ཕྱི་ནང་གསང་གསུམ་གྱི་མཎྜལ་འབུལ་ཆོག

༼ན༽

༄༅། །ཕྱི་ནང་གསང་གསུམ་གྱི་མཎྜལ་འབུལ་ཆོག་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །མཎྜལ་འབུལ་བར་འདོད་པས་མདུན་གྱི་ནམ་མཁར་བླ་མ་དང་ཡི་དམ་གྱི་ལྷ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས་བཞུགས་པ་ལ། མཎྜལ་འབུལ་བ་ལ་གསུམ་ལས། དང་པོ་ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ་ནི། དཔལ་གསང་བ་འདུས་པ་ལས། ཞིང་འདི་རིན་ཆེན་བདུན་རྣམས་ཀྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པས་དངོས་གྲུབ་ཕྱིར། །ཤེས་རབ་ཅན་གྱི་ཉིན་རེ་དབུལ། །ཞེས་པས་ས་འམ་རྡོ་འམ་རིན་པོ་ཆེ་ལ་སོགས་པ་ཁྲུ་གང་ལས་མི་ཆུང་བ་ལ། དྲི་བཟང་གི་ཆུས་བྱུགས་པར་བྱས་ཏེ། འོག་ཐམས་ཅད་གསེར་གྱི་ས་གཞིར་བསམ། དངོས་པོ་རྣམ་པར་དག་པ་མེ་ཏོག་གཙང་མས་དབུས་སུ་རིའི་རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་ཨིནྡྲ་ནཱི་ལ། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། ལྕོག་ཆེན་པོ་བརྒྱད་ཀྱི་ཉེ་བར་མཛེས་པར་བྱས་པ་དང༌། ཡང་ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང༌། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ཤར་དང་དབུས་ཀྱི་བར་ཉི་མ། དབུས་དང་ནུབ་ཀྱི་བར་དུ་ཟླ་བ། སྟེང་དུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ། གཞན་ཡང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག དཔག་བསམ་གྱི་ཤིང༌། གསེར་དངུལ་དང༌། འབྲུ་དང༌། ཟས་གོས་ལ་སོགས་པ་དངོས་པོ་བཟང་ལ་གྱ་ནོམ་པ། བསམ་གྱིས་མི་ཁྱབ་པས་གང་བར་བསམ་ཞིང༌། ལུས་ཐལ་མོ་སྦྱར་ལ། ངག་ཏུ། ཞིང་ཁམས་རྣམ་པར་དག་པ་འདི། །དབུས་ཀྱི་རི་རྒྱལ་རི་རབ་ལ། །གླིང་བཞི་འདོད་ཡོན་ལྔ་ཡིས་བརྒྱན། །ཉི་མ་ཟླ་བས་སྐོར་བ་བྱེད། །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས། །རྒྱལ་སྲིད་རིན་ཆེན་རྣམ་པ་བདུན། །འདོད་འཇོའི་བ་དང་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་གསེར་དང་དངུལ། །འབྲུ་བཟང་ལོངས་སྤྱོད་བསམ་མི་ཁྱབ། །དངོས་པོ་བཟང་ལ་གྱ་ནོམ་པ། །བླ་མ་སངས་རྒྱས་རྣམས་ལ་འབུལ། །རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཨོཾ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུྃ་ཞེས་བརྗོད་དེ། འདོད་པའི་དོན་གང་ཡིན་པ་གསོལ་བ་བཏབ་ལ་བསྔོ་བ་བྱ། རྟེན་གཤེགས་སུ་གསོལ་བའམ། མི་དམིགས་པར་རང་ལ་བསྡུ་གང་རུང་བྱའོ། །མེ་ཏོག་དམན་པ་དབེན་པའི་གནས་སུ་གཞག་པར་བྱའོ། །གཉིས་པ་ནང་དོན་དམ་རྡོ་རྗེ་ལུས་ཀྱི་མཎྜལ་ནི་ཧེ་བཛྲ་ལས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང༌། །སྡོམ་པའི་དེ་ཉིད་རབ་ཏུ་ཕྱེ། །ཞེས་གསུངས་པས། རང་གི་དགེ་སྦྱོར་གྱི་རྒྱུན་ཐོན་པ་དང༌། ལུས་ཀྱི་གཙོ་བོ་སྙིང་བླ་མ་ལྷག་པའི་ལྷར་བསམས་ཏེ། པགས་པ་གསེར་གྱི་ས་གཞི། ཁྲག་ཆུའི་བྱུག་པ། སྒལ་ཚིགས་རིའི་རྒྱལ་པོ་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་གཉིས་ཉི་མ་དང་ཟླ་བ། ཉི་མ་ལྟར་དམར་བ་གསེར། ཟླ་བ་ལྟར་དཀར་བ་དངུལ། བྱང་ཆུབ་ཀྱི་སེམས་ལྷ་དང་མིའི་ལུས་ཕུན་སུམ་ཚོགས་པ། སྙིང་མ་གཏོགས་པའི་དོན་རྣམ་པ་ལྔ། སྣོད་རྣམས་གཅིག་ཏུ་བསྡོམས་པ་དང༌། དྲུག་སྣོད་ལ་གནས་པའི་བདེ་བའི་ཆ་དང་བདུན། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན། སྤྱི་བོའི་ཧཾ་ལས་བྱང་ཆུབ་ཀྱི་སེམས་འབབ་པ་འདོད་འཇོའི་བ། ལུས་ལ་སྐུ་གསུམ་རང་ཆས་སུ་ཡོད་པ་མ་རྨོས་པའི་ལོ་ཏོག རྩ་དཔག་བསམ་གྱི་ཤིང༌། གཞན་ཡོན་ཏན་གྱི་ཆ་དཔག་ཏུ་མེད་པ་ཡོད་པ་རྣམས། ཟས་གོས་དང༌། འབྲུ་དང་ལོངས་སྤྱོད་ལ་སོགས་པར་བསམ་པར་བྱའོ། །དེ་ལྟར་བསམ་སྟེ་སྔར་གྱི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་ཕུལ་ཏེ་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །གསུམ་པ་གསང་བ་ཟུང་འཇུག་སེམས་ཀྱི་མཎྜལ་ནི། དབང་ཡོན་ཏན་རིམ་པ་ལས། རང་སེམས་བླ་མར་སྣང་བ་དེ། །གཉིས་མེད་སློབ་དཔོན་དམ་པའོ། །ཞེས་བཤད་པས། རང་གི་སེམས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བའམ། གཞིར་གྱུར་པ་ནི་བླ་མ་ཡི་དམ་གྱི་ལྷ་ཡིན་པས་མཎྜལ་ནི་ཀུན་གཞི་འཁོར་འདས་ཀྱི་རྒྱུར་གྱུར་པ་གསེར་གྱི་ས་གཞི། དེ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ། ཆུའི་བྱུགས་པ། ཆོས་ཐམས་ཅད་ཀྱི་རྩ་བ་རིའི་རྒྱལ་པོ་རི་རབ། དེ་ལས་ཚད་མེད་པ་བཞི་སྐྱེ་བ་ནི་གླིང་བཞི། ཐབས་ཤེས་རབ་ཟུང་འབྲེལ་ཏུ་ཉམས་སུ་ལེན་པ་ཉི་ཟླས་སྐོར་བ་བྱེད་པ། གཞན་དོན་རྒྱུན་མི་ཆད་པ་འབྱུང་བ་འདོད་འཇོའི་བ། ལོངས་སྐུ་སྤྲོས་པ་དང་བྲལ་བ་མ་རྨོས་པའི་ལོ་ཏོག སྐུ་དང་ཡེ་ཤེས། མཛད་པ་དང་ཕྲིན་ལས་ལ་སོགས་པ་ཐམས་ཅད་དཔག་བསམ་གྱི་ཤིང་དང༌། འབྲུ་དང་ལོངས་སྤྱོད་ལ་སོགས་པར་བསམ་སྟེ། ཡང་སྔ་མའི་ཚིགས་སུ་བཅད་པ་དང༌། སྔགས་ཀྱིས་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །གང་ལ་མཁས་པ་འཇུག་པའི་སྒོ། །ལུས་ཅན་ཞི་བར་བགྲོད་པའི་ལམ། །ལྷ་མིའི་ལོངས་སྤྱོད་སྒྲུབ་པའི་ཐབས། །རྣམ་དག་ལུས་ཀྱིས་བསྟན་པར་བྱ། །ཀྱུ་རའི་དབོན་པོ་དཔོན་གཡོག་གིས། །གུས་པས་གསོལ་བ་བཏབ་པའི་ངོར། །སྡེ་སྣོད་འཛིན་པ་དཔལ་ལྡན་ས་སྐྱ་པཎྜི་ཏས། དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བྲིས་པའོ། །བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*