ཨཥྚའི་གཞི་བཤད།

༼ན༽

༄༅། །ཨཥྚའི་གཞི་བཤད་བཞུགས་སོ།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་གུས་པར་ཕྱག་འཚལ་ལོ། །ཨནྡ་རྙིལ་བཏགས་གཙུབས་པའི་ཕྱེ་མ་ལྟར་སྔོ་གཞན་དག་ཁ་བའི་དུམ་འཁྲུགས་འཁྲིགས་པའི་འོད་ལྟར་དཀར་བ་དང༌། །དཔལ་ལྡན་པདྨ་རཱ་གའི་ཕྲེང་ལྟར་ལ་ལ་ཆེས་དམར་འགའ་ཞིག་དུས་མཐའི་ཆུ་འཛིན་གཏམས་ལྟར་ཤིན་ཏུ་གཏིབས། །ཕལ་ཆེར་སྦྲང་རྩིའི་བརྟུལ་ཞུགས་ཅན་ལྟར་ཀུན་ནས་གནག་ཅིང་རང་གི་རང་བཞིན་དག་པའི་ཤེལ་ལྟར་ཐམས་ཅད་དུ། །རྣམ་འགྱུར་འགའ་ཡང་ཡོང་ཡེ་མི་མངའ་དེ་སླད་ཁྱོད་ཞབས་ཕྱག་དང་ཕྱག་མཚན་གཞན་དབང་ཁོ་ནར་བདག་གིས་འཚལ། །དཔལ་ལྡན་བླ་མ་ཀྱེ་ཡེ་རྡོ་རྗེ་དང༌། །དེ་བཞིན་འཇམ་དབྱངས་བློ་མཆོག་ཞབས་པདྨོར། །ཀུན་ནས་དང་བའི་སྤྱི་བོས་ཕྱག་འཚལ་ཏེ། །དོན་འདི་བླ་མའི་གསུང་བཞིན་རྣམ་པར་དབྱེ། །འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔགས་ནས། །འགྲོ་བའི་བླ་མའི་གསུང་ལས་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པས་དཔྱད་པར་བྱ། །ཆོས་ཀྱི་རྗེ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག དཔལ་ལྡན་ས་སྐྱ་པ་ཆེན་པོ་ལས་རྗེས་སུ་བརྒྱུད་པའི། དཔལ་ཀྱེ་རྡོ་རྗེའི་རྩ་བའི་སྔགས་ཀྱི་རྗེས་སུ་གདམས་པ་ཅུང་ཟད་ཙམ་བཤད་པར་བྱའོ། །དེ་ཡང་མཁས་པ་དག་རྩ་བའི་སྔགས་ཞེས་བྱ་བའི་མིང་ལ་བརྟེན་ནས། དོན་ཀུན་ཏུ་ཚོལ་བས་ན། ཐུབ་པས་གསུངས་པའི་སྡེ་སྣོད་རྣམས་ལས་ཐེག་པ་ཆེན་པོ་མཆོག་ཏུ་གྱུར་ལ། དེ་ལ་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསང་སྔགས་མཆོག་ཏུ་གྱུར་ལ། དེའི་རྒྱུད་སྡེ་བཞི་པོ་ཐམས་ཅད་ཀྱི་རྩ་བའམ་གཙོ་བོར་གྱུར་པ་ནི་སྙིང་པོ་ལྟ་བུར་གྱུར་པའི་རྒྱུད་བརྟག་པ་གཉིས་པ་འདི་ཡིན་ཞིང༌། དེ་ཡང་རྩ་བར་གྱུར་པ་ནི་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་རྐང་པ་བརྒྱད་པ་འདི་ཡིན་ནོ། །སྔགས་ནི་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པར་བྱེད་དེ། རྡོ་རྗེ་ཐེག་པའི་རྒྱུ་དང་ལམ་དང་འབྲས་བུས་བསྡུས་པ་མཐའ་དག་གོ །དེས་ན་རྩ་བའི་སྔགས་ཞེས་བྱའོ། །འདི་འཆད་ན་དོན་གསུམ་སྟེ། རྒྱུ་ལ་སྦྱར་བ། ལམ་ལ་སྦྱར་བ། འབྲས་བུ་ལ་སྦྱར་བའོ། །དེ་ལ་རྒྱུ་ལ་སྦྱར་ཏེ་བཤད་ན་གསུམ། འཁོར་བའི་རྒྱུ་རྣམ་པར་རྟོག་པ། འབྲས་བུ་རིགས་དྲུག རྒྱུ་འབྲས་འབྲེལ་པར་བྱེད་པ་རྟེན་འབྲེལ་བཅུ་གཉིས་སོ། །དེ་ལ་དང་པོ་འཁོར་བའི་རྒྱུ་རྣམ་པར་རྟོག་པ་བཤད་ན། ཞལ་བརྒྱད་ནི་ཞལ་དང་འདྲ་བའི་ཕྱིར་རྣམ་ཤེས་ཚོགས་བརྒྱད་དོ། །དབུ་སྐྲ་གྱེན་དུ་བརྫེས་པ་ནི་རྣམ་ཤེས་བརྒྱད་དགེ་བར་སྤྱད་པ་ལས་བྱུང་བའི་མཐོ་རིས་སོ། །སྤྱན་ཉི་ཤུ་རྩ་བཞི་ནི། དབང་པོ་ཉི་ཤུ་རྩ་གཉིས་གསལ་བ་ལ་སྟོང་པའི་རྒྱ་སྟོང་པ་ལ་གསལ་བའི་རྒྱ་སྟེ་ཉི་ཤུ་རྩ་བཞིའོ། །ཞབས་བཞི་ཞེས་པ་ཁ་བསྐང་སྟེ། ཞབས་དང་འདྲ་བར་འོག་ན་གནས་པས་ན་ངན་སོང་གསུམ་མོ། །བཞི་ནི་བརྫུས་ཏེ་སྐྱེ་བ་ལ་སོགས་པ་སྐྱེ་གནས་བཞིའོ། །ཕྱག་བཅུ་དྲུག་ནི་ལག་པ་ལྟར་བྱ་བ་ཐམས་ཅད་བྱེད་པས་ན་འཕོ་བ་བཅུ་དྲུག་གམ། ཡང་ན་སྐྱེ་མཆེད་བཅུ་གཉིས་སྐྱེ་རྒ་ན་འཆི་བཞི་སྟེ་བཅུ་དྲུག་གོ །སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ནི། ཆོས་ཉིད་མི་འགྱུར་ཞིང་གནས་སྐབས་སུ་རྟོག་པའི་དྲི་མ་དང་ལྡན་པས་སོ། །ཐོད་པའི་ཕྲེང་བ་ནི་ཀ་པཱ་ལ་སྟེ། ཀཱ་ཡ་ནི་ལུས། པཱ་ལ་ནི་སྐྱོང་བ་སྟེ། འཁོར་བའི་དུས་སུ་ཉེར་ལེན་གྱི་ཕུང་པོ་ལྔའི་ལུས་སྐྱོང་ཞིང༌། དེའི་སྟོབས་ཀྱིས་ཕྲེང་བ་ལྟར་བར་མ་ཆད་པར་སྡུག་བསྔལ་འབྱུང་བས་སོ། །ཐུགས་ཁོང་ནས་འཁྲུག་པ་ནི། འཁོར་བའི་སེམས་ཉོན་མོངས་པ་ལྔས་ཁོང་ནས་འཁྲུག་ཅིང༌། གདུང་བར་བྱེད་པས་སོ། །མཆེ་བ་ཟླ་མ་ཕྱེད་པ་ནི་ཉོན་མོངས་པ་སྐྱེ་བོའི་རྒྱུ་བདག་ཏུ་འཛིན་པ་མཚོན་ཏེ། རེ་ཞིག་གཞན་གཙོ་བོར་འཛིན་པ་ནི། བྱང་ཆུབ་སེམས་དཔའི་ཉེས་པ་མ་ཡིན་ལ། བདག་གཙོ་བོར་འཛིན་པ་ཁོ་ན་ཡིན་པས་ཟླ་བ་ཕྱེད་པ་ཁོ་ནར་དཔེར་མཛད་དོ། །མཆེ་བ་ནི་མཆེ་བ་དང་འདྲ་བས་ཏེ། བདག་ཏུ་འཛིན་པའི་མཆེ་བས་ཉོན་མོངས་པའི་ཟས་ཟ་བར་བྱེད་པའོ། །གཉིས་པ་དེ་ལས་བྱུང་བའི་འབྲས་བུ་རིགས་དྲུག་ནི། སོད་ཅིག་ནི་གསོད་ཅིང་གཏུབ་པར་བྱེད་པས་ན་དམྱལ་བའོ། །གྱིས་གཉིས་ནི་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱེད་པས་ལྷའོ། །སྒྲོགས་ཤིག་ནི་འཇིག་རྟེན་པའི་ཆོས་བརྒྱད་ལས་གྲགས་པ་དང༌། མ་གྲགས་པ་ཁོ་ན་གཙོར་བྱེད་པས་ན་མིའོ། །གཏོགས་ཤིག་ནི་མཚོན་ཆ་རྣམས་ཀྱིས་གཏོགས་ཤིང་འགྱེད་པར་བྱེད་པས་ལྷ་མ་ཡིན་ནོ། །སྐོམས་ཤིག་ནི་བཀྲེས་སྐོམ་གྱིས་སྐེམས་པས་ན་ཡི་དྭགས་སོ། །ཆིངས་ཤིག་ནི། བྱ་བའི་ཆ་མི་ཤེས་པས་བཅིངས་པས་ན་དུད་འགྲོའོ། །དེ་ལྟ་བུའི་རིགས་དྲུག་སྲིད་པ་བར་མས་བསྡུས་པ་ནི། རྒྱ་མཚོ་ལྟར་ཟབ་ཅིང་མུར་ཐུག་པ་མེད་པས་ན་རྒྱ་མཚོ་བདུན་ནོ། །དེ་ཡང་བདག་ཏུ་འཛིན་པ་ཀླུ་གདུག་པ་ཅན་ལྟ་བུ་ལས་བྱུང་བའི་ཀླུ་ལྟར་ཟད་པའི་མི་ཁོམ་པ་བརྒྱད་དམ། འཇིག་རྟེན་གྱི་ཆོས་བརྒྱད་དང་ལྡན་པས་ཀླུ་བརྒྱད་དོ། །དེས་ན་བདག་ཏུ་འཛིན་པའི་དགྲ་བོ་བཟུང་ཞིང་མེད་པར་བྱས་ན། ཐར་པའི་གཉེན་དང་འཕྲད་པར་འགྱུར་བས་དགྲ་བོ་ཟུངས་ཤིག་པའོ། །གསུམ་པ་དེ་ལྟ་བུའི་རྒྱུ་འབྲས་འབྲེལ་བར་བྱེད་པ་རྟེན་འབྲེལ་བཅུ་གཉིས་ནི། ཧ་ཧཱ་ལ་སོགས་པས་བསྟན་ཏོ། །རྒྱུ་ལ་སྦྱར་ཏེ་བཤད་པ་བསྟན་ཟིན་ཏོ།།  །།ད་ནི་སྤྱི་དོན་གཉིས་པ་ཐབས་ལ་སྦྱར་ཏེ་བཤད་པ་ལ་གཉིས་ཏེ། སྨིན་པར་བྱེད་པ་དབང་དང༌། གྲོལ་བར་བྱེད་པ་ལམ་མོ། །དང་པོ་ནི་ལྔ་སྟེ་ཞལ་དང་འདྲ་བའི་ཆོ་གའི་གཞི་བརྒྱད་དང༌། ཞབས་དང་འདྲ་བའི་ཆོ་གའི་ཆིངས་བཞི་དང༌། སྤྱན་དང་འདྲ་བའི་ཆོ་གའི་གཙོ་བོ་ཉི་ཤུ་རྩ་བཞི་དང༌། ཕྱག་དང་འདྲ་བའི་ཆོ་གའི་ཡན་ལག་བཅུ་དྲུག་དང༌། དབང་དེ་དག་གི་ཁྱད་པར་བསྟན་པའོ། །དེ་ལ་དང་པོ་ཞལ་དང་འདྲ་བ་བརྒྱད་ནི། སློབ་མ་རྗེས་སུ་གཟུང་བ་དང༌། བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་དང༌། བྲི་ཞིང་རྒྱན་དགྲམ་པ་དང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བསྐུར་བ་དང༌། མཇུག་གི་ཆོ་ག་སྟེ་བརྒྱད་དོ། །སྐྲ་སེར་པོ་གྱེན་དུ་བརྫེས་པ་ནི། དབང་དེའི་ཡེ་ཤེས་གོང་ནས་གོང་དུ་རྒྱས་པའོ། །ཞབས་བཞི་བརྐྱང་སྟེ་ཆོ་གའི་ཆིངས་བུམ་པའི་དབང་ལ་སོགས་པ་བཞིའོ། །སྤྱན་ཉི་ཤུ་རྩ་བཞི་ནི། མིག་དང་འདྲ་བའི་ཆོ་ག་ཉི་ཤུ་རྩ་བཞི་སྟེ། སློབ་དཔོན་བདག་ཉིད་འཇུག་པའི་ཡོན་དུ་མཎྜལ་འབུལ་ཞིང་འཇུག་པར་གསོལ་བ་གདབ་པ། སེམས་བསྐྱེད་ཅིང་སྡོམ་པ་གཟུང་བ། བྱིན་རླབས་ཀྱི་ཆོས་བཞི་གཅིག་ཏུ་བྱས་ཏེ། གདོང་གཡོགས་ཤིང་མེ་ཏོག་གི་ཕྲེང་བ་གཏད་པ། བདུད་རྩི་ལྕེ་ལ་བཞག་ཅིང་བུམ་ཆུས་བསང་བ། འདོད་པ་དྲི་ཞིང་ལན་གདབ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ལ་གསང་བར་གདམས་ཏེ། གཽ་རཱི་ལ་སོགས་པའི་རྣལ་འབྱོར་མས་ནང་དུ་གཞུག་གོ །ནང་དུ་ཞུགས་པ་ལ་དམ་པ་གཞག་པ། ཡེ་ཤེས་དབབ་ཅིང་བརྟན་པར་བྱ་བ། མེ་ཏོག་གི་ཕྲེང་བ་དོར་ཞིང་མགོ་ལ་བཅིང་བ། གདོང་གཡོགས་དབྱེ་ཞིང་དཀྱིལ་འཁོར་བསྟན་པ་སྟེ་འཇུག་པའི་ཆོས་བཅུ་དང༌། དབང་ལ་དབང་གི་སྔོན་དུ་བྱ་བ་དང༌། དངོས་གཞིའི་ཆོ་ག་དང༌། དབང་གི་མཐའ་རྟེན་གསུམ་ལས་དང་པོ་ནི་གསོལ་བ་གདབ་ཅིང་ཤིས་པར་བྱ་བ་མི་བསྔོ་བར་སྤྱི་འགྲོར་བཏང་ལ། དབང་དངོས་ལ་ཐུན་མོང་གི་དབང་དྲུག་དང༌། ཐུན་མོང་མ་ཡིན་པ་བཞི་སྟེ་བཅུ་དང༌། མཐའ་རྟེན་ལ་རྗེས་གནང༌། ལུང་བསྟན། དབུགས་དབྱུང༌། གཟེངས་བསྟོད་བཞི་སྟེ་བཅུ་བཞིའོ། །དེ་ལྟར་དབང་དངོས་ལ་ཉེ་ཤུ་རྩ་བཞིའོ། །ཕྱག་བཅུ་དྲུག་ནི་ཕྱག་དང་འདྲ་བའི་ཆོ་གའི་ཡན་ལག་བཅུ་དྲུག་སྟེ། བསྙེན་པ། ས་ཆོག་ལ་ལྔ། སྟ་གོན་ལ་བཞི། བྲི་བ་ལ་གསུམ། རྒྱན་དགྲམ་པ། བསྒྲུབ་པ། མཆོད་པ་སྟེ་བཅུ་དྲུག་གོ །སྤྱི་དོན་ལྔ་པ་དབང་དེའི་ཡེ་ཤེས་ནི། མཚན་མ་དང་རྣམ་པར་རྟོག་པས་མི་འགྱུར་པས་ཆར་སྤྲིན་ལྟར་གནག་པ། དབང་གི་གོ་རིམས་དང་འབྲེལ་བ་འམ། དབང་གི་ཡེ་ཤེས་བདེ་བ་ཆེན་པོ་སྐྱོང་བས་ན་ཐོད་པའི་ཕྲེང་བ་དུ་མ་འཛིན་པ། ཡེ་ཤེས་དེས་མཚན་མ་དང་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་བྱེད་པས་ན་ཐུགས་ཁོང་ནས་འཁྲུག་པར་བྱེད་པ་ཉོན་མོངས་པ་ཐམས་ཅད་ཟ་བར་བྱེད་པའམ་སྐྲག་པར་བྱེད་པས་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ། རྣམ་པར་རྟོག་པ་གསོད་པར་བྱེད་པས་ན་སོད་ཅིག་པའོ། །ཡེ་ཤེས་དེ་ཉམས་སུ་མྱོང་བར་བྱེད་པས་ན་གྱིས་ཤིག་པའོ། །ཡེ་ཤེས་དེ་གཞན་ལ་སྟོན་པར་བྱེད་པས་ན་སྒྲོགས་ཤིག་པའོ། །ཡེ་ཤེས་དེས་ཉོན་མོངས་པ་འཇོམས་པར་བྱེད་པས་ན་གཏོགས་ཤིག་པའོ། །མི་མཐུན་པའི་ཕྱོགས་ཐམས་ཅད་རླག་པར་བྱེད་པས་ན་སྐོམས་ཤིག་པའོ། །རྒྱ་མཚོ་བདུན་འཆིང་བར་བྱེད་པ་ནི། བུམ་དབང་ཡེ་ཤེས་ཏེ། དེ་སྦྱང་གཞི་རྩ་བའི་ཉོན་མོངས་པ་དྲུག ལུས་ཀྱི་དྲི་མ་དང་བདུན་སྦྱང་བ་ལ་སྦྱོང་བྱེད་ཐུན་མོང་གི་དབང་དྲུག ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བདུན་གྱི་སྦྱོང་ངོ༌། །ཀླུ་བརྒྱད་ནི་ཀླུ་དང་འདྲ་བ་སྟེ། ཀླུ་དག་གིས་ཆར་ཕབ་པས། མི་གཙང་བ་འཁྲུད་ཅིང་ལོ་ཐོག་རྒྱས་པར་བྱེད་པ་ལྟར། གསང་དབང་གི་ཡེ་ཤེས་དེས་ཀྱང༌། རྣམ་ཤེས་ཚོགས་བརྒྱད་ཀྱི་ཀླུ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་སློབ་མ་ལ་ཕབ་པས་ངག་གི་དྲི་མ་དང་རང་བཞིན་བརྒྱད་ཅུའི་དྲི་མ་སྦྱངས་ཏེ་རང་བྱུང་གི་ཡེ་ཤེས་ཀྱི་ལོ་ཏོག་རྒྱས་པར་བྱེད་པའོ། །དགྲ་བོ་ཟུངས་ཤིག་པ་ནི་དགྲ་བོ་ནི་མ་རིག་པའི་རྩ་བ་ལས་བྱུང་བའི་སྲེད་པ་སྟེ། འདོད་ཆགས་ཡིན་ལ་དེར་འཛིན་པ་ནི་ཉོན་མོངས་པ་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ༌། །ཧ་ཧཱ་ལ་སོགས་པ། དབྱངས་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་ཡིན་ལ། དེ་ཡང་འདི་ཡོད་པས་འདི་འབྱུང་ལ། འདི་འགགས་པས་འདི་འགག་པ་སྟེ། མདོར་ན་སྐྱེ་འཇིག་དང་འགྲོ་འོང་དང་རྟག་ཆད་ལས་གྲོལ་བ་སྟེ། དེ་ཡང་ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང་ཞེས་པས་དབང་བཞི་པ་སྟོན་ཏོ། །དབང་ལ་སྦྱར་བའོ། །གཉིས་པ་ལམ་ལ་སྦྱར་ན། བསྐྱེད་པའི་རིམ་པ་ལ་སྦྱར་བ་དང༌། རྫོགས་པའི་རིམ་པ་ལ་སྦྱར་བ་གཉིས་ལས། དང་པོ་ལ་གཉིས་ཏེ། མཆོག་སྒྲུབ་པ་ལ་སྦྱར་བ་དང༌། ལས་རྒྱས་པ་ལ་སྦྱར་བའོ། །དང་པོ་ལ་ཡང་གཉིས་ཏེ། བསྐྱེད་རིམ་སྤྱིའི་མངོན་རྟོགས་ལ་སྦྱར་བ་དང༌། བྱེ་བྲག་ཏུ་ལྷ་དང་དུར་ཁྲོད་ལ་སྦྱར་བའོ། །དང་པོ་ལ་གཉིས་ལས། མཉམ་པར་བཞག་པ་ལ་སྦྱར་ན། ཞལ་བརྒྱད་ནི་ཞལ་ལམ་སྒོ་དང་འདྲ་བའི་མངོན་པར་རྟོགས་པ་བརྒྱད་དེ་སྲུང་བའི་འཁོར་ལོ། ཡན་ལག་དྲུག ལྷ་བསྡུ་བ་དང་བརྒྱད་དམ། ཡང་ན་སྔོན་དུ་འགྲོ་བ་ཚོགས་གཉིས་བསག་པ། དངོས་གཞི་ཡན་ལག་དྲུག་དང་བརྒྱད་དོ། །དབུ་སྐྲ་གྱེན་དུ་བརྫེས་པ་ནི། བསྒོམས་པ་ལས་བྱུང་བའི་རྟོགས་པ་གོང་ནས་གོང་དུ་རྒྱས་པའོ། །ཞབས་བཞི་ནི། ཐུན་བཞིའམ། ཡང་ན་བསྙེན་སྒྲུབ་བཞིས་འཆིང་བའོ། །མིག་དང་འདྲ་བའི་མངོན་པར་རྟོགས་པ་གཙོ་བོ་ཉི་ཤུ་རྩ་བཞི་ནི། ཡན་ལག་དྲུག་ལས་ཕྱེ་བ་སྟེ། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་མཛད་ཀྱི་ཡན་ལག་ལ། གཞིའི་ཡན་ལག རྒྱུའི་ཡན་ལག རྐྱེན་གྱི་ཡན་ལག དེས་གཞལ་ཡས་ཁང་བསྒོམ་པ། དེར་གདན་བསྒོམ་པ་དང་ལྔའོ། །རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའ་ཡན་ལག་ལ། རྒྱུ་རྡོ་རྗེ་འཆང་ལ་མངོན་བྱང་ལྔ་སྟེ། མཁའ་གསང་བྱིན་གྱིས་བརླབ་པ། སྙོམས་པར་ཞུགས་པ། འཁོར་གྱི་ལྷ་མོ་དབྱུང་བ། རྒྱུ་རྡོ་རྗེ་འཆང་ཞུ་བ། གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཆང་བཞེངས་པ། སྣོད་བཅུད་སྦྱང་བ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ཡེ་ཤེས་པ་གཞུག་པ་སྟེ་ཆོས་བཅུ་དགུའོ། །དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ། དབང་བསྐུར་བ་དང༌། རིགས་ཀྱི་བདག་པོའི་རྒྱས་གདབ་པ་དང་གཉིས་སོ། །བདུད་རྩི་མྱང་བ་འོད་དཔག་མེད། མཆོད་པ་དོན་ཡོད་གྲུབ་པ། བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་ཉི་ཤུ་རྩ་བཞིའོ། །ཕྱག་དང་འདྲ་བའི་ཡན་ལག་བཅུ་དྲུག་ནི། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཚོགས་ཀྱི་ཞིང་སྤྱན་དྲང་བ། དེ་ལ་མཆོད་པ། ཡན་ལག་བདུན་པ་ལ་ཆོས་བདུན། ཚད་མེད་མེད་པ་བཞི་བསྒོམ་པ། ཡེ་ཤེས་ཀྱི་ཚོགས་བསག་པ། སྟོང་པ་ཉིད་བསྒོམ་པ། སྲུང་བའི་འཁོར་ལོ་བསྒོམ་པ་སྟེ་བཅུ་དྲུག་གོ །ཡང་ན་སྤྱན་དྲང་ཞིང་མཆོད་པ། བསོད་ནམས་ཀྱི་ཚོགས་བསག་ཡན་ལག་ལྔ། ཚད་མེད་པ། ཡེ་ཤེས་ཀྱི་ཚོགས་ཏེ་སྔོན་འགྲོ་བརྒྱད། མཉམ་པར་མ་བཞག་པ་བརྒྱད་དེ། བཅུ་དྲུག་ཅེས་ཀྱང་གསུང་ངོ༌། །བསྐྱེད་པའི་རིམ་པ་དེ་དག་གི་རྣམ་པར་དག་པ་ནི། སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ནི། བསྐྱེད་པའི་རིམ་པའི་ཡེ་ཤེས་རྣམ་པར་རྟོག་པས་མི་འགྱུར་བའོ། །ཐོད་པའི་ཕྲེང་བ་ནི། ཀ་པཱ་ལའི་སྒྲས་ལུས་སྐྱོང་སྟེ། ཐ་མལ་གྱི་ལུས་ལྷར་བསྐྱངས་པས་འབྲས་བུ་གཟུགས་ཀྱི་སྐུ་ཐོབ་པའོ། །ཡང་ན་མངོན་པར་རྟོགས་པ་དང་རྗེས་སུ་འབྲེལ་བར་བསྒོམ་པའོ་ཞེས་ཀྱང་གསུང་ངོ༌། །ཐུགས་ཁོང་ནས་འཁྲུག་པ་ནི། ཡེ་ཤེས་དེས་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱོང་ཞིང་བར་ཆད་ཞི་བར་བྱེད་པའོ། །མཆེ་བ་ཟླ་བ་ཕྱེད་པ་ནི། ཡེ་ཤེས་དེས་རྣམ་རྟོག་གི་རབ་རིབ་འཇོམས་པས་ཟླ་བ། རྣམ་རྟོག་དེ་ཡང་ཐ་མལ་གྱི་རྣམ་རྟོག་དང༌། གྱ་ནོམ་པ་ལྷར་ཞེན་པའི་རྟོག་པ་གཉིས་ལས། ཐ་མལ་གྱི་རྟོག་པ་ཞི་བར་མཛད་པས་ཟླ་བ་ཕྱེད་པ་དཔེར་མཛད་དོ། །གཉིས་པ་མཉམ་པར་མ་བཞག་པ་བརྒྱད་ནི། སོད་ཅིག་ནི་སེམས་འཕྲོ་བ་སྡུད་པས་ཉལ་བའི་རྣལ་འབྱོར། གྱིས་ཤིག་ནི་བྱ་བ་ལ་འཇུག་པས་ན་ལྡང་བའི་རྣལ་འབྱོར། སྒྲོགས་ཤིག་ནི་སྔགས་ཀྱི་སྒྲ་སྒྲོགས་པས་ན་བཟླས་པའི་རྣལ་འབྱོར་རོ། །གཏོགས་ཤིག་ནི་མཆོད་པ་དང་གཏོར་མའི་རྣལ་འབྱོར། སྐོམས་ཤིག་ནི་ཁ་ཟས་འཇུ་བར་བྱེད་པས་ཁ་ཟས་ཀྱི་རྣལ་འབྱོར། རྒྱ་མཚོ་བདུན་ནི་ཁྲུས་ཀྱི་རྣལ་འབྱོར། ཀླུ་བརྒྱད་ནི་ཕྱག་རྒྱའི་རིགས་བརྒྱད་ཡིན་ལ། དགྲ་བོ་ཟུངས་ཤིག་པ་ནི་ཉོན་མོངས་པ་ཉེད་བྱང་ཆུབ་ཀྱི་ཡན་ལག་བྱེད་པས་རྗེས་སུ་ཆགས་པའི་རྣལ་འབྱོར་རོ། །ཡང་ན་ཀླུ་བརྒྱད་ནི་གཏོར་མའི་མགྲོན་ཡིན་ཞེས་ཀྱང་གསུང་ངོ༌། །ཧ་ཧཱ་ལ་སོགས་པ་དབྱངས་བཅུ་གཉིས་ནི་ཕྱི་ནང་གི་སྐྱེ་མཆེད་བྱིན་གྱིས་བརླབས་ནས། ཡུལ་ལ་ལོངས་སྤྱད་པས་ན་སྤྱོད་ལམ་མོ། །བསྐྱེད་པའི་རིམ་པའི་མངོན་རྟོགས་ལ་སྦྱར་བའོ།།  །།གཉིས་པ་བསྐྱེད་པའི་རིམ་པ་ལྷ་དང་དུར་ཁྲོད་ལ་སྦྱར་ཏེ་བཤད་ན། དེའང་བསྐྱེད་པའི་རིམ་པའི་ལྷ་ཞལ་བརྒྱད་ལ་སོགས་པ་ནི་ཐུན་མོང་དུ་གྲགས་ཤིང༌། དེ་ཡང་རྣམ་པར་ཐར་པ་བརྒྱད་ལ་སོགས་པ་ལ་སྦྱར་བ་ནི། ཐམས་ཅད་ཀྱིས་ཤེས་པར་ཟད་པས་འདིར་མ་སྤྲོས་སོ། །དུར་ཁྲོད་ལ་སྦྱར་ན། སོད་ཅིག་ནི་གདུག་ཅིང་གཏུམ་པའི་ལས་བྱེད་པས་ན་ཕྱོགས་སྐྱོང་ངོ༌། །གྱིས་ཤིག་ནི་དེ་དག་གི་མངག་གཞུག་གི་ལས་བྱེད་པས་ན་ཞིང་སྐྱོང་ངོ༌། །སྒྲོགས་ཤིག་ནི་སྒྲ་སྒྲོགས་པའི་སྤྲིན་ནོ། །གཏོགས་ཤིག་ནི་ཡལ་ག་མེ་ཏོག་འབྲས་བུ་ལ་གཏོགས་པས་ཤིང་ངོ༌། །སྐོམས་ཤིག་ནི་སྐེམས་པར་བྱེད་པས་མེའོ། །རྒྱ་མཚོ་བདུན་ནི་ཆུའོ། །ཆིངས་ཤིག་ནི་རོའོ། །ཀླུ་ཆེན་པོ་བརྒྱད་ནི་ཤེས་པར་ཟད་དོ། །དགྲ་བོ་ནི་འདྲེའོ། །དེ་དག་ཐམས་ཅད་ཀྱང་རིགས་མི་འདྲ་བ་བརྒྱད་བརྒྱད་དུ་གནས་སོ། །དབྱངས་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་ཐུགས་སུ་ཆུད་པའི་རྣལ་འབྱོར་པ་ལ་སོགས་པ་རྣམས་བསྟན་ཏོ། །ལྷ་དང་དུར་ཁྲོད་ལ་སྦྱར་བ་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་སྦྱར་ཏེ་བཤད་པ་བསྟན་ཟིན་ཏོ།།  །།གཉིས་པ་ལས་རྒྱས་པ་ལ་སྦྱར་ན། ཞལ་བརྒྱད་ལ་སོགས་པས་སྔོན་དུ་བསྙེན་པ་བསྟན་ཏོ། །རྣམ་པར་བཤད་པ་ཐུན་མོང་བ་དང་མཐུན་པ་ཤེས་པ་ལ་ཟད་དོ། །ལས་ལ་སྦྱར་བ་ནི། སོད་ཅིག་ནི་མངོན་སྤྱོད་དོ། །གྱིས་ཤིག་ནི་དབང༌། གཏོགས་ཤིག་ནི་དགུག་པ། སྒྲོགས་ཤིག་ནི་རྒྱས་པ། སྐོམས་ཤིག་ནི་ཞི་བ། རྒྱ་མཚོ་བདུན་དང༌། ཀླུ་བརྒྱད་འཆིང་བ་ནི་ཆར་དབབ་གཅད་དང་དུག་ཞི་བ་ལ་སོགས་པའོ། །དབྱངས་བཅུ་གཉིས་ནི་གྲུབ་ཆེན་བརྒྱད། མཁའ་སྤྱོད། རིག་འཛིན། འཁོར་ལོས་སྒྱུར་བ། གནོད་སྦྱིན་མོ་བསྒྲུབ་པ་སྟེ་བཅུ་གཉིས་སོ། །དེ་ལྟར་དེ་དག་བསྒྲུབ་པའང་བསམ་གཏན་དང་བཟླས་བརྗོད་དང༌། འཁྲུལ་འཁོར་དང་རྫས་སྦྱོར་དང་ཚོགས་པ་རྣམས་ཀྱིས་བསྒྲུབ་པར་བྱའོ། །བསྐྱེད་པའི་རིམ་པ་ལ་སྦྱར་ཏེ་བཤད་པ་བསྟན་ཟིན་ཏོ།།  །།གཉིས་པ་རྫོགས་པའི་རིམ་པ་ལ་སྦྱར་ཏེ་བཤད་ན། རང་བྱིན་བརླབ་དང༌། དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བ་གཉིས་ལས། དང་པོ་ལ་གསུམ་སྟེ། གང་ལ་བརྟེན་ནས་སྐྱེ་བའི་རྟེན་དང༌། དེ་མངོན་དུ་བྱེད་པའི་ཐབས་དང༌། ཐབས་ལས་བྱུང་བའི་ཡེ་ཤེས་ཀྱི་མཚན་ཉིད་དོ། །དང་པོ་ལ་ཞལ་བརྒྱད་ནི། རླུང་གི་སྦྱོར་བ་བདུན་རང་གི་ངོ་བོ་དང་བརྒྱད་དོ། །དབུ་སྐྲ་གྱེན་དུ་བརྫེས་པ་ནི། མས་བརྟན་པའི་དགའ་བ་བཞི་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའོ། །སྤྱན་ཉི་ཤུ་རྩ་བཞི་ནི། གཏུམ་མོའི་དམིགས་པ་ཉི་ཤུ་རྩ་བཞིའམ་ལུས་ཀྱི་ཡུལ་ཉི་ཤུ་རྩ་བཞིའོ། །ཕྱག་བཅུ་དྲུག་ནི་འཕོ་བ་བཅུ་དྲུག་གོ །ཡང་ན་ཞལ་བརྒྱད་ནི་ཆོས་ཀྱི་འཁོར་ལོའི་འདབ་མ་བརྒྱད་དོ། །སྐྲ་གྱེན་དུ་བརྫས་པ་ནི། ལྟེ་བ་ནས་གཏུམ་མོའི་མེ་གྱེན་ལ་འབར་བའོ། །ཞབས་བཞི་ནི་དགའ་བ་བཞིའམ་འཁོར་ལོ་བཞིའོ། །ཡན་ན་ཞལ་བརྒྱད་དང་སྤྱན་ཉི་ཤུ་རྩ་བཞིས་བདེ་བ་ཆེན་པོའི་འཁོར་ལོ། ཕྱག་བཅུ་དྲུག་གིས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ། ཡང་ཞལ་བརྒྱད་དང་སྤྱན་ཉི་ཤུ་རྩ་བཞི་དང་ཕྱག་བཅུ་དྲུག་གིས་ལྟེ་བ་སྤྲུལ་པའི་འཁོར་ལོ་བསྟན་ནོ། །གཉིས་པ་དེ་མངོན་དུ་བྱེད་པའི་ཐབས་ནི། སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ནི་གཏུམ་མོའི་མེས་ཡིག་འབྲུ་བསྲེག་པའོ། །ཐོད་པའི་ཕྲེང་བ་འཛིན་པ་ནི་བདེ་བ་བསྐྱོད་བའི་བྱང་ཆུབ་ཀྱི་སེམས་འཛག་པའོ། །ཐུགས་ཁོང་ནས་འཁྲུག་པ་ནི་ལུས་ཀྱི་རྩ་བྲན་གཡོས་པའི་སྟོབས་ཀྱིས་རམ་བྱུང་གི་ཡེ་ཤེས་སྐྱེས་ཏེ་རྣམ་པར་རྟོག་པ་སྤོང་བའོ། །མཆེ་བ་ཟླ་བ་ཕྱེད་པ་ནི་སོ་དང་མཆུ་སྦྱར་བ་ལ་སོགས་པ་ལུས་ཀྱི་འཁྲུལ་འཁོར་རམ། སྤྱི་གཙུག་གི་ཧཾ་ལས་ལུས་ཀྱི་གཡོན་གྱི་ཆ་ལས་བྱང་ཆུབ་ཀྱི་སེམས་འབབ་པའོ། །གསུམ་པ་དེ་ལ་བརྟེན་ནས་སྐྱེས་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི། རང་བྱུང་གི་ཡེ་ཤེས་ཀྱིས་རྣམ་རྟོག་འཇོམས་པས་ན་སོད་ཅིག་པའོ། །བདེ་བ་བསྐྱེད་པས་གྱིས་ཤིག་པའོ། །གཞན་ལ་སྟོན་པས་སྒྲོགས་ཤིག་པའོ། །རྣམ་རྟོགས་ཕྱེ་མར་བྱེད་པས་གཏོགས་ཤིག་པའོ། །འཁོར་བའི་རྒྱ་མཚོ་བདུན་སྐེམས་པས་སྐོམས་ཤིག་པའོ། །ཡེ་ཤེས་དེ་སྐྱེས་ན་རྣམ་ཤེས་ཚོགས་བརྒྱད་ཐ་མལ་གྱི་ཡུལ་ལས་འཆིང་བར་བྱེད་པས་ཀླུ་བརྒྱད་ཆིངས་ཤིག་པའོ། །བདག་འཛིན་གྱི་དགྲ་ཞི་བར་བྱེད་པས་ན་དགྲ་བོ་ཟུངས་ཤིག་པའོ། །དབྱངས་བཅུ་གཉིས་ནེ་མ་དག་པའི་སྐྱེ་མཆེད་བཅུ་གཉིས་དག་པའི་ཡེ་ཤེས་སུ་གནས་གྱུར་པའོ། །རང་བྱིན་བརླབ་པ་ལ་སྦྱར་བའོ། །གཉིས་པ་དཀྱིལ་འཁོར་འཁོར་ལོ་ལ་སྦྱར་ཏེ། བཤད་པ་ལ་གསུམ་སྟེ། གང་ལ་བརྟེན་ནས་སྐྱེ་བའི་རྟེན་དང༌། དེ་ལ་བརྟེན་ནས་སྐྱེས་པའི་དགའ་བ་དང༌། དགའ་བའི་ཡེ་ཤེས་ཀྱི་རྣམ་རྟོག་སྤོང་བའི་ཚུལ་ལོ། །དང་པོ་ནི་ཞལ་བརྒྱད་ནི་ཕྱག་རྒྱའི་རིགས་བརྒྱད་དོ། །སྐྲ་གྱེན་དུ་བརྫེས་པ་ནི། ཡེ་ཤེས་གོང་ནས་གོང་དུ་འཕེལ་བའམ་མས་བརྟན་པའི་དགའ་བའོ། །ཞབས་བཞི་ནི་ཐབས་ཀྱི་མ་ཟིན་ན་སྐྱེ་གནས་བཞིར་ལྟུང་བའམ། ཡང་ན་ཡས་བབ་ཀྱི་དགའ་བ་བཞི་མཚོན་ནོ། །སྤྱན་ཉི་ཤུ་རྩ་བཞི་ནི་ཕྱག་རྒྱ་བརྒྱད་པོ་དེ་དག་སྒྲ་ཇི་བཞིན་པ་དང༌། ཇི་བཞིན་མ་ཡིན་པ་དང་དབང་ལ་སྦྱར་བའི་ཉི་ཤུ་རྩ་བཞིར་འགྱུར་བའམ་ལོ་གྲངས་མཚོན་པའོ། །གཉིས་པ་དེ་ལ་བརྟེན་ནས་སྐྱེས་པའི་དགའ་བ་ནི། ཕྱག་བཅུ་དྲུག་ཅེས་པ་སྟེ། དགའ་བའི་དགའ་བ་ལ་སོགས་པ་བཅུ་དྲུག་གོ །ཡེ་ཤེས་དེ་རྣམ་རྟོག་གིས་མི་འགྱུར་བས་སྐུ་མདོག་ཆར་སྤྲིན་ལྟར་གནག་པའོ། །བྱང་ཆུབ་སེམས་ཀྱི་ཕྲེང་བས་ཡས་བབ་དང༌། མས་བརྟན་གྱི་ཚུལ་གྱིས་མངོན་དུ་བྱེད་པས་ཐོད་པའི་ཕྲེང་བ་འཛིན་པའོ། །དལ་བར་རྒྱུ་བའི་རླུང་གིས་བྱང་ཆུབ་ཀྱི་སེམས་ལུས་ལ་ཁྱབ་པའི་སྟོབས་ཀྱིས་མཚན་མ་དང་རྣམ་པར་རྟོག་པ་སྤོང་བས་ཐུགས་ཁོང་ནས་འཁྲུག་པའོ། །དུད་འགྲོའི་ལྟ་སྟངས་དང༌། དུད་འགྲོའི་འགྱུར་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་ཀྱི་འགྱུར་བ་འགེགས་པས་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུར་གཙིགས་པའོ། །གསུམ་པ་དགའ་བའི་ཡེ་ཤེས་ཀྱི་རྣམ་པར་རྟོག་པ་སྤོང་པའི་ཚུལ་ནི། སོད་ཅིག་པ་ལ་སོགས་པ་སྟེ་རྣམ་པར་བཤད་པ་རང་བྱིན་བརླབ་བཞིན་ནོ། །དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བའོ། །རྫོགས་པའི་རིམ་པ་བཤད་དེ་མདོར་བསྡུས་པའི་ཚུལ་གྱིས་ཐབས་ཀྱི་རྒྱུད་ལ་སྦྱར་བ་བཤད་ཟིན་ཏོ།།  །།ད་ནི་སྤྱི་དོན་གསུམ་པ་འབྲས་བུ་ལ་སྦྱར་ཏེ་བཤད་ན་གསུམ་སྟེ། ལོངས་སྐུ་དང༌། སྤྲུལ་སྐུ་དང༌། ཆོས་སྐུ་ལ་སྦྱར་ཏེ་བཤད་པའོ། །དང་པོ་ལ་ལོངས་སྐུ་ནི། འོག་མིན་གྱིས་གནས་ན། ཟག་པ་མེད་པའི་བདེ་བ་དང་ལྡན་ཞིང༌། མཚན་དང་དཔེ་བྱད་བསམ་གྱིས་མི་ཁྱབ་པས་སྤྲས་པ། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་ལ་ཐེག་པ་ཆེན་པོའི་ཆོས་རྒྱུན་མི་འཆད་པར་ལོངས་སྤྱོད་པ་སྟེ། དེ་ཡང༌། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་སྟེ་འཇིགས་པར་མཛད། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཞེས་པ་ལ་སོགས་པས་གསལ་ལོ། །ཚིག་དོན་ཤེས་པར་ཟད་དོ། །གཉིས་པ་སྤྲུལ་པའི་སྐུ་ནི། གདུལ་བྱ་གང་དང་གང་ན་གནས་པ་དེ་དང་དེར་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་གང་ལ་ཅིས་འདུལ་བ་དེ་ལ་དེར་སྟོན་པ་སྟེ། དེའང༌། གདུག་ཅིང་གཏུམ་པའི་སེམས་ཅན་ལ། །ཞི་བ་ཉེ་བར་མི་སྦྱོར་ཏེ། །འདི་མཁྱེན་རྡོ་རྗེ་ཅན་གྱིས་ནི། །རང་ཉིད་ཀྱེ་ཡི་རྡོ་རྗེར་གྱུར། །ཞེས་བྱ་བ་ལ་སོགས་པ་དང༌། གང་དང་གང་གི་རྣམ་པ་ཡིས། །སྐྱེས་བུ་རྣམས་ཀྱི་ཡིད་སྦྱོར་བ། །ཞེས་བྱ་བ་ལ་སོགས་པ་ལྟར་རོ།།  །།གཞུང་གི་དོན་ནི། གདུག་པ་ཅན་ལ་གདུག་པའི་རྣམ་པས་འདུལ་བས་སོད་ཅིག་པའོ། །ཐབས་སྣ་ཚོགས་ཀྱིས་སེམས་ཅན་རྗེས་སུ་འཛིན་པས་གྱིས་ཤིག་པའོ། །གསུང་གིས་ཇི་ལྟར་འཚམ་པར་ཆོས་སྟོན་པས་སྒྲོགས་ཤིག་པའོ། །གཞན་གྱི་མི་མཐུན་པའི་ཕྱོགས་ཞི་བར་བྱེད་པས་ན་གཏོགས་ཤིག་པའོ། །དེས་འགྲོ་བ་བདུན་གྱི་སྡུག་བསྔལ་ཞི་བར་བྱེད་པས་ན་རྒྱ་མཚོ་བདུན་སྐོམས་ཤིག་པའོ། །ཉོན་མོངས་པ་ཞི་བར་བྱེད་པས་ཀླུ་བརྒྱད་ཆིངས་ཤིག་པའོ། །རྣམ་པར་རྟོག་པ་དགྲ་དང་འདྲ་བར་འཛིན་པར་བྱེད་པས་ན་དགྲ་བོ་ཟུང་ཤིག་པའོ།།  །།གསུམ་པ་ཆོས་ཀྱི་སྐུ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་སྤྲོས་པའི་མཐའ་དང་བྲལ་བ། སྐྱེ་བ་དང་འགག་པ་མེད་པའི་དབྱིངས་མངོན་དུ་གྱུར་པ་སྟེ། རྟེན་འབྲེལ་གྱི་རང་བཞིན་དབྱངས་བཅུ་གཉིས་ཀྱིས་བསྟན་ནོ། །འབྲས་བུའི་རྒྱུད་ལ་སྦྱར་ཏེ་བཤད་པ་བསྟན་ཟིན་ཏོ། །དེ་ལྟར་རྒྱུད་གསུམ་ལ་སྦྱར་ཏེ་བཤད་པས། རྩ་བའི་སྔགས་ཀྱི་དོན་མཐའ་དག་ཅི་རིགས་པར་བསྟན་ཟིན་ཏོ། །འདིར་ནི་ལེགས་བསམ་བླ་མའི་གསུང་བཞིན་དུ། །སྙིང་པོའི་རྒྱུད་ཀྱི་སྙིང་པོ་རྣམ་ཕྱེ་ལས། །དགེ་བ་གང་བསྐྲུན་དེས་འདིར་སྐྱེ་བོ་ཀུན། །དགའ་བའི་གནས་ཀྱི་རྒྱལ་མཚན་འཛིན་པར་ཤོག །ཐུབ་པའི་གཙུག་ལྟར་གཏིང་དཔག་མི་ནུས་དོན། །གསང་སྔགས་རྒྱ་མཚོའི་ཚུལ་ལ་བླུན་པོ་བདག །ཉེར་ཞི་སྐལ་བ་ཆུང་ཡང་འཁོར་བ་ན། །ཡང་དག་སྟོན་མཛད་གྲགས་པ་རྒྱལ་མཚན་ལ། །དེ་ལྟར་བཤད་འདི་དེ་དང་གཞན་དག་གི །བཀས་གནང་གསོལ་བ་འདེབས་པའི་ངོར་བྱས་ཏེ། །ཧ་ཅང་སྤྲོས་མིན་ཤིན་ཏུ་བསྡུས་མིན་པར། །རྣམ་པར་ཕྱེ་ལ་ངོ་མཚར་བསྐྱེད་པར་གྱིས། །རྩ་བའི་སྔགས་ཀྱི་རྣམ་པར་བཤད་པ། སྙིང་པོའི་དོན་གསལ་བ་ཞེས་བྱ་བ། དཔལ་ས་སྐྱ་པ་ཆེན་པོའི་ཞབས་ཀྱི་ཟེའུ་འབྲུའི་རྡུལ་རྙོག་པ་མེད་པ་ཡན་ལག་མཆོག་གིས་གུས་པར་ལེན་པ། ཤཱཀྱའི་དགེ་བསྙེན་ཀུན་དགའ་རྒྱལ་མཚན་ཞེས་བྱ་བ་སྒྲ་རིག་པ་དེས་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*