ཆོས་རྒྱལ་མྱ་ངན་མེད་རྗེས་དྲན་དགོས།

༄། །སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་མས་བུ་ལ་བསྐྱངས་བའི་བྱམས་བརྩེའི་རང་བཞིན་ལྡན་ཅིང། ལྷག་པའི་སེམས་བསྐྱེད་མཚུངས་པ་མི་མངའ་བ། ༧སྐྱབས་མཆོག་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས། བུང་བ་མེ་ཏོག་གི་རྩི་དང་རི་དྭགས་སྒྲ་ལ་ཆགས་པའི་སྣང་ཚུལ་ལྟར། ཕྱི་རྒྱལ་ཡུལ་གྲུ་གང་ས་ནས་ཕྱོགས་གཅིག་ཏུ་འདུས་པའི་ནང་ཆོས་དོན་གཉེར་ཅན་སྟོང་ཕྲག་བརྒལ་བར། ཉེ་ལམ་བལ་ཡུལ་དུ་སྟོན་པས་ཆོས་ཕུང་བརྒྱད་ཁྲི་གནང་བའི་ནང་ནས་ངེས་དོན་གྱི་མདོ་ཤེས་རབ་སྙིང་པོ་ལས་བརྩམས་ཏེ་ཆོས་ཁྲིད་ཟབ་མོ་གནང་བཞིན་པའི་སྐབས་ཤིག་ན། ” རྒྱ་ལ་གལ་ཏེ་ཆོས་རྒྱལ་མྱ་ངན་མེད་འཛམ་བུ་གླིང་འདིར་ཕེབས་མེད་ན། ནང་ཆོས་ནི་ཆེས་སྔ་མོ་ཞིག་ནས་ཞིང་འདི་ནས་ཕྱི་རོལ་ཏུ་གྱུར་ཚར་ཅིང། ད་ཆ་ང་ཚོས་དྲན་གསོ་ཙམ་བྱེད་པའི་ཡུལ་ཞིག་དང། སྔོན་དེ་ལྟར་བྱུང་ཞེས་ལོ་རྒྱུས་ཤོད་པའི་བརྗོད་བྱ་ཙམ་དུ་གྱུར་ཟིན་ངེས། ལྷག་དོན་དུ་ཁོང་མེད་ན་ནང་ཆོས་ནི་ཆེས་སྔ་མོ་ས་གནས་ག་གེ་མོ་ཞིག་ཏུ། སྟོན་པ་ཆེ་གེ་མོ་ཞེས་པ་ཞིག་བྱོན་ནས། ཆོས་ག་གེ་མོ་ཞིག་གསུངས་ཡོད་ཚུལ་འདུག་ཟེར་བ་ལྟ་བུ་ཚིག་གི་འབྲུ་དང། བརྗོད་པའི་ངག་ཙམ་གྱི་གནས་སྟངས་སུ་གྱུར་ཟིན་ངེས། དེས་ན་སངས་རྒྱས་ཀྱི་བསྟན་པ་ད་ལྟའི་དུས་ཚོད་བར་གནས་ཤིང་། ང་ཚོའི་དད་པའི་ཡུལ་དང་བསོད་ནམས་ཀྱི་བགོ་སྐལ་དུ་བཞུགས་ཡོད་པ་འདི་ནི་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དྲིན་ཉག་ཅིག་ཡིན་པས། ཁོང་ལ་བཀྲིན་རྗེས་དྲན་གྱི་ཚུལ་དུ་གཙུག་ལག་ཁང་དུ་ཁོང་གི་འདྲ་སྐུ་བཞེངས་པ་དང། དགོན་པ་དང་བཤད་གྲ་ཁག་ཏུ་ཁོང་གི་མཛད་ཕྲིན་སྐོར་སློབ་སྦྱོང་བྱེད་པ་དང། བགྲོ་གླེང་བྱེད་པའི་གོམས་གཤིས་རྒྱུན་འཇགས་བྱུང་ན་ཅི་མ་རུང་” ཅེས་མ་རིག་པའི་གཉིད་ལས་སད་པའི་ཅོང་བརྡ་ལྟ་བུའི་བཀའ་སློབ་དོན་སྙིང་ལྡན་པ་ཞིག་གནང་སོང། གསུང་དེ་ངའི་རྣ་བའི་བུ་གར་ཞུགས་མ་ཐག་གཞན་གྱིས་ག་རེ་བྱས་ཀྱང་རུང་མ་བྱས་ཀྱང་རུང། དེར་རེ་བ་བྱས་ཏེ་མ་སྒུགས་པར། རང་ངོས་ནས་གོ་སྐབས་འཚོལ་ཏེ་ས་དམིགས་གལ་ཆེ་ཞིག་ཏུ་ཆོས་རྒྱལ་མྱ་ངན་མེད་ཀྱི་འདྲ་སྐུ་ཞིག་བཞེངས་རྒྱུ་ཆོད་སེམས་ཞིག་འབུལ་རྒྱུར་བློ་ཁོག་དང་གདེངས་སྤོབས་ཤིག་ཐོབ། འདི་ལས་བྱུང་བའི་དགེ་རྩ་གང་མཆིས་སངས་རྒྱས་ཀྱི་ངེས་དོན་གསུང་ཤེས་རབ་སྙིང་པོ་ལ་ཉམས་ལེན་བྱས་ཀྱང་རུང། མ་བྱས་ཀྱང་རུང་དགའ་མོས་བྱེད་མཁན་ཇེ་མང་དུ་ཅིས་ཀྱང་འགྲོ་བར་ཤོག་ཅེས་བསྔོ་བ་དང་སྨོན་ལམ་བྱེད། ཟབ་ཆོས་ཐོབ་པའི་འབུལ་བའི་ཚུལ་དུ་དགྱེས་བཞེས་ཡོང་བ་མཁྱེན། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*