བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ།

༼ན༽

༄༅། །བླ་མ་དམ་པ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་གསོལ་བ་འདེབས་པ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཁྱོད་ནི་རྒྱལ་དང་རྒྱལ་བའི་སྲས། །རབ་བྱུང་དགེ་བསྙེན་ཁྱིམ་པ་སོགས། །འགྲོ་བ་ཀུན་གྱི་གཟུགས་མཛད་ནས། །གདུལ་བྱ་ཐམས་ཅད་སྨིན་པར་མཛད། །ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་འགྱུར། །དེས་ན་ཁྱོད་ནི་མཉེས་པ་ཡིས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དཀོན་མཆོག་གསུམ་པོ་གཅིག་བསྡུས་པའི། །བླ་མ་ཁྱོད་ལ་བདག་སྐྱབས་མཆི། །སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །ཆོས་རྣམས་ཀུན་གྱི་རིན་ཆེན་གཏེར། །དགེ་འདུན་ཐམས་ཅད་འདུས་པའི་སྐུ། །དཔལ་ལྡན་བླ་མ་དེ་ལ་འདུད། །ཁྱོད་ནི་གདུལ་བྱ་སྨིན་བྱའི་ཕྱིར། །དེ་བཞིན་གཤེགས་པ་རྣམ་པ་ལྔ། །ཁྱོད་ཀྱི་ཕུང་པོ་རྣམ་ལྔར་སྟོན། །སྤྱན་སོགས་ཁྱོད་ཀྱི་འབྱུང་བ་བཞི། །ས་ཡི་སྙིང་པོ་རྡོ་རྗེ་འཆང༌། །ནམ་མཁའི་སྙིང་པོ་སྤྱན་རས་གཟིགས། །འཇམ་དབྱངས་སྒྲིབ་པ་རྣམ་པར་སེལ། །བྱམས་པ་ཀུན་ཏུ་བཟང་པོ་རྣམས། །མགོན་པོ་ཁྱོད་ཀྱི་དབང་པོ་སོགས། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུ། །དཔལ་ལྡན་ཁྱོད་ཀྱི་སྐུ་ཡི་ཆ། །གཟུགས་སོགས་རྡོ་རྗེ་ལྷ་མོར་སྟོན། །ཉོན་མོངས་ཡེ་ཤེས་གནས་གྱུར་པ། །བདག་ཉིད་ཆེན་པོ་ཁྱེད་ཀྱིས་མཁྱེན། །ཐམས་ཅད་སྤྲོས་པའི་ཕྲིན་ལས་ཀྱིས། །རྫོགས་པའི་སངས་རྒྱས་ཐམས་ཅད་སྤྲུལ། །གཅིག་ཏུ་བསྡུས་པའི་སྦྱོར་བ་ཡིས། །སངས་རྒྱས་ཀུན་བདག་རྡོ་རྗེ་འཆང༌། །བག་ཆགས་བཅས་པའི་སྒྲིབ་ཀུན་སྤངས། །ཡོན་ཏན་ཐམས་ཅད་རབ་རྫོགས་པ། །ཁྱོད་ཀྱི་ཕྲིན་ལས་ངོ་མཚར་རྨད། །གང་གིས་གཡོ་མེད་ཁྱོད་བསྟེན་པ། །དེ་ལ་དེ་མ་ཐག་བྱིན་རློབས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཡང་ན་ཕུན་ཚོགས་ཐམས་ཅད་འགྲུབ། །དེས་ན་རྡོ་རྗེ་སློབ་དཔོན་མཆོག །དངོས་པོ་ཀུན་གྱིས་དེ་ལ་འདུད། །རྣམ་པ་ཀུན་དུ་བདག་སྐྱབས་མཆི། །ཕྱི་དང་གསང་བ་དེ་ཁོ་ན། །ལུས་དང་ལོངས་སྤྱོད་འབྲེལ་པ་དང༌། །སྲོག་གི་བར་གྱིས་ཁྱོད་མཉེས་བགྱི། །ཇི་སྲིད་རྣམ་པར་གྲོལ་བའི་ས། །བདག་གཞན་ཀུན་གྱིས་མ་ཐོབ་པར། །དེ་སྲིད་མཆོད་པ་མཆོག་གི་སྤྲིན། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས། །ཆེས་ལྷག་གྱུར་པས་ཁྱོད་མཆོད་དོ། །ཁྱོད་ནི་གང་ལ་མཉེས་གྱུར་པའི། །ཕྲིན་ལས་དེ་ཉིད་བསྒྲུབ་པར་ཤོག །མི་མཉེས་བྱེད་པ་རྣམ་སྤངས་ཏེ། །རྣམ་པ་ཀུན་དུ་ཁྱོད་བསྟེན་ནོ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་སླད་དུ། །མགོན་པོ་གང་ལ་མཉེས་གྱུར་ན། །གལ་ཏེ་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་དེ་དོར་ཏེ། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ཀྱི་ཕྲིན་ལས་བསྒྲུབ་པར་བགྱི། །དགེ་བ་འདི་ཡིས་བདག་གཞན་ཀུན། །ཁྱོད་མཉེས་བགྱིད་པའང་བསྒྲུབ་པར་ཤོག །བླ་མ་དམ་པ་ལ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པ་འབྱུང་བའི་སྒོ་ནས་བསྟོད་པ། རྣལ་འབྱོར་བླ་ན་མེད་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ། །གསང་སྔགས་ཀྱི་དབང་བསྐུར་ཕྱིན་ཅི་མ་ལོག་པར་ཐོབ་པའི་གང་ཟག་གིས། ཚུལ་འདི་ལྟ་བུའི་སྒོ་ནས་བླ་མ་ལ་གསོལ་བ་བཏབ་ན། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་ཆེན་པོ་ཐོབ་པར་འགྱུར་རོ། །དབང་བསྐུར་བ་ཡང་དག་པར་མ་ཐོབ་པའི་གང་ཟག་གིས་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་གདབ་པར་མ་མཐོང་ངོ༌། །དབང་བསྐུར་བ་ཡང་དག་པར་ཐོབ་ནས་བླ་མ་སངས་རྒྱས་རིན་པོ་ཆེ་ལ་ཚུལ་འདི་ལྟ་བུའི་སྒོ་ནས་བསྟོད་ན། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྟོད་པར་འགྱུར་བས་རྟེན་འབྲེལ་ཐམས་ཅད་རང་འགྲིག་ཏུ་འགྲོ་བའི་རྒྱུ་མཚན་དེ་ཡིན་ནོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*