རིགས་དྲུག་མཚན་དོན་དང་ཡེ་ཤེས་བསྲེ་བ།

༼ན༽

༄༅། །རིགས་དྲུག་མཚན་དོན་དང་ཡེ་ཤེས་བསྲེ་བ་བཞུགས།།

༄༅། །ཚངས་པ་ལ་བྲཧྨ་ཞེས་པའི་སྒྲས། བྲལ་བའམ། ཚངས་པ་ལ་འཇུག་པས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱང༌། སྒྲིབ་པའི་དྲི་མ་མ་ལུས་པ་ཚངས་པའམ་བྲལ་བས་ཚངས་པ། ཁྱབ་འཇུག་ལྷ་དང་ལྷ་མ་ཡིན་གྱི་བྱ་བ་ལ་འཇུག་ཅིང་རྟོགས་པ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་འཇུག་ཅིང་རྟོགས་པས་ཁྱབ་འཇུག་གོ །ཞི་བ་ནི་དབང་ཕྱུག་ཡིན་ལ། དབང་ཕྱུག་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ་ལྟར། བྱ་བ་གྲུབ་པའི་ཡེ་ཤེས་ཀྱང་སེམས་ཅན་གྱི་དོན་བྱེད་པ་པོ་ཡིན་པས་ཞི་བ་སྟེ། ཞི་བའི་སྒྲས་དགེ་བ་ཡིན་ལ། དགེ་བའི་དོན་མཁས་པ་ལ་འཇུག་པ་ལས་འདིར་བྱ་བ་གྲུབ་པའི་ཡེ་ཤེས། སེམས་ཅན་གྱི་དོན་བྱེད་པ་ལ་དགེ་བའམ་མཁས་པའི་ཕྱིར་རོ། །ཐམས་ཅད་ནི་མུ་སྟེགས་ལ་གྲགས་པ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་ཡིན་ལ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཀྱང་ཆོས་ཐམས་ཅད་མཉམ་པར་རྟོགས་པའི་ཕྱིར་ཀུན་གྱི་བདག་ཉིད་ཡིན་ནོ། །དེ་ཉིད་ནི་དེ་ཁོ་ན་ཉིད་གསུམ་མམ། ཉི་ཤུ་རྩ་ལྔར་གྲགས་པ་ཡིན་ལ། སོ་སོར་རྟོག་པའི་ཡེ་ཤེས་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་ཟག་པ་མེད་པའི་བདེ་བ་བརྙེས་པའི་ཕྱིར་དམ་པའོ། །སངས་རྒྱས་ལ་བུདྡྷ། ཞེས་ཟེར་བའི་སྒྲས་བློའམ་རྟོགས་པའམ། སངས་རྒྱས་ལ་འཇུག་པ་ལས། འདིར་མུ་སྟེགས་བྱེད་ཀྱི་བློའམ་རྟོགས་པ་ཡིན་ལ། དེ་ཉིད་ནང་དུ་ཆོས་ཀྱི་དབྱིངས་ཟག་པ་མེད་པ་ལ་བདེ་བ་རྟོགས་པ་ཡིན་པས། དྲུག་པ་རྡོ་རྗེ་འཆང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡིན་ནོ། །རིས་དྲུག་གི་མཚན་དོན་དང༌། ཡེ་ཤེས་བསྲེ་བའི་བཤད་པ། ས་སྐྱ་པཎྜི་ཏས་མཛད་པ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*