནམས་དྲི་མ་མེད་པའི་ཆུ་ཀླུང་ལས་འབྱུང་བའི་སྡོང་བུ་རྣམ་པར་རྒྱས་པ་ལྟར་རབ་ཏུ་དྲེགས་པའི་ལྷ་ཡི་དབང་པོ་རྣམས་ཀྱིས་རྒྱུན་མི་འཆད་པར་བཏུད་པས་ལེགས་པར་བརྒྱན་པའི་ཞབས་ཀྱི་པདྨོ་ལ་བདག་ཀྱང་རྣམ་པར་གཡེང་བ་མེད་པའི་བསམ་པ་དང་ལྡན་པས་ལུས་ཉེ་བར་བཏུད་པའི་ཡན་ལག་མཆོག་གིས་གཏུགས་ཏེ་སྐྱེ་བོའི་རྣ་བར་འཇུག་པའི་ཚིག་གི་ཕྲེང་བ་རྣམས་ཀྱིས་རྒྱུན་མི་འཆད་པར་བསྟོད་ཅིང་གུས་པ་དང་ལྡན་པས་སྐྱབས་སུ་མཆིའོ། །རྣམ་པར་དག་པའི་ཐུགས་མངའ་ཞིང༌། །ཟླ་ཟེར་བཞིན་དུ་དྲི་མེད་པ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཉིན་རེ་ཞིང་ནི་ཕྱག་འཚལ་ལོ། །ཁོ་བོའི་བློ་གསལ་དྲི་མེད་ཆུ་གཙང་ལས། །བྱུང་བའི་བསྟོད་ཚིག་པདྨོའི་ཕྲེང་མཛེས་པ། །ལེགས་སྦྱར་ངག་གི་ཟེའུ་འབྲུས་རབ་བརྒྱན་པའི། །ཕྲེང་བ་འདི་ནི་རྫོགས་སངས་རྒྱས་ལ་འབུལ། །དེ་ལྟར་སྒོ་གསུམ་མཁའ་ལྟར་དྭངས་པ་ལ། །ཤར་བའི་བསྡེབས་ལེགས་ཚིག་གི་བསིལ་ཟེར་ཅན། །དྲི་མེད་ཟླ་བ་ལྟར་དཀར་དགེ་བ་གང༌། །དེས་ནི་འགྲོ་ཀུན་འཇམ་དབྱངས་འདྲ་བར་ཤོག །བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་ཞབས་ཀྱི་རྡུལ་ལ་རེག་པས་བློ་གྲོས་གཙང་བའི་འཁོན་ཇོ་སྲས་ཀུན་དགའ་རྒྱལ་མཚན་གྱིས་ལོ་བཅུ་དགུ་ལོན་པའི་ཚེ། དཔལ་ས་སྐྱའི་དབེན་གནས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་ཉེ་བར་སྦྱར་བའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*