རིགས་ཀྱི་རབ་དབྱེའི་བཤད་སྦྱར།

༼ན༽

༄༅། །རིགས་ཀྱི་རབ་དབྱེའི་བཤད་སྦྱར་བཞུགས།།

༄༅། །རིགས་ཀྱི་དབྱེ་བའི་བཤད་སྦྱར། བློ་གྲོས་མིག་འབྱེད་བླ་མའི་ཚོགས་རྣམས་དང༌། །མཚུངས་མེད་དཔལ་འབྱོར་རྡོ་རྗེ་འཆང་དབང་ལ། །བློ་གྲོས་སྤྱི་གཙུག་ཐོས་པའི་ནོར་བུ་ཅན། །དྭང་བའི་འདུན་པས་ཞབས་ལ་ཕྱག་འཚལ་ལོ། །གང་ཞིག་གང་གི་གང་ལ་ཇི་ལྟ་བར། །རྒྱུ་ལམ་འབྲས་བུར་ཕྱེ་བས་མཚོན་བྱེད་པ། །རྡོ་རྗེའི་ཚིག་གིས་རྒྱུད་དོན་སྦས་གྱུར་པ། །དོན་གཉིས་ལྡན་པའི་བཤད་སྦྱར་བདག་གིས་བྱ། །རིགས་ཀྱི་རབ་ཏུ་དབྱེ་བ་ལ་གསུམ་སྟེ། །གང་ལ་གདབ་པའི་རིགས་དང་གཅིག །གང་གིས་འདེབས་པའི་རིགས་བདག་དང་གཉིས། ཇི་ལྟར་འདེབས་པའི་ཕྱག་རྒྱའོ། །དང་པོ་ནི་གང་ཞིག་གཟུང་བར་བྱ་བ་སྟེ། དེ་ལ་རྒྱུ་དང་ལམ་གཉིས་ལས། དང་པོ་ནི་ཕུང་པོ་ལྔ་དང༌། ཉོན་མོངས་པ་ལྔ་དང༌། འབྱུང་བ་ལྔའོ། །གཉིས་པ་ལམ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་ལ་དང་པོ་ནི་འབྱུང་བ་རིམ་བརྩེགས་དང༌། གཞལ་ཡས་ཁང་དང་མངོན་བྱང་དང༌། ལྷ་དང་དེ་དག་ཐམས་ཅད་ཀྱི་མཚོན་བྱེད་དབུ་རྒྱན་ལ་རྒྱས་གདབ་པའི་སྐབས་ཡིན་ལ། གཉིས་པ་རྫོགས་པའི་རིམ་པ་ལ་གཉིས་ལས། རང་བྱིན་གྱིས་བརླབ་པའི་དབང་དུ་བྱས་ན་འཁོར་ལོ་བཞི་དང༌། བདུད་རྩི་ལྔ་དང༌། དེ་ལས་སྐྱེས་པའི་ཡེ་ཤེས་ལྔའམ། ས་རླུང་ལ་སོགས་པའི་རླུང་རྣམ་པ་ལྔའོ། །དཀྱིལ་འཁོར་འཁོར་ལོའི་དབང་དུ་བྱས་ན་ཕྱག་རྒྱ་ལྔ་དང་འབྱུང་བ་ལྔ་དང་ཡེ་ཤེས་རྣམ་པ་ལྔའོ། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་སྐབས་སུ་རང་བྱིན་གྱིས་བརླབ་པ་དངོས་སུ་མ་གསུངས་ཀྱང་སྐབས་གཞན་ལ་གསུངས་པས་འདིར་ཡང་ཅིས་ཀྱང་འཇུག་གོ །གཉིས་པ་རིགས་བདག་ནི་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔ་ལྷ་མོ་ལྔའོ། །གསུམ་པ་ཇི་ལྟར་འདེབས་པའི་ཕྱག་རྒྱ་ལ་གཉིས་ཏེ། ཇི་ལྟར་འདེབས་པའི་ཚུལ་དང་དེ་དག་ཕྱག་རྒྱར་འགྱུར་བའི་འཐད་པའོ། །དང་པོ་ལ་ལྔ་སྟེ། ལུས་ལ་སེམས་དང༌། སེམས་ལ་ལུས་ཀྱི་རྒྱ་དང༌། རྒྱུ་ལ་འབྲས་བུ། འབྲས་བུ་ལ་རྒྱུའི་རྒྱ་དང༌། ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའོ། །དང་པོ་ནི་དཔལ་གསང་བ་འདུས་པ་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང༌། སེམས་ལུས་ལྟ་བུ་དང་སེམས་ཚིག་ཏུ་བརྗོད་པ་ལྟ་བུར་སྒོམས་ཤིག གསུངས་པས་ཆོས་ཐམས་ཅད་རང་གི་སེམས་སུ་བསྒྲུབ་པའི་ཕྱིར་གཟུགས་གཽ་རཱི། སྒྲ་ཙཽ་རཱི་ལ་སོགས་པར་བསྒོམ་པ་ཡིན་ནོ། །འདིས་མཚོན་པའི་ཕྱིར་གཽ་རཱི་དང་པུཀྐ་སཱི་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོ་ལུས་ལ་མི་བསྐྱོད་པ་སེམས་ཀྱི་རྒྱས་འདེབས་པ་ཡིན་ནོ། །སེམས་ལ་ལུས་ཀྱི་རྒྱ་ནི་སེམས་ཉིད་ལུས་ལས་གཞན་མ་ཡིན་པར་བསྟན་པའི་ཕྱིར། གཞལ་ཡས་ཁང་གྲུ་བཞི་ལ་སོགས་པ་སེམས་ཀྱིས་ལུས་ཀྱི་བཀོད་པ་བསྒོམ་པ་ཡིན་ནོ། །འདིས་མཚོན་པའི་ཕྱིར་ཙཽ་རཱི་དང་ཤ་བ་རཱི་མི་བསྐྱོད་པའི་ངོ་བོ་སེམས་ལ་རྣམ་པར་སྣང་མཛད་ལུས་ཀྱི་རྒྱས་འདེབས་པ་ཡིན་ནོ། །རྒྱུ་ལ་འབྲས་བུ་དང་འབྲས་བུ་ལ་རྒྱུའི་རྒྱའང་ཐམས་ཅད་གསང་བ་ལས། རྒྱུ་ལ་འབྲས་བུའི་རྒྱས་གདབ་ཅིང༌། །འབྲས་བུ་ལ་ཡང་རྒྱུའི་རྒྱས་གདབ། །གཞན་དུ་བསྐལ་པ་བྱེ་བར་ནི། །གྲངས་མེད་པར་ཡང་འགྲུབ་མི་འགྱུར། །ཞེས་གསུངས་པས་རྒྱུ་ལ་འབྲས་བུའི་རྒྱས་འདེབས་པ་ཡིན་ནོ། །སཾ་པུ་ཊ་ལས་བུད་ཤིང་བསྲེགས་པའི་རིགས་པ་ཡིས། །དགྱེས་པའི་རྒྱལ་བ་གར་མཁན་མཆོག །ཅེས་གསུངས་པ་ལྟར། བུད་ཤིང་ལ་མེ་དང་བུམ་པ་ལ་འཇིམ་པ་དང༌། སྨན་ལ་སྲོག་དང་ཞེས་འཇིག་རྟེན་ན་བརྗོད་པ་ལྟར་འདིར་གཏི་མུག་ལ་རྣམ་པར་སྣང་མཛད་དང༌། ཞེ་སྡང་ལ་མི་བསྐྱོད་པ་ལ་སོགས་པར་འཇོག་པ་ཡིན་ཏེ། རྒྱུའམ་ཆོས་ཉིད་ཡིན་པའི་ཕྱིར་འདིས་མཚོན་པའི་ཕྱིར་རོ། །བེ་ཏཱ་ལཱི་དང་ཙནྜཱ་ལཱི་འོད་དཔག་ཏུ་མེད་པ་འདོད་ཆགས་ཀྱི་ངོ་བོ་ལ། རིན་ཆེན་འབྱུང་ལྡན་སེར་སྣའི་ངོ་བོ་འབྲས་བུས་བརྒྱན་པས་རྒྱུ་ལ་འབྲས་བུའི་རྒྱར་འགྱུར་རོ། །འདི་ལ་རྩོད་པ་སྤང་བ་ནི། དྲི་ཡི་ཆ་ལ་བེ་ཏཱ་ལཱི། །ཞེས་འབྱུང་བས་བེ་ཏཱ་ལཱི་ཡང་དྲི་ཡིན་ལ་རིན་ཆེན་འབྱུང་ལྡན་ཡང་དྲི་ཡིན་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱར་འགྱུར་རོ་སྙམ་ན་དེ་ལྟ་མ་ཡིན་ཏེ་བེ་ཏཱ་ལི་འདུ་ཤེས་ཀྱི་ཕུང་པོའང་ཡིན་ལ། འདུ་ཤེས་འོད་དཔག་མེད་ཀྱང་ཡིན་པས་དེ་ལྟར་འོད་དཔག་མེད་འདོད་ཆགས་རྒྱུ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུལ་ལ་བརྒྱན་པས་རྒྱུ་ལ་འབྲས་བུར་འགྱུར་རོ། །འབྲས་བུ་ལ་རྒྱུའི་རྒྱ་ཡང་རྡོ་རྗེ་གུར་ལས། གཏི་མུག་རྣམ་པར་སྣང་མཛད་རྨོངས། །འདོད་ལ་ཞེན་པའི་འཇིག་རྟེན་རྗེ། །སེར་སྣ་རྡོ་རྗེ་སྣང་བྱེད་དེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རྣམ་པར་སྣང་མཛད་ལ་སོགས་པའང་གཏི་མུག་ལ་སོགས་པའི་ཆོས་ཉིད་དམ་འབྲས་བུ་ཡིན་པའི་ཕྱིར་རོ། །འདིས་མཚོན་པའི་ཕྱིར་གྷསྨ་རཱི་དང་གཡུང་མོ་དོན་ཡོད་གྲུབ་པའི་ངོ་བོ་ཕྲག་དོག་འབྲས་བུ་ལ་འོད་དཔག་མེད་འདོད་ཆགས་ཀྱི་ངོ་བོ་རྒྱུས་དབུར་བརྒྱན་པས་འབྲས་བུ་ལ་རྒྱུའི་རྒྱར་འགྱུར་རོ། །འདི་ལ་རྩོད་པ་སྤང་བ་ནི་རོ་ལ་གྷསྨ་རཱི་རབ་གྲགས། །ཞེས་འབྱུང་བས་གྷསྨ་རཱི་ཡང་རོ་ཡིན་ལ་འོད་དཔག་མེད་ཀྱང་རོ་ཡིན་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་དུ་འགྱུར་རོ་སྙམ་ན་མ་ཡིན་ཏེ། གྷསྨ་རཱི་འདུ་བྱེད་ཀྱི་ཕུང་པོ་ཡང་ཡིན་ལ། འདུ་བྱེད་དོན་ཡོད་གྲུབ་པ་ཡང་ཡིན་པས་འབྲས་བུ་ལ་རྒྱུའི་རྒྱར་འགྱུར་རོ། །ཕྱི་མ་འདི་གཉིས་ནི་རྒྱུད་རྒྱས་པའི་དགོངས་པ་ཡིན་ནོ། །ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱའང་འདོད་ཆགས་དག་པས་འདོད་ཆགས་ཉིད། ཞེ་སྡང་དག་པས་ཞེ་སྡང་ཉིད། །གཏི་མུག་དག་པས་གཏི་མུག་སྟེ། །ཐམས་ཅད་རྣམ་དག་རྡོར་འཛིན་མགོན། །ཞེས་གསུངས་པ་ལྟར་རྒྱུའི་ཆོས་ཉིད་དང་འབྲས་བུའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ལས་འགྱུར་བ་མེད་དོ། །ཞེས་མཚོན་པའི་ཕྱིར་གཙོ་བོ་ཡབ་ཡུམ་ཐུགས་རྣམ་པར་དག་པ་མི་བསྐྱོད་པའི་ངོ་བོ་ལ་དབུ་རྒྱན་དུའང་མི་བསྐྱོད་པ་ཉིད་འབྱུང་བ་ཡིན་ནོ། །དེས་ན་ཚུལ་འདི་ལྟར་རྟོགས་ན་སྦྱང་གཞི་དང་སྦྱོང་བྱེད་དང་རིགས་དང་རིགས་བདག་དག་ངོ་འཕྲོད་པས་འགྲུབ་པར་འགྱུར་གྱི་གཞན་དུ་འགྲུབ་པར་མི་འགྱུར་ཏེ། ཧེ་བཛྲ་ལས། རིགས་འཆོལ་བསྒོམས་པའི་སྦྱོར་བ་ལ། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་གསུངས་པ་ཡིན་ནོ། །དོན་གཉིས་པ་དེ་དག་ཕྱག་རྒྱར་འགྱུར་བའི་འཐད་པ་ནི། ཧེ་བཛྲ་ལས། རྡོ་རྗེ་འདིས་ནི་གདབ་པ་ཉིད། །དེས་ན་ཕྱག་རྒྱར་བརྗོད་པར་བྱ། །ཞེས་གསུངས་པས་འདིའི་དོན་ཚུལ་བཞིར་འགྱུར་ཏེ། གདབ་པར་བྱ་ཞིང་བཏབ་པས་ན་ཕྱག་རྒྱ་དང༌། འདེབས་པའི་དོན་གྱིས་ན་ཕྱག་རྒྱ་དང༌། མཚོན་པར་བྱེད་པས་ན་ཕྱག་རྒྱ་དང༌། མི་འདའ་བར་བྱེད་པའི་དོན་གྱིས་ན་ཕྱག་རྒྱའོ། །དང་པོ་ནི་འཇིག་རྟེན་ན་ལ་ཅའམ་འཇིམ་པ་ལ་སོགས་པ་གང་ཡང་རུང་བ་ལ་སེང་གེ་ལ་སོགས་པའི་གཟུགས་བརྙན་འབུར་དུ་བརྐོས་པ་ཡོ་བྱད་གང་ཡང་རུང་བ་ལ་བཏབ་ན་རྒྱས་བཏབ་ཅེས་བརྗོད་པ་ལྟར། འདིར་ཡང་དེ་བཞིན་གཤེགས་པ་ལྔའི་རྒྱས་བཏབ་པས་ན་བསྐྱེད་པའི་རིམ་པའི་ལྷ་མོ་གཽ་རཱི་ལ་སོགས་པ་ལའང་ཕྱག་རྒྱ་ཞེས་བརྗོད་ལ་རྫོགས་པའི་རིམ་པའི་དཀྱིལ་འཁོར་འཁོར་ལོ་བྲམ་ཟེ་མོ་ལ་སོགས་པ་ཡང་ཕྱག་རྒྱ་ཞེས་བརྗོད་པ་ཡིན། ཧེ་བཛྲ་ལས། ས་ནི་པུཀྐ་སཱིར་བཤད་པ། །གང་ཕྱིར་གཏི་མུག་སྲ་བ་ཉིད། །ཅེས་བྱ་བ་ལ་སོགས་པ་དང༌། །རྡོ་རྗེའི་ཕྱག་རྒྱ་གཡུང་མོ་ཉིད། །དེ་བཞིན་པདྨ་གར་མ་ཉིད། །ལས་ནི་ཚོས་མར་རྟག་ཏུ་བཤད། །དེ་བཞིན་གཤེགས་པ་བྲམ་ཟེ་མོ། །རི་ཁྲོད་གདོལ་མར་ཤེས་པར་བྱ། །ཕྱག་རྒྱ་ལྔར་ནི་རྣམ་པར་ངེས། །ཞེས་གསུངས་པའི་ཕྱིར་རོ། །འདིས་མཚོན་ནས་འཁོར་ལོ་བཞི་དང་ཡེ་ཤེས་སམ། རླུང་ལྔ་ལའང་དོན་གྱི་ཕྱག་རྒྱར་ཤེས་པར་བྱའོ། །གཉིས་པ་འདེབས་པར་བྱེད་པས་ན་ཕྱག་རྒྱའང༌། འཇིག་རྟེན་ན་རྭའི་སྐོལ་ཕོར་ལ་སོགས་པ་ལ་སེང་གེ་ལ་སོགས་པའི་གཟུགས་བརྙན་བརྐོས་པ་ལ་ཅ་ལ་སོགས་པ་ལ་འདེབས་པ་དེ་དག་ལའང་རྒྱ་ཞེས་བརྗོད་པ་ལྟར་འདིར་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔས་བྲམ་ཟེ་མོ་དང་གཽ་རཱི་ལ་སོགས་པ་ལ་འདེབས་པར་བྱེད་པས་ན་དེ་བཞིན་གཤེགས་པ་ལྔ་ལ་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ཏེ། ཧེ་བཛྲ་ལས། རྡོ་རྗེ་པདྨ་དེ་བཞིན་ལས། །དེ་བཞིན་གཤེགས་དང་རིན་ཆེན་ཉིད། །སྙིང་རྗེ་ཆེན་པོ་དམ་པ་ཡིས། །རིགས་ནི་རྣམ་པ་ལྔ་རུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་མཚོན་པར་བྱེད་པས་ན་ཕྱག་རྒྱའང་འཇིག་རྟེན་ན་ཉོ་ཚོང་བའི་ལག་པས་གྲངས་མཚོན་པ་ལྟར། རྒྱའི་བྱེ་བྲག་གིས་བདག་པོའི་བྱེ་བྲག་མཚོན་པ་ལྟར། འདིར་ཡང་ཉོན་མོངས་པ་ལྔ་དང་འབྱུང་བ་ལྔ་དང༌། ཕུང་པོ་ལྔ་དང་འཇིག་རྟེན་པའི་ཚངས་པ་ལ་སོགས་པ་ལྔའང༌། དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔ་དང་ལྷ་མོ་ལྔ་ལ་སོགས་པས་མཚོན་པ་ཡིན་ཏེ། ཧེ་བཛྲ་ལས། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདིས་ནི་རིགས་ནི་མཚོན་པར་བྱ། །ཞེས་བྱ་བ་དང༌། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །ཞེས་སོགས་པ་དང༌། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་ཉིད། །ཅེས་སོགས་དང༌། རྣམ་སྣང་མི་བསྐྱོད་དོན་ཡོད་དང༌། །རིན་ཆེན་དཔག་མེད་སེམས་དཔའོ། །ཚངས་པ་ཁྱབ་འཇུག་ཞི་བ་དང༌། །ཐམས་ཅད་སངས་རྒྱས་དེ་ཉིད་བརྗོད། །ཅེས་གསུང་པ་ལྟར་རྒྱུ་འབྲས་ཀྱི་རིགས་ཐམས་ཅད་ཕན་ཚུན་མཚོན་པ་ཡིན་ཏེ། ཕ་དང་བུ་གང་ངོ་ཤེས་པ་དེས་མི་ཤེས་པ་དེ་མཚོན་པ་བཞིན་ནོ། །བཞི་པ་མི་འདའ་བར་བྱེད་པས་ཕྱག་རྒྱའང་འཇིག་རྟེན་ན་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱས་ཇི་ལྟར་བཏབ་པ་དེ་ལ་སྐྱེ་བོ་ཕལ་པ་རྣམས་ཀྱིས་འདའ་བར་མི་ནུས་པ་ལྟར། འདིར་ཡང་དེ་བཞིན་གཤེགས་པ་ལྔ་དང་ཡེ་ཤེས་ལྔས་བཏབ་པའི་རིགས་དེས་དེའི་ངོ་བོ་ལ་འདའ་བར་མི་ནུས་ཏེ། གཟུགས་ཀྱི་ཕུང་པོ་གནས་གྱུར་པ་ལས་རྣམ་པར་སྣང་མཛད་ལས་མི་འདའ་བ་ལ་སོགས་པ་ཕུང་པོ་ལྔ་ལ་རིགས་ལྔ་ལས་གཞན་དུ་མི་འདའ་ལ། ཉོན་མོངས་པ་ལྔ་ཡེ་ཤེས་ལྔ་ལས་གཞན་དུ་མི་འདའ་བ་ཡིན་ཏེ། དེའང་སོ་སོའི་རིགས་ལས་གྲུབ་པ་ལས་མི་འདའ་བ་དང༌། ཡིད་ཀྱིས་ལུས་བརྟན་པར་བྱེད་པ་ལས་མི་འདའ་བས་ཕྱག་རྒྱ་གཉིས་ལས་དང་པོ་ནི། ཧེ་བཛྲ་ལས། རིགས་ནི་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་བྱ་བ་དང༌། རིགས་འཆོལ་བསྒོམས་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་པ་དང༌། རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་དཀྱིལ་འཁོར་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་ཡིད་ཀྱི་ལུས་བརྟན་པར་བྱེད་པ་ལས་མི་འདའ་པས་ཕྱག་རྒྱའང༌། དེ་ཁོ་ན་ཉིད་བསྡུས་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །འདའ་བ་རུ་ནི་མི་མཛད་པའི། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ཡིད་ཀྱི་ལུས་ནི་བརྟན་ཕྱིར་རོ། །ཞེས་གསུངས་པས་ཕྱག་རྒྱལ་མུ་ཏྲ་ཞེས་ཟེར་བའི་མུའི་སྒྲ་ལས། མ་ནོ་ན་ཡིད། ཡང་མཱུརྟི་ན་ལུས། ཏའི་སྒྲ་ལས་ཏྲ་ཌ་ན་བརྟན་པ་ཡིན་པས། ཡིད་ཀྱི་ལུས་བརྟན་པ་སྟེ། ཐ་མལ་པའི་རྣམ་པར་རྟོག་པ་བཅོམ་ནས་ཡེ་ཤེས་ཀྱི་སྐུ་བརྟན་པར་བྱེད་པ་ལས་མི་འདའ་བས་ཕྱག་རྒྱའོ། །དེས་ན་སྔར་བཤད་པའི་སྐབས་ཀྱི་རྒྱུ་དང་ལམ་དང༌། འབྲས་བུའི་གནས་སྐབས་ཐམས་ཅད་ངོ་བོ་ཉིད་ཀྱི་རིགས་དང༌། རིགས་ཀྱི་བདག་པོར་འབྲེལ་པ་ཡིན་ལ་དེ་དག་ཀྱང་རེས་འགའ་རིགས་བདག་རིགས་སུ་འགྱུར་བ་དང༌། རིགས་རིགས་བདག་ཏུ་འགྱུར་བས་ཕན་ཚུན་འཆོལ་བར་གྱུར་ལ། འདིར་འབྲས་བུ་ལ་རིགས་བདག་ཏུ་བཤད་པ་ནི་ལས་དང་པོ་པས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་སླ་བའི་ཕྱིར་ཡིན་ནོ། །དེ་ལྟར་རིགས་དང་རིགས་བདག་གི་ཚུལ་གྱིས་རྟེན་འབྲེལ་ལམ་དུ་བྱས་པས་མྱུར་དུ་འཚང་རྒྱ་བར་བྱེད་པའི་ཐབས་ཁྱད་པར་དུ་འཕགས་པའི་ཚུལ་འདི་ནི། རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པ་ཡིན་ནོ། །འདི་ནི་བསྡུས་པ་ཙམ་ཞིག་བསྟན་པ་ཡིན་གྱི། རྒྱས་པར་རང་གིས་སྤྲོས་ལ་ཤེས་པར་བྱའོ། །བདག་ནི་ཉུང་ངུས་རྒྱས་པའི་དོན། །རྟོགས་པའི་སྦྱོར་བ་ལ་དགའ་བས། །སྤྲོས་པ་རྒྱས་པར་མ་བགྱིས་པ། །མང་ལ་དགྱེས་རྣམས་བཟོད་པར་མཛོད། །རིགས་ཀྱི་དབྱེ་བའི་བཤད་སྦྱར། ཆོས་རྗེ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པ་ལས། ཡི་གེ་ཅུང་ཟད་ཅིག་མ་རྫོགས་པའི་རྗེས་རིགས་པའི་དབང་ཕྱུག་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་ཐུགས་ཀྱི་སྣང་བ་བརྙེས་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བས་ལེགས་པར་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*