ཐུབ་པའི་དགོངས་པ་རབ་ཏུ་གསལ་བ། ༣

རིགས་ཅན་གསུམ་ཀས་བདག་མེད་རྟོགས་པ་ལ་ཁྱད་པར་མི་བཞེད་དོ། །བཞི་པ་སྐད་ཅིག་དུ་ལས་སྐྱེ་བ་ལ་གཉིས་ཏེ། ཐེག་པ་ཐུན་མོང་པ་དང༌། ཐུན་མོང་མ་ཡིན་པའི་ལུགས་སོ། །དང་པོ་ནི། མཛོད་ལས། དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་པས་བྱེ་བྲག་ཏུ་སྨྲ་བ་ནི། བདེན་པ་བཞི་ལ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་ཆོས་ཤེས་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང༌། སྡུག་བསྔལ་ལ་རྗེས་སུ་ཤེས་པ་སྟེ་བཞི་དང༌། བདེན་པ་ལྷག་མ་གསུམ་ལའང་དེ་བཞིན་དུ་སྦྱོར་བས་སྐད་ཅིག་བཅུ་དྲུག་ཏུ་སྐྱེ་བར་འདོད་ལ། དེའང༌། བཟོད་དང་ཤེས་ལ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །ཞེས་གསུངས་པས། བཟོད་པ་རྣམས་བར་ཆད་མེད་པའི་ལམ། ཆོས་ཤེས་པ་ནི་རྣམ་པར་གྲོལ་བའི་ལམ་མོ། །ཡང་སྡེ་པ་འགའ་ཞིག་བརྒྱད་དང་བཞི་ལ་སོགས་པར་སྐྱེ་བར་འདོད་ལ། གནས་བརྟན་པ་དང༌། ཕལ་ཆེན་བ་སྐད་ཅིག་གཅིག་ཏུ་སྐྱེ་བར་འདོད་ཅིང༌། ཐེག་པ་ཆེན་པོ་འགའ་ཞིག་ཀྱང་བཅུ་དྲུག་ནས་གཅིག་གི་བར་ཅི་རིགས་པར་སྐྱེ་བར་འདོད་དོ། །གཉིས་པ་ཐེག་པ་ཐུན་མོང་མ་ཡིན་པ་ནི། མདོ་ལས། བྱང་ཆུབ་སེམས་དཔའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་གསུངས་པས། དོན་དམ་པར་མཐོང་བའི་ལམ་སྐྱེ་བར་མི་བཞེད་དེ། མདོ་ལས། སྐྱེ་བ་མེད་པ་བདེན་པ་གཅིག་ཡིན་ན། །དེ་ལ་ཁ་ཅིག་བདེན་པ་བཞིས་ཞེས་ཟེར། །བྱང་ཆུབ་སྙིང་པོར་འདུག་ནས་བདེན་གཅིག་ཀྱང༌། །གྲུབ་པར་མ་མཐོང་བཞི་ལྟ་ག་ལ་ཞིག །ཅེས་གསུངས་པ་དང༌། རིགས་པ་དྲུག་ཅུ་པ་ལས། གལ་ཏེ་ཆོས་ཤེས་འཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང༌། །གང་གི་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་སྐྱེས་པ་དེ་མ་མཐོང༌། །ཞེས་གསུངས་པས་སོ། །དེ་ལྟར་ན་མདོ་ལས། མཐོང་ལམ་སྐད་ཅིག་གཅིག་དང་བཅུ་དྲུག་ལ་སོགས་པར་སྐྱེ་བར་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་དངོས་པོར་སྨྲ་བ་རྣམས་རྗེས་སུ་གཟུང་བའི་ཕྱིར་དགོངས་པ་ཡིན་ཏེ། དེ་ལ་དགོངས་གཞི་རྟེན་ཅིང་འབྲེལ་བར་འབྱུང་བ། དགོས་པ་དངོས་པོ་ལ་མངོན་པར་ཞེན་པ་རྣམས་གཞུག་པ། དངོས་ལ་གནོད་བྱེད་ནི་རྩ་བའི་ཤེས་རབ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། མུ་བཞིའི་སྐྱེ་བ་བཀག་པས་ཁེགས་སོ། །གཞན་ཡང་མཐོང་ལམ་སྐད་ཅིག་དུ་ལ་སྐྱེ་དཔྱོད་ན་དུ་ལ་འཇིག་པའང་དཔྱོད་དགོས་པ་ཧ་ཅང་ཐལ་ཏེ། །རྩ་བའི་ཤེས་རབ་ལས། འབྱུང་བ་དང་ནི་འཇིག་པ་དག །ཡོད་དོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་གཉིད་ཀྱིས་བསླད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་བརྟེན་ནས་སྐྱེས་པ་ཉིད་སྐྱེ་བ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། མ་དྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་ཉིད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་ལ། སློབ་དཔོན་འཕགས་པས་ཀྱང༌། འདི་བརྟེན་འདི་འབྱུང་ཞེས་བྱ་བའི། །འཇིག་རྟེན་ཚུལ་འདི་འགོག་མི་མཛད། །རྟེན་འབྱུང་གང་དེ་རང་བཞིན་མེད། །དེ་ལ་ཡོད་ཅེས་ཇི་ལྟར་ངེས། །ཞེས་བྱ་བ་དང༌། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །དངོས་འགའང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པས། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཡིན་ནོ། །བཞི་པ་ངེས་པའི་ཚིག་ནི། དརྴན་མཱརྒ་ཞེས་བྱ་སྟེ། སྔར་མ་མཐོང་བའི་ཆོས་ཀྱི་དབྱིངས་མཐོང་བས་མཐོང་བ། ཐར་པའི་འཇུག་ངོགས་ཡིན་པས་ལམ་མོ། །ནི་ར་ཤྲ་ཝ་ལ་སོགས་པའི་སྒྲ་ལས་དྲངས་ན། ཟག་པ་དངོས་ཀྱི་གཉེན་པོར་གྱུར་པས་ཟག་པ་མེད་པའི་བདེ་བ་དང༌། མཐོང་སྤང་གི་ཉོན་མོངས་པ་རྩ་བ་ནས་སྤོང་བར་བྱེད་པས་སྤོང་བའི་གཉེན་པོའོ། །འཕགས་པའི་ཆོས་ཀྱི་ཐོག་མ་ཡིན་པས། འཇིག་རྟེན་ལས་འདས་པའི་སེམས་དང་པོ་བསྐྱེད་པའོ། །མཐོང་བའི་ལམ་མོ། །སྒོམ་ལམ་ལ་ཡང་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། ངེས་ཚིག་བསྟན་པ་གསུམ་ལས། དང་པོ་མཚན་ཉིད་ནི། ཏིང་ངེ་འཛིན་ཁྱད་པར་ཅན་གྱི་འཇུག་ངོགས་ལ་གོམས་པར་བྱེད་པའོ། །གཉིས་པ་དབྱེ་བ་ལ་གཉིས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་ལམ་མོ། །དང་པོ་ལའང་གཉིས་ལས། མཚན་ཉིད་ནི། བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ནས་ཁམས་གོང་མའི་འཇུག་ངོགས་ལ་གོམས་པར་བྱེད་པའི་ཏིང་ངེ་འཛིན་ཏོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་བཞི་སྟེ། གང་ཟག་གང་ལ་སྐྱེ་པ། ས་གང་ལ་བརྟེན་པ། ཡིད་ལ་བྱེད་པའི་ཚུལ། བྱེད་ལས་གང་ཡིན་པའོ། །དང་པོ་གང་ཟག་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་དང༌། འདོད་པ་ཁམས་ཀྱི་ལྷ་རིགས་དྲུག ཁམས་གོང་མའི་ལྷ་གསུམ་མ་གཏོགས་པ་དེ་རྣམས་ལ་སྐྱེ་སྟེ། བསོད་ནམས་ཀྱི་རྟེན་ཡིན་པའི་ཕྱིར་རོ། །ངན་སོང་གསུམ། བྱང་སྒྲ་མི་སྙན་པ། ཟ་མ་མ་ནིང༌། གཟུགས་ཁམས་ཀྱི་འདུ་ཤེས་མེད་པ་བ་རྣམས་ལ་མི་སྐྱེ་སྟེ། སྒྲིབ་པ་ཤས་ཆེ་བའི་ཕྱིར་རོ། །གཟུགས་ཁམས་ཀྱི་ཚངས་པ་ཆེན་པོ་ལ་མི་སྐྱེ་སྟེ། ཕྱིན་ཅི་ལོག་གི་ལྟ་བའི་རྟེན་ཡིན་པའི་ཕྱིར་དང༌། གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར་རོ། །ཁམས་གོང་མ་ལ་ཞི་བར་ལྟས་ས་མེད་ཅིང་སེམས་མི་གསལ་བས་གཟུགས་མེད་ཀྱི་སྲིད་རྩེ་ལའང་མི་སྐྱེའོ། །གཉིས་པ་ས་གང་ལ་བརྟེན་པ་ནི། གཟུགས་དང༌། གཟུགས་མེད་ཀྱི་བསམ་གཏན་དང་སྙོམས་འཇུག་བརྒྱད་ལ་བརྟེན་ཏོ། །གསུམ་པ་ཡིད་ལ་བྱེད་པའི་ཚུལ་ལ་གསུམ་སྟེ། བསམ་གཏན་གྱི་ཉེར་བསྡོགས་དང༌། དངོས་གཞི་དང༌། དེ་དག་གི་རབ་ཏུ་དབྱེ་བའོ། །དང་པོ་ནི། ཡིད་ལ་བྱེད་པ་བདུན་ཏེ། མཚན་ཉིད་རབ་ཏུ་བྱེད་པའི་ཡིད་ལ་བྱེད་པ། མོས་པ་ལས་བྱུང་བ། རབ་ཏུ་དབེན་པ། དགའ་བ་སྡུད་པ། དཔྱོད་པ་བ། སྦྱོར་བའི་མཐའ་པ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པའོ། །དང་པོ་ནི། འདོད་ཁམས་ཀྱི་སེམས་ཉོན་མོངས་པ་མང༌། དེས་དཀྲུགས་པས་སེམས་སྡུག དེའི་སྟོབས་ཀྱིས་ཚེ་ཐུང༌། ཁམས་གོང་མ་དེ་ལས་བཟློག་བར་འདོད་ཁམས་ཀྱི་ཐོས་བསམ་གྱི་ཤེས་རབ་ཀྱིས་ཤེས་པས་སེམས་ཤིན་ཏུ་སྦྱངས་ཏེ། བསམ་གཏན་དང་པོའི་ཏིང་ངེ་འཛིན་སྐྱེ། དེས་འདོད་པ་ཁམས་ཀྱི་སེམས་རགས་པ་དང༌། བསམ་གཏན་དང་པོའི་སེམས་ཞི་བར་རིག་པ་ཡིན་ནོ། །གཉིས་པ་མོས་པ་ལས་བྱུང་བ་ནི། སྔ་མ་ལྟར་སྦྱང་བ་བས་བསྒོམས་བྱུང་གི་ཤེས་རབ་ཀྱིས་ཐོས་བསམ་ལས་འདས་པའི་བསམ་གཏན་དང་པོའི་ཏིང་ངེ་འཛིན་རྐྱང་པ་སྐྱེའོ། །གསུམ་པ་རབ་ཏུ་དབྱེ་བ་ནི། ཡང་སྔ་མ་བཞིན་དུ་བསྒོམས་པས་འདོད་ཁམས་ཀྱི་སྒོམ་སྤང་ཆེན་པོ་སྤོང་བའི་གཉེན་པོ་སྐྱེས་ནས། འདོད་ཁམས་ཀྱི་ཉོན་མོངས་པ་མངོན་གྱུར་སྤོང་བའོ། །བཞི་པ་དགའ་བ་སྡུད་པ་ནི། རབ་ཏུ་དབེན་པ་ལས་བྱུང་བའི་དགའ་བ་དང༌། བདེ་བ་ཆུང་ངུས་རགས་པ་སྤོང་བ་ལ་དགའ་ཞིང་དེ་ལ་ཕན་ཡོན་དུ་མཐོང་ནས་དུས་དུས་སུ་དད་པ་ཆེན་པོ་ཡིད་ལ་བྱེད་པ་སྟེ། དེ་ནི་ཉོན་མོངས་པ་འབྲིང་སྤོང་བར་བྱེད་པའི་གཉེན་པོའོ། །ལྔ་པ་དཔྱོད་པ་ནི། དེ་ལྟར་གཉེན་པོས་ཉོན་མོངས་པ་ཕལ་ཆེར་སྤངས་པས། ཐམས་ཅད་སྤངས་སམ་སྙམ་པའི་བློ་སྐྱེ་སྟེ་སླར་ཉོན་མོངས་པ་སྐྱེ་མི་སྐྱེ་བརྟག་པའི་ཕྱིར་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་སྤྱོད་པ་ཡིད་ལ་བྱེད་པའོ། །དྲུག་པ་སྦྱོར་བའི་མཐའ་པ་ནི། དེ་ལྟར་བརྟགས་པས་ཉོན་མོངས་པ་སྐྱེ་བར་མཐོང་སྟེ། སྔར་བཞིན་ཞི་རགས་ཀྱི་རྣམ་པར་བསྒོམས་པས་ཉོན་མོངས་པ་ཆུང་ངུའི་གཉེན་པོ་རྒྱུད་ལ་སྐྱེས་པའོ། །བདུན་པ་སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི། དེའི་རྗེས་ལ་བསྒོམས་པ་དེ་ཐམས་ཅད་ཀྱི་འབྲས་བུ་ཉམས་སུ་མྱོང་བ་ཡིད་ལ་བྱེད་པའོ། །བསམ་གཏན་དང་པོ་ཇི་ལྟ་བར་གཉིས་པ་ནས་སྲིད་རྩེའི་བར་དུ་ཡིད་ལ་བྱེད་པ་བདུན་གྱིས་འཐོབ་པར་འགྱུར་རོ། །དེའང་བསམ་གཏན་བཞི་པ་ཟག་བཅས་ཟག་མེད་སྤེལ་མར་བསྒོམས་པས། འཕགས་པའི་གནས་ལྔར་སྐྱེ་བར་འགྱུར་རོ། །དེ་ལ་ཡང་མཚན་ཉིད་རབ་ཏུ་རིག་པ་དང་མོས་པ་ལས་བྱུང་བ་གཉིས་སྦྱོར་ལམ། རབ་ཏུ་དབེན་པ་དང་དགའ་བ་སྡུད་པ་དང༌། སྦྱོར་བའི་མཐའ་པ་གསུམ་བར་ཆད་མེད་པའི་ལམ། དཔྱོད་པ་བ་ནི་ཁྱད་པར་གྱི་ལམ། སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་རྣམ་པར་གྲོལ་བའི་ལམ་མོ། །དེའི་ནང་ནས་ལམ་ཆུང་ངུ་ནི་ཉོན་མོངས་ཆེན་པོའི་གཉེན་པོ། རབ་ཏུ་དབེན་པ་ལམ་འབྲིང་པོ་ཉོན་མོངས་པ་འབྲིང་གི་གཉེན་པོ་དགའ་བ་སྡུད་པ། ལམ་ཆེན་པོ་ནི་ཉོན་མོངས་པ་ཆུང་ངུའི་གཉེན་པོ་སྦྱོར་བའི་མཐའ་པའོ། །གཉིས་པ་བསམ་གཏན་གྱི་དངོས་གཞི་ལ་བརྒྱད་དེ། གཟུགས་ཁམས་བསམ་གཏན་བཞི་དང༌། གཟུགས་མེད་སྐྱེ་མཆེད་མུ་བཞིའོ། །དེ་ལ་གཟུགས་ཁམས་ཀྱི་བསམ་གཏན་དང་པོ་ལ། དངོས་གཞི་ཙམ་པོ་བ་དང༌། དངོས་གཞི་ཁྱད་པར་ཅན་གཉིས་ལས། དངོས་གཞི་ཙམ་པོ་བ་ནི། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་དང་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་ཞེས་གསུངས་པའོ། །དངོས་གཞི་ཁྱད་པར་ཅན་ནི་རྟོག་པ་མེད་ལ། དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཏོ། །བསམ་གཏན་གཉིས་པ་ནི། དགའ་བདེ་དང་བཅས་པའི་ཏིང་ངེ་འཛིན་ཏོ། བསམ་གཏན་གསུམ་པ་ནི། དགའ་བ་མེད་ལ་བདེ་བ་ཙམ་གྱི་ཏིང་ངེ་འཛིན་ཏོ། །བསམ་གཏན་བཞི་པ་ནི། དགའ་བ་ཡང་མེད་བདེ་བ་ཡང་མེད་པ་བཏང་སྙོམས་ཡོངས་སུ་དག་པའི་ཏིང་ངེ་འཛིན་ཏོ། །འདི་དག་ཀྱང་ཟག་པ་དང་བཅས་པའི་ཕྱིར་འཇིག་རྟེན་པའོ། །གཟུགས་མེད་ཀྱི་སྐྱེ་མཆེད་མུ་བཞི་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ནི། རྒྱུ་སྙོམས་པར་འཇུག་པའི་བསམ་གཏན་དེ་ཡང་ཁྱད་པར་གྱི་ལམ་སྒོམ་པའི་དུས་ན་ཆོས་ཐམས་ཅད་ནམ་མཁའ་ཙམ་སྟེ་དེ་ཡང་མཐའ་ཡས་པར་བསྒོམ་པའོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སོགས་པའང་དེ་བཞིན་ནོ། །འདི་རྣམས་ཀྱང་སྲེད་པ་དང་ལྟ་བ་ལ་སོགས་པ་ལ་བསྟེན་ནས་ཀུན་ནས་ཉོན་མོངས་པའི་བསམ་གཏན་ཡིན་ལ། ཡང་དག་པའི་བསམ་གཏན་བཞི་དང༌། གཟུགས་མེད་པ་བཞི་ལ་ཀུན་ནས་དཀྲིས་པའི་ཉོན་མོངས་པ་ཀུན་ཏུ་རྒྱུའི་དྲི་མ་དང་བྲལ་ན་རྣམ་པར་བྱང་བའི་བསམ་གཏན་ཞེས་བྱ་སྟེ་དགེ་བ་ཡིན་པའི་ཕྱིར་རོ། །འདི་དག་རྒྱས་པར་གཞུང་གཞན་དུ་ཤེས་པར་བྱའོ། །གསུམ་པ་དེ་དག་གི་རབ་ཏུ་དབྱེ་བ་ལ་ངོ་བོ་དང༌། སྤང་བྱ་དང༌། རྒྱུ་འབྲས་ཀྱི་སྒོ་ནས་དབྱེ་བ་གསུམ་ལས། དང་པོ་ངོ་བོའི་སྒོ་ནས་དབྱེ་ན་ཆ་མཐུན་བཞི་སྟེ། ཉམས་པ་དང༌། གནས་པ་དང༌། ཁྱད་པར་དང༌། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་བསམ་གཏན་ནོ། །འདི་དག་གི་དོན་ཉན་ཐོས་རྣམས་དང་པོ་ནི་ས་འོག་མ་དང་མཐུན། གཉིས་པ་རང་ས་དང་མཐུན། གསུམ་པ་ས་གོང་མ་དང་མཐུན། བཞི་པ་ལམ་གྱི་རྟེན་དུ་གྱུར་པའོ་ཞེས་ཟེར། སེམས་ཙམ་པ་ནི་དང་པོ་བསམ་གཏན་གྱི་ཏིང་ངེ་འཛིན་ལས་མ་ཉམས་པ་ལ་ཉོན་མོངས་པ་ཤས་ཆེ་བ། གཉིས་པ་ནི་ཉམས་པ་དང་འཕེལ་བ་གཉིས་ཀ་མེད་པ། གསུམ་པ་ནི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པ། བཞི་པ་ནི་འཕགས་པའི་ལམ་གྱི་རྟེན་དུ་རུང་བའོ་ཞེས་འདོད་དོ། །འདི་དག་སྦྱོར་བའི་ལམ་དང་བར་ཆད་མེད་པ་ལ་སོགས་པ་བཞི་དང་སྦྱར་བར་བྱའོ། །གཉིས་པ་སྤང་བྱ་སྤོང་བའི་སྒོ་ནས་དབྱེ་ན། སྲིད་རྩེ་མ་གཏོགས་པ། ས་བརྒྱད་ལ་ཆེ་འབྲིང་གི་བྱེ་བྲག་གིས་དགུ་དགུར་ཕྱེ་བས་བདུན་ཅུ་རྩ་གཉིས་སོ། །གསུམ་པ་རྒྱུ་འབྲས་ཀྱིས་དབྱེ་ན་གཉིས་ཏེ། རྒྱུ་སྙོམས་འཇུག་གིས་བསམ་གཏན་དང༌། འབྲས་བུ་སྐྱེ་བའི་བསམ་གཏན་ནོ། །དང་པོ་ནི། བསམ་གཏན་དང་པོའི་སྙོམས་འཇུག་བདུན་ལ་དེའི་ཡོན་ཏན་དྲན་པའི་གུས་པ་དང༌། རྟག་ཏུ་ཡིད་ལ་བྱེད་པའི་སྦྱོར་བ་རྒྱུན་དུ་བསྒོམ་པའོ། །དེའང་ཆེ་འབྲིང་གསུམ་སྟེ། གཉིས་ཀ་དང་མི་ལྡན་པ་ཆུང་ངུ༌། གང་རུང་གཅིག་དང་ལྡན་པ་འབྲིང༌། གཉིས་ཀ་དང་ལྡན་པ་ཆེན་པོའོ། །ལྷག་མ་བསམ་གཏན་གསུམ་དང༌། གཟུགས་མེད་སྐྱེ་མཆེད་བཞིའི་ཉེར་བསྡོགས་ལའང་ཆེ་འབྲིང་གསུམ་གསུམ་དུ་བསྒོམས་པ་དེ་བཞིན་ནོ། །གཉིས་པ་འབྲས་བུ་སྐྱེ་བའི་བསམ་གཏན་ནི། བསམ་གཏན་དང་པོའི་ཉེར་བསྡོགས། ཆུང་ངུས་ཚངས་རིས། འབྲིང་གིས་ཚངས་པ་མདུན་ན་འདོན། ཆེན་པོས་ཚངས་ཆེན་དུ་སྐྱེའོ། །བསམ་གཏན་ལྷག་མ་གསུམ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དེའང་བསམ་གཏན་བཞི་པ་ཟག་བཅས་ཟག་མེད་སྤེལ་མར་བསྒོམས་པས། འཕགས་པའི་གནས་ལྔར་སྐྱེ་བར་འགྱུར་རོ། །གཟུགས་མེད་པ་རྣམས་ལ་ནི་གཟུགས་སུན་ཕྱུང་བས་གཞལ་མེད་ཁང་གི་གནས་གཞན་མེད་པའི་ཕྱིར། ས་ཐ་དད་པ་མེད། འོན་ཀྱང་ཆེ་འབྲིང་དུ་བསྒོམས་པས་གཟུགས་མེད་རྣམས་སུ་ཚེ་རིང་ཐུང་དང་མཐུ་ཆེ་ཆུང་དུ་སྐྱེའོ། །འདོད་ཆགས་ལ་སོགས་པ་ཆེ་འབྲིང་རྣམ་པ་གསུམ་དུ་འགྱུར་རོ། །དེ་ལྟ་བུའི་ཏིང་ངེ་འཛིན་དེ་དག་འཇིག་རྟེན་པའི་ཆུང་ཞིང་དམན་ལ་ཟག་པ་དང་བཅས། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཟག་པ་མེད་ཅིང་འཇིག་རྟེན་པ་བས་རྒྱ་ཆེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དཔའ་བར་འགྲོ་བ་ལ་སོགས་པའི་མདོ་རྣམས་ནས་འབྱུང་བ། དེ་དག་གི་མིང་ཙམ་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མི་ཤེས་ཏེ། དེ་དག་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མེད་པའི་ཕྱིར་རོ། །བཞི་པ་བྱེད་པའི་ལས་ནི་བསམ་གཏན་བསྒོམས་པས་སྤང་བྱའི་ས་བོན་མགོ་ནོན་པ་དང༌། ཚད་མེད་པ་དང༌། མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡོན་ཏན་དང༌། འཕགས་པའི་ལམ་གྱི་རྟེན་བྱེད་པའི་ལས་ཅན་ནོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་བསྒོམ་པ་ལ། མཚན་ཉིད་དང༌། དབྱེ་བ་དང༌། དེའི་རང་བཞིན་ངེས་པར་བྱ་བ་དང༌། ངེས་ཚིག་བསྟན་པ་བཞི་ལས། དང་པོ་མཚན་ཉིད་ནི། ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་སྔར་མཐོང་བ་ཉིད་གོམས་པར་བྱེད་པའོ། །གཉིས་པ་དབྱེ་བ་ལ་སྒོ་བཞི་སྟེ། གང་ཟག་དང༌། སྤང་བྱ་དང༌། ལམ་དང༌། གོམས་ཚུལ་གྱིས་དབྱེ་བའོ། །དང་པོ་ལ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ་གསུམ་མོ། །གཉིས་པ་སྤང་བྱས་དབྱེ་ན། སྒོམ་སྤང་བཞི་བརྒྱ་བཅུ་བཞི་ལ་གཉེན་པོའང་དེ་སྙེད་དོ། །གསུམ་པ་ལམ་གྱིས་དབྱེ་ན་བཞི་སྟེ། སྦྱོར་བ་དང༌། བར་ཆད་མེད་པ་དང༌། རྣམ་གྲོལ་དང༌། ཁྱད་པར་གྱི་ལམ་མོ། །བཞི་པ་གོམས་ཚུལ་གྱིས་དབྱེ་ན། མཉམ་གཞག་དང༌། རྗེས་ཐོབ་ཀྱི་སྒོ་ནས་གོམས་པར་བྱེད་པའོ། །གསུམ་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། སྒོམ་སྤང་སྤོང་བའི་ཚུལ་དང༌། སྒོམ་ལམ་སྐྱེ་བའི་རྣམ་གཞག་གོ །དང་པོ་ལ་གསུམ་སྟེ། སྒོམ་སྤང་གི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། གཉེན་པོས་སྤོང་བའི་ཚུལ་ལོ། །དང་པོ་ནི། ལྷན་ཅིག་སྐྱེས་པའི་བདག་གིས་སེམས་རབ་ཏུ་མ་ཞི་བར་བྱེད་པའོ། །གཉིས་པ་དབྱེ་ན། འདོད་ཁམས་ན་ལྷན་སྐྱེས་ཀྱི་ཉོན་མོངས་པ་དྲུག་དང༌། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་ལྔ་ལྔ་སྟེ་བཅུ་དྲུག་གོ །འོ་ན་བསྡུ་བར་བཅུ་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། རགས་པ་དང་ཕྲ་བའི་རྣམ་པར་གཞག་པ་མདོ་ཐ་དད་ཀྱི་དགོངས་པ་ཡིན་ནོ། །འདི་དག་ཆེ་འབྲིང་གསུམ་ལ། ཆེན་པོའི་ཆེན་པོ་ལ་སོགས་དགུ་དགུར་ཕྱེ་བས་བཞི་བརྒྱ་དང་བཅུ་བཞི་ཡིན་ནོ། །གསུམ་པ་གཉེན་པོས་སྤོང་བའི་ཚུལ་ནི། མཐོང་ལམ་དུ་བཤད་པ་བཞིན་ཤེས་པར་བྱའོ། །གཉིས་པ་སྒོམ་ལམ་སྐྱེ་བའི་རྣམ་གཞག་ལ་གསུམ་སྟེ། གང་ཟག་གང་ལ་སྐྱེ་བ་དང༌། ས་གང་ལ་བརྟེན་པ། ཡུལ་གང་ལ། ཚུལ་ཇི་ལྟར་དམིགས་པའོ། །དང་པོ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དང༌། འདོད་པ་ཁམས་ཀྱི་ལྷ་རིགས་དྲུག་དང༌། གཟུགས་ཁམས་ཀྱི་ཚངས་པ་ཆེན་པོ་དང༌། འདུ་ཤེས་མེད་པ་མ་གཏོགས་པ། གཟུགས་མེད་ཀྱི་སྐྱེ་མཆེད་བཞི་སྟེ་དེ་རྣམས་ལ་སྐྱེའོ། །གཞན་ལ་མི་སྐྱེ་བའི་རྒྱུ་མཚན་ནི་སྔ་མ་བཞིན་ནོ། །གཉིས་པ་ས་གང་ལ་བརྟེན་པ་ལ་གསུམ་ལས། ཉན་ཐོས་ཀྱི་སྒོམ་ལམ་ནི། བསམ་གཏན་གྱི་དངོས་བཞི་དང༌། བསམ་གཏན་དང་པོའི་ཉེར་བསྡོགས་དང༌། དངོས་གཞི་ཁྱད་པར་ཅན་དང་དྲུག གཟུགས་མེད་ཀྱི་འབྲས་བུ་གསུམ་དང་དགུ་ལ་བརྟེན་ཏོ། །གཞན་ལ་མི་བརྟེན་པའི་རྒྱུ་མཚན་ནི། འདོད་པ་ཁམས་ཀྱི་སེམས་ལས་སུ་མི་རུང༌། སྲིད་རྩེའི་སེམས་མི་གསལ། བསམ་གཏན་ལྷག་མ་གསུམ་དང༌། གཟུགས་མེད་གསུམ་གྱི་ཉེར་བསྡོགས་ལ་མི་བརྟེན་ཏེ། གོང་མ་ཐོབ་པ་ལ་འབད་རྩོལ་དང་བཅས་པས་ཞི་གནས་ཤས་ཆུང༌། དེའི་སྟོབས་ཀྱིས་ཞི་གནས་ལྷག་མཐོང་ཟུང་དུ་མ་འབྲེལ་བའོ། །བསམ་གཏན་དང་པོའི་ཉེར་བསྡོགས་ཀྱང༌། ཞི་གནས་ཤས་ཆུང་བས་རྟེན་དུ་མི་རུང་ངོ་ཞེ་ན། བདེན་མོད་འོན་ཀྱང་གཞན་པས་འདི་སླ་བའི་ཕྱིར་རྟེན་ཏོ། །ཡང་གལ་ཏེ་ཚངས་པ་ཆེན་པོའི་རྟེན་ལ་མི་སྐྱེ་ན། སེམས་ཀྱང་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ལ་མི་སྐྱེ་བར་འགྱུར་ཞེ་ན། སེམས་དེ་ལ་བཟང་ཡང་ཚངས་པ་ཆེན་པོའི་རྟེན་ཏེ། གཙོ་བོ་གཅིག་གི་སྟེང་དུ་སེམས་པ་དང༌། ཕྱིན་ཅི་ལོག་གི་ལྟ་བའི་རྟེན་ཡིན་པས་ཚངས་ཆེན་དང་འབྲེལ་བའི་སེམས་ལ་མི་སྐྱེ་ལ། རྟེན་གཞན་གྱི་སེམས་དེ་དང་རིགས་འདྲ་བར་སྐྱེད་ན་སྐྱེ་སྟེ། དཔེར་ན་སྒྲོམ་གྱི་ས་བོན་མྱུ་གུའི་རྟེན་མ་ཡིན་ཀྱང་དེ་དང་རིགས་འདྲ་བ་ཞིང་ལ་བཏབ་ན་སྐྱེ་བ་བཞིན་ནོ། །ཡང་སྲིད་རྩེའི་སེམས་ལ་མི་སྐྱེ་ན། སྲིད་རྩེའི་གང་ཟག་ལ་ཡང་མི་རྟེན་ལ། གང་ཟག་ལ་རྟེན་ན་སེམས་ལ་བརྟེན་པ་ཅི་འགལ་ཞེ་ན། སྲིད་རྩེའི་གང་ཟག་བཟང་ཡང་སེམས་རྒྱུ་བ་མི་གསལ་བས་འཕགས་པའི་སེམས་མི་སྐྱེ་ལ། ཅི་ཡང་མེད་པའི་སེམས་གསལ་བའི་ཕྱིར་དེ་ལ་བརྟེན་དགོས་ཏེ། དཔེར་ན་རྒྱལ་པོས་མ་ཤེས་པ་བློན་པོ་ལ་འདྲི་བ་བཞིན་ནོ། །དེ་ཉིད་མཛོད་ལས། སྲིད་རྩེའི་འཕགས་པ་ཅི་ཡང་མེད། །མངོན་སུམ་བྱས་ན་ཟག་པ་ཟད། །ཅེས་གསུངས་པ་ལྟར་རོ། །ཡང་གཟུགས་མེད་པ་གསུམ་གྱི་སེམས་མི་གསལ་བས། མཐོང་ལམ་གྱི་རྟེན་དུ་མི་རུང་བ་བཞིན་དུ་སྒོམ་ལམ་གྱི་ཡང་རྟེན་དུ་མི་རུང་བ་མཚུངས་སོ་ཞེ་ན། ཉན་ཐོས་སྡེ་བ་དག་ལ་ལན་གཞན་ཡོད་ཀྱང༌། འཐད་པའི་ལན་འདི་ཡིན་ཏེ། མཐོང་ལམ་བསམ་གཏན་ས་དྲུག་ལ་བརྟེན་ནས་བསྐྱེད་སླ་བ་དེ་བོར་ནས། དཀའ་བའི་གཟུགས་མེད་ལ་བརྟེན་ཅི་དགོས། སྒོམ་ལམ་ནི་གཟུགས་མེད་དུ་སྐྱེས་པའི་འཕགས་པ་ཕྱིར་མི་འོང་བ་དག་སྒོམ་སྤང་ལྷག་མ་སྤངས་ནས། དགྲ་བཅོམ་པ་མངོན་དུ་བྱེད་པ་ལ། བསམ་གཏན་བཞི་པ་མན་ཆད་ཀྱི་སེམས་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པ་ཁམས་གོང་མ་ལས་འདས་པས་བསྐྱེད་མི་ནུས་པས་གཟུགས་མེད་གསུམ་ལ་དཀའ་ཡང་བརྟེན་དགོས་ཏེ། ལག་པ་གཡས་མེད་ན་གཡོན་གྱིས་འབད་ནས་བྱེད་པ་བཞིན་ནོ། །ཡང་ན་མཐོང་ལམ་ཆོས་ཉིད་མ་མཐོང་བ་མཐོང་བར་བྱེད་པ་ཡིན་པས་སེམས་གསལ་དགོས་ལ། གཟུགས་མེད་པ་གསུམ་མི་གསལ་བས་དེ་ལ་བརྟེན་པར་མི་འཐད་ཅིང་མཐོང་བའི་དོན་གོམས་པས་སྒོམ་པའི་ལམ་ནི་མི་གསལ་བ་ལ་ཡང་གོམས་སུ་བཏུབ་པས་དེ་ལ་བརྟེན་པ་འགལ་བ་མེད་དོ། །གཉིས་པ་རང་སངས་རྒྱས་ཀྱི་སྒོམ་ལམ་ས་གང་ལ་བརྟེན་པ་ནི། ཚོགས་ན་སྤྱོད་པ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ལ། བསེ་རུ་ལྟ་བུ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏོ། །གསུམ་པ་བྱང་ཆུབ་སེམས་དཔའི་སྒོམ་ལམ་ནི་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ལ། འོན་ཀྱང་སྐྱེ་བའི་ས་ནི་གཟུགས་མེད་མ་གཏོགས་པ་འདོད་པ་དང་གཟུགས་ཀྱི་ཁམས་གཉིས་སུ་ལས་དང༌། སྨོན་ལམ་གྱིས་སྐྱེ་ཞིང༌། ཏིང་ངེ་འཛིན་རྩལ་སྦྱང་བ་ནི། སེང་གེ་རྣམ་པར་བསྒྱིངས་པ་དང༌། ཐོད་རྒལ་ལ་སོགས་པ་ལ་སྙོམས་པར་འཇུག་པའི་ཚེ། གཟུགས་མེད་པ་དང༌། འགོག་པ་ལ་སྙོམས་པར་འཇུག་པ་ཡིན་ནོ། །གསུམ་པ་ཡུལ་གང་ལ་ཚུལ་ཇི་ལྟར་དམིགས་པ་ལ། ཐེག་པ་ཐུན་མོང་བ་ནི་མཐོང་བའི་ལམ་གྱི་རྗེས་ལ་བདེན་པ་བཞིའི་ཆོས་ཉིད་ལ་དམིགས་པའི་ཞི་གནས་དང་ལྷག་མཐོང་མཚུངས་ལྡན་དུ་གོམས་པར་བྱེད་པའོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི་མཐོང་ལམ་ཏུ་རྟོགས་པའི་ཆོས་ཉིད་དང་ཡེ་ཤེས་ཆོས་ཅན་མཐའ་དག་དང་འབྲེལ་བར་གོམས་པར་བསྒོམ་པའོ། །བཞི་པ་ངེས་པའི་ཚིག་ནི་བྷཱ་ཝ་ནཱ་མཱརྒ་ཞེས་བྱ་བ་མཐོང་བའི་དོན་སྒོམ་པར་བྱེད་པས་སྒོམ་ལམ། ཟག་པ་མེད་པ་ཟག་པ་མེད་པའི་དགེ་བའི་རྩ་བ་བསྒོམས་པས་སྤང་བར་བྱ་བའི་གཉེན་པོ་ཡིན་པས་སྤང་བའི་གཉེན་པོ་ཞེས་བྱའོ། །མཐར་ཕྱིན་པའི་ལམ་ལ་ཡང་བཞི་སྟེ། མཚན་ཉིད་དང་རབ་ཏུ་དབྱེ་བ་དང༌། རང་བཞིན་ངེས་པར་བྱ་བ་དང༌། ངེས་ཚིག་བསྟན་པའོ། །དང་པོ་མཚན་ཉིད་ནི། ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་མཐར་ཐུག་བསྒོམ་པའོ། །གཉིས་པ་ལ་དབྱེ་ན་གསུམ་སྟེ། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་འོ། །གསུམ་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། གང་ཟག་གང་ལ་སྐྱེ་བ་དང༌། ས་གང་ལ་བརྟེན་པ་དང༌། ཡུལ་གང་ལ་དམིགས་པའོ། །དང་པོ་གང་ཟག་དང་ས་གང་ལ་བརྟེན་པ་ནི། ཉན་ཐོས་ཀྱི་བཤད་པ་སྔར་འཇིག་རྟེན་ལས་འདས་པའི་སྒོམ་ལམ་དང་འདྲ་ལ། ཐེག་པ་ཐུན་མོང་བས་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི། མིའི་རྟེན་ལ་སྐྱེ་ཞིང་ཁྱད་པར་དུ་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡུལ་དབུས་ཀྱི་བྲམ་ཟེའམ་རྒྱལ་རིགས་ཀྱི་རྟེན་ལ་སྐྱེ་ཞིང༌། ས་བསམ་གཏན་བཞི་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི་ས་བཅུ་པའི་རྟེན་དང༌། ས་བསམ་གཏན་བཞི་པ་ཤིན་ཏུ་རྣམ་པར་དག་པའི་མཐར་བདག་རྐྱེན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེ་བར་འདོད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡང་ཉན་ཐོས་ཀྱི་ཉོན་མོངས་པའི་ས་བོན་ཆུང་ངུའི་མགོ་གནོན་པ་སྦྱོར་ལམ། རྩ་བ་ནས་འདོན་པ་བར་ཆད་མེད་པའི་ལམ་མོ། །བྱང་ཆུབ་སེམས་དཔའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་ཆུང་ངུའི་མགོ་གནོན་པ་སྦྱོར་ལམ། རྩ་བ་ནས་འདོན་པ་བར་ཆད་མེད་པའི་ལམ་མོ། །གསུམ་པ་ཡུལ་གང་ལ་དམིགས་པ་ནི། ཐེག་པ་ཐུན་མོང་གི་ལུགས་ཀྱིས་ཡུལ་བདེན་པ་བཞིའམ་ཡང་ན་འགོག་པའི་བདེན་པའམ། མི་སློབ་པའི་ཆོས་བཅུ་ལ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དམིགས། དེ་ལ་མི་སློབ་པའི་ཆོས་བཅུ་ནི། ཡང་དག་པའི་ལྟ་བ་དང༌། ཡང་དག་པའི་རྟོག་པ་དང༌། དེ་བཞིན་དུ་ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། རྣམ་པར་གྲོལ་བ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ། །དེ་དག་ཕུང་པོས་བསྡུ་ན། ཡང་དག་པའི་ངག་དང༌། ལས་ཀྱི་མཐའ་དང་འཚོ་བ་ནི། ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཏིང་ངེ་འཛིན་དང༌། དྲན་པ་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ལྟ་བ་དང༌། རྟོགས་པ་དང༌། བརྩོན་འགྲུས་ནི་ཤེས་རབ་ཀྱི་ཕུང་པོའོ། །རྣམ་པར་གྲོལ་བ་ནི་རྣམ་པར་གྲོལ་བའི་ཕུང་པོའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་རྣམ་པར་གྲོལ་པའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དེ་ལའང་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་བསྡུས་པ་དང༌། རྗེས་ལས་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་བསྡུས་པའོ་ཞེས་ཟེར་རོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཡུལ་མྱ་ངན་ལས་འདས་པ་ལ་དམིགས། བྱང་ཆུབ་སེམས་དཔའ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་དམིགས་སོ། །བཞི་པ་ངེས་ཚིག་ནི། ཎིཥྛ་མཱརྒ་ཞེས་བྱ་བ་སྤང་བྱ་དང་ཤེས་བྱ་ཤེས་པ་མཐར་ཕྱིན་པར་བྱེད་པས་མཐར་ཕྱིན་པའི་ལམ། ཟག་པ་དང་བྲལ་བས་ཟག་པ་མེད་པའི་དགེ་བའི་རྩ་བ། སྤངས་པའི་ཉོན་མོངས་པ་སླར་མི་སྐྱེ་བར་བྱེད་པས་ཐག་སྲིང་བའི་གཉེན་པོ་ཞེས་བྱའོ། །འདི་དག་ལ་ཐེག་པ་ཐུན་མོང་བའི་ལུགས་མཛོད་ལས། མྱ་ངན་འདས་སོགས་གོང་ནས་གོང༌། །ཐོབ་པ་ལ་ནི་དབང་བྱེད་ཕྱིར། །ཀུན་ཤེས་བྱེད་དང་ཀུན་ཤེས་དང༌། །དེ་བཞིན་ཀུན་ཤེས་ལྡན་དབང་པོ། །ཞེས་བཤད་པས་མཐོང་ལམ་ལ་དབང་སྒྱུར་བ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སྦྱོར་ལམ་ན་ཡོད། སྒོམ་ལམ་ལ་དབང་སྒྱུར་བ་ཀུན་ཤེས་པར་བྱེད་པའི་དབང་པོ་མཐོང་ལམ་ན་ཡོད། མཐར་ཕྱིན་པའི་ལམ་ལ་དབང་སྒྱུར་བ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་སྒོམ་ལམ་ན་ཡོད་ཅེས་ཟེར་ལ། ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི། །དབང་པོ་འདི་དག་གི་ཐ་སྙད་མི་འདོགས་སོ།།  ༈  །།གཉིས་པ་ས་བཅུའི་རྣམ་གཞག་ལ་གསུམ་སྟེ། མཚན་ཉིད། རབ་ཏུ་དབྱེ་བ། སོ་སོའི་རྣམ་གཞག་གོ །དང་པོ་ནི། ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའོ། །དབྱེ་ན་གཉིས་ལས། མོས་པ་སྤྱོད་པའི་སའི་མཚན་ཉིད་ནི། འཕགས་པའི་ཆོས་ལ་འཇུག་པའི་ཡོན་ཏན་གྱི་རྟེན་བྱེད་པའོ། །འཇིག་རྟེན་ལས་འདས་པའི་སའི་མཚན་ཉིད་ནི། འཕགས་པའི་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་བྱེད་པའོ། །དེའང་དབྱེ་ན། ཉན་ཐོས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་གཉིས་ཏེ། རིན་ཆེན་ཕྲེང་བ་ལས། ཇི་ལྟར་ཉན་ཐོས་ཐེག་པ་ལས། །ཉན་ཐོས་ས་ནི་བརྒྱད་བཤད་པ། །དེ་བཞིན་ཐེག་པ་ཆེན་པོ་ལས། །བྱང་ཆུབ་སེམས་དཔའི་ས་བཅུ་བསྟན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་སོ་སོའི་རྣམ་པར་གཞག་པ་ལ། ཉན་ཐོས་ཀྱི་ས་དང༌། བྱང་ཆུབ་སེམས་དཔའི་ས་གཉིས་ལས། དང་པོ་ལ་བརྒྱད་དེ། དཀར་པོ་རྣམ་པར་མཐོང་བའི་ས། རིགས་ཀྱི་ས། བརྒྱད་པའི་ས། བསྲབས་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། ཉན་ཐོས་ཀྱི་ས། རང་སངས་རྒྱས་ཀྱི་སའོ། །འོན་ཀྱང་འདི་དག་སྐབས་ཀྱི་དོན་མ་ཡིན་པས་རེ་ཞིག་བཞག་གོ །གཉིས་པ་བྱང་ཆུབ་སེམས་དཔའི་ས་ལའང་བཞི་སྟེ། རབ་ཏུ་དབྱེ་བ། གྲངས་ངེས་པ། སོ་སོའི་ཡོན་ཏན། མིང་གི་དོན་ཏོ། །དང་པོ་ལ་ཡང་བཅུ་སྟེ། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ་སྟེ་བདུན་ནི་མ་དག་པའི་ས། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་གསུམ་པོ་དག་པའི་སའོ། །དེའང་མོས་པ་སྤྱོད་པའི་ས་ང་རྒྱལ་མང༌། མ་དག་པའི་ས་བདུན་ང་རྒྱལ་ཕྲ། དག་པའི་ས་གསུམ་ང་རྒྱལ་མེད་དོ། །མདོ་སྡེ་རྒྱན་ལས། ང་རྒྱལ་མང་དང་ང་རྒྱལ་ཕྲ། །ང་རྒྱལ་མེད་པ་དག་ཏུ་འདོད། །ཅེས་གསུངས་པ་ལྟར་རོ། །གཉིས་པ་གྲངས་ངེས་པ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་ས་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ས་དྲུག ཐབས། སྟོབས། སྨོན་ལམ། ཡེ་ཤེས་བཞིས་ས་བཞི་སྟེ་བཅུར་ངེས་སོ། །གསུམ་པ་སོ་སོའི་ཡོན་ཏན་ལ་གཉིས་ལས། བྲལ་བའི་ཡོན་ཏན་ནི། སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་བརྒལ་ཏེ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང༌། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་ལྟར་རོ། །ཡང་འཇིགས་པ་ལྔ་ལས་གྲོལ་ཏེ། སངས་རྒྱས་ཕལ་པོ་ཆེ་ལས། འཚོ་བ་མེད་དང་འཆི་དང་མི་བསྔགས་ངན་འགྲོ་དང༌། །འཁོར་གྱི་འཇིགས་བྲལ་དེ་ལ་བག་ཚའི་རྣམ་པ་མེད། །ཅེས་གསུངས་པ་ལྟར་རོ། །འཚོ་བ་མེད་པ་དང༌། དུས་མ་ཡིན་པར་འཆི་བ་དང༌། གཏམ་ངན་དང༌། ངན་སོང་དང༌། འཁོར་ལ་མི་སྤོབས་པའི་འཇིགས་པ་ལྔ་དང་བྲལ་བའོ། །གཞན་ཡང་འཇིགས་པ་བསམ་གྱིས་མི་ཁྱབ་པ་ལས་གྲོལ་བ། མདོ་སྡེ་ས་བཅུ་པ་ལས་ཇི་སྐད་གསུངས་པ་བཞིན་ནོ། །དེ་དག་ཀྱང་ས་དང་པོ་ནས་ས་བཅུ་པའི་བར་ལ་རིམ་གྱིས་འཕེལ་བར་འགྱུར་བ་དོན་གྱིས་ཤེས་པར་བྱའོ། །འཇིགས་པ་ལས་གྲོལ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོད་པ་ལྟར་སྟོན་པ་ནི། སེམས་ཅན་གྱི་དོན་དུ་བསམས་བཞིན་དུ་སྲིད་པར་སྐྱེ་བ་སྟེ། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང༌། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང༌། །འཆི་དང་ན་དང་རྒ་བར་སྟོན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐོབ་པའི་ཡོན་ཏན་ནི། །མདོ་སྡེ་ས་བཅུ་པ་ལས། སྐད་ཅིག་མ་གཅིག་ལ་སྐྱེ་བའི་ཕྱིར་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་གསུངས་ཏེ། ཏིང་ངེ་འཛིན་བརྒྱ་འཐོབ། དེ་ལ་སྙོམས་པར་འཇུག སངས་རྒྱས་བརྒྱ་མཐོང༌། དེ་དག་གི་བྱིན་རླབས་ཤེས། འཇིག་རྟེན་གྱི་ཁམས་བརྒྱ་གཡོ། ཞིང་བརྒྱར་འགྲོ། འཇིག་རྟེན་གྱི་ཁམས་བརྒྱ་སྣང་བར་བྱེད། སེམས་ཅན་བརྒྱ་ཡོངས་སུ་སྨིན་པར་བྱེད། བསྐལ་པ་བརྒྱར་གནས། བསྐལ་པ་བརྒྱའི་སྔོན་དང་ཕྱི་མའི་མཐར་འཇུག ཆོས་ཀྱི་སྒོ་བརྒྱ་འབྱེད། ལུས་བརྒྱ་སྟོན། ལུས་རེ་རེ་ལའང་འཁོར་བྱང་ཆུབ་སེམས་དཔའ་བརྒྱ་བརྒྱ་དང་ལྡན་པར་སྟོན་པའོ། །ཡོན་ཏན་དེ་དག་ས་གཉིས་པ་ལ་སྟོང་འགྱུར་རོ། །ས་གསུམ་པ་ལ་འབུམ་འགྱུར། བཞི་པ་ལ་བྱེ་བ་ཕྲག་བརྒྱ། ལྔ་པ་ལ་བྱེ་བ་ཕྲག་སྟོང༌། དྲུག་པ་ལ་བྱེ་བ་ཕྲག་འབུམ། བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ། བརྒྱད་པ་ལ་འཇིག་རྟེན་གྱི་ཁམས་འབུམ་གྱི་རྡུལ་ཕྲ་རབ་དང་མཉམ་པ། དགུ་པ་ལ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པ། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་དང་མཉམ་པ་ཐོབ་ཅིང་དེ་ལས་གཞན་པའི་ཡོན་ཏན་ཡང་འབྱུང༌། གཞན་སའི་ཡོན་ཏན་རྒྱས་པར་མདོ་སྡེ་ས་བཅུ་པ་ཉིད་དང༌། དགོངས་འགྲེལ་དང༌། མདོ་སྡེ་རྒྱན་ལ་སོགས་པར་ཤེས་པར་བྱའོ། །བཞི་པ་མིང་གི་དོན་ལ་གཉིས་ལས། ཐུན་མོང་གི་མིང་དོན་ནི། ས་ལ་བྷཱུ་མི་ཞེས་ཟེར་ལ། དེའི་སྒྲ་ལས་དྲངས་ནས། མདོ་སྡེ་རྒྱན་ལས། འབྱུང་པོ་དཔག་མེད་འཇིགས་མེད་ཕྱིར། །དཔག་ཏུ་མེད་པ་དེ་དག་ལ། །ཕྱི་ཕྱིར་གོང་དུ་བགྲོད་ལྡན་ཕྱིར། །དེ་དག་ཉིད་ནི་སར་འདོད་དོ། །ཞེས་གསུངས་སོ། །བྷཱུ་ཏ་འབྱུང་པོ། མི། ཨ་མི་ཏ་དཔག་མེད། ཨ་བྷ་ཡ་འཇིགས་མེད། མི། ཨ་མི་ཏ་ན་དཔག་མེད། བྷུ་ཡ་ཕྱི་བཞིན། ཨུརྡྷཾ་ག་མ་ན་གོང་དུ་བགྲོད་ལྡན་ནོ། །སོ་སོའི་སྒྲ་དོན་ནི། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་གྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་བས། །ས་དེ་རབ་ཏུ་དགའ་བར་བཤད། །ཅེས་བྱ་བ་ལ་སོགས་པ་ལྟར་རོ། །དེང་སང་བོད་འདི་ན་ས་ལམ་མི་བགྲོད་པར་འཚང་རྒྱ་བར་འདོད་པ་དང༌། ཡོན་ཏན་མེད་པར་མཐོང་ལམ་སྐྱེ་བར་འདོད་པ་མཐོང་སྟེ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་དེ་ལྟ་བུ་བཤད་པ་མ་མཐོང་བས་སངས་རྒྱས་ཀྱི་བསྟན་པ་མ་ཡིན་ནོ། །དེ་ལྟ་བུའི་ལམ་དང་ས་དེ་དག་ཀྱང༌། དོན་དམ་སེམས་བསྐྱེད་ལ་བརྟེན་ནས། ཤེས་རབ་སྟོང་པ་ཉིད་བསྒོམས་པས་ཉེར་ལེན་གྱི་རྒྱུ་དང༌། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་སྙིང་རྗེས་ཉེར་ལེན་གྱི་རྒྱུ་དང༌། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས། ས་བཅུ་ཐོབ་ལ། སངས་རྒྱས་པ་ན་ཡང་ལམ་མཐར་ཐུག་པ་ཆོས་སྐུ་དང༌། ས་མཐར་ཐུག་པ་གཟུགས་སྐུ་ཡིན་ནོ། །དེ་དག་གིས་སྐྱོན་མེད་པ་ལ་འཇུག་པ་དང༌། ཞིང་ཡོངས་སུ་དག་པ་བཤད་ནས།།  ༈  །།བདུན་པ། མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པ་འོ། །ཞེས་བྱ་བའི་དོན་མཐར་ཐུག་གི་འབྲས་བུ་སྟེ། དེ་ཡང་མི་གནས་པའི་མྱ་ངན་ལས་འདས་པ་ནི། ཤེས་རབ་ཀྱིས་འཁོར་བ། སྙིང་རྗེས་མྱ་ངན་ལས་འདས་པ་ལ་མི་གནས་པ་ཡིན་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང༌། །སྙིང་རྗེས་ཞི་ལ་མི་གནས་པ། །ཞེས་པ་ལྟར་རོ། །བྱང་ཆུབ་མཆོག་ནི། སངས་རྒྱས་ཀྱི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ་ཡིན་ནོ། །སྟོན་པ་ནི་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པ་སྟེ། དེའང་ཉན་ཐོས་ཀྱི་མྱ་ངན་ལས་འདས་པ་ལྟར་ཟད་པ་དང༌། མི་སྐྱེ་བ་ཤེས་པ་ཙམ་མ་ཡིན་གྱི། མྱ་ངན་ལས་འདས་ཀྱང༌། སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་འགྱུར་བའོ། །དེ་དག་གི་དོན་བསྟན་པ་ལ་གསུམ་སྟེ། སངས་རྒྱས་ཀྱི་མཚན་ཉིད། སྐུའི་རྣམ་གཞག ཡོན་ཏན་གྱི་ཆོས་ཕྱེ་སྟེ་བཤད་པའོ། །དང་པོ་ནི། སྤངས་པ་དང༌། ཡེ་ཤེས་ཕུན་སུམ་ཚོགས་པའོ། །དེ་ལ་སྤངས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པའོ། །ཡེ་ཤེས་ནི་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པ་མཁྱེན་པ་སྟེ། སློབ་དཔོན་མ་ཏི་ཙི་ཏྲས། ཐམས་ཅད་མཁྱེན་ལ་ཡོན་ཏན་ཀུན། །མངའ་ལ་དེ་ཡང་ཉམས་མི་མངའ། །ཉེས་པ་བག་ཆགས་དང་བཅས་ཏེ། །སྐྱོབ་པ་གཅིག་པུ་ལ་མི་མངའ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྐུའི་རྣམ་གཞག་ལ་གསུམ་སྟེ། སྐུ་གསུམ་དུ་དབྱེ་བ། གཉིས་སུ་བསྡུ་བ། དེ་ལ་ཡེ་ཤེས་ཡོད་མེད་དཔྱད་པའོ། །དང་པོ་ལ་གསུམ་ལས། ངོ་བོ་ཉིད་ཀྱི་སྐུ་ནི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་ལས་གྲོལ་བ་དག་པ་གཉིས་དང་ལྡན་པ་སྟེ། མངོན་རྟོགས་རྒྱན་ལས། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། གནས་སྟུག་པོ་བཀོད་པའི་ཞིང་ཁམས་ན། སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བ། ཐུགས་ཡེ་ཤེས་བཞིའི་རང་བཞིན་ཅན། འཁོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཚིམ་པར་མཛད་པ་སྟེ། མཚན་ནི་སུམ་ཅུ་རྩ་གཉིས་དང༌། །དཔེ་བྱད་བརྒྱ་ཅུ་གང་ལྡན་པ། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་ལྟར་རོ། །གསུམ་པ་སྤྲུལ་པའི་སྐུ་ནི། ངོ་བོ་ལོངས་སྐུའི་བདག་རྐྱེན་ལས་བྱུང་བ། ཡུལ་ནམ་མཁའི་མཐའ་དང་མཉམ་པའི་གདུལ་བྱ་གང་ན་གནས་པ་ན། དུས་རྒྱུན་མི་འཆད་པར། ཕྲིན་ལས་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་སྟེ། དེ་ལའང་དབྱེ་ན་སྤྲུལ་པ་གསུམ་ལས། སྐྱེ་བའི་སྤྲུལ་པ་དགའ་ལྡན་དུ་བཞུགས་པ་ལ་སོགས་པ། མཆོག་གི་སྤྲུལ་པ་ཤཱཀྱ་ཐུབ་པ་ལ་སོགས་པ་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་མ། གཟོའི་སྤྲུལ་པ་དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་དོན་དུ་པི་ཝང་ལེན་པ་ལ་སོགས་པ་དུ་མ་སྟེ། དེའང༌། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་གསུངས་པ་ལྟར་རོ། །མདོ་རྒྱུད་འགའ་ཞིག་ལས་སྐུ་བཞིར་བཤད་པ་ལྟར་ན་འདིར་བཤད་པའི་ངོ་བོ་ཉིད་ཀྱི་སྐུ་ལ་ཆོས་སྐུར་འདོགས། དེ་ལྟ་བུའི་སྐུ་གསུམ་དབྱེར་མི་ཕྱེད་པའི་ཁྱད་པར་འགའ་ངོ་བོ་ཉིད་ཀྱི་སྐུར་བཞེད་དོ། །འོན་ཀྱང་འདི་གསང་སྔགས་ཀྱི་རྒྱུད་སྡེ་ལས་གཙོ་ཆེར་གྲགས་པས་འདིར་མ་བཤད་དོ། །གཉིས་པ་བསྡུ་ན་སྐུ་གསུམ་པོ་དེ་ཡང་ཆོས་སྐུ་དང་གཟུགས་སྐུ་གཉིས་སོ། །དེ་ལ་རང་དོན་གྱི་སྐུ་གཞན་དོན་གྱི་སྐུ་ཞེས་བཤད་པའང་ཡོད་དོ། །ཆོས་སྐུ་དོན་དམ། གཟུགས་སྐུ་ཀུན་རྫོབ་ཀྱི་སྐུ་ཞེས་ཀྱང་གྲགས་སོ། །གསུམ་པ་དེ་ལ་ཡེ་ཤེས་ཡོད་མེད་དཔྱད་པ་ལ་གསུམ་ལས། དང་པོ་གཞན་གྱི་ལུགས་དགག་ན། ཁ་ཅིག་སངས་རྒྱས་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཡོད་དེ། ཐམས་ཅད་མཁྱེན་པ་ཡིན་པའི་ཕྱིར་དང༌། ཚོགས་གཉིས་ཀྱི་རྣམ་སྨིན་གྱི་སྐུ་ཡིན་པའི་ཕྱིར་དང༌། ཡེ་ཤེས་མེད་པ་དངོས་མེད་དམ་བེམ་པོར་འགྱུར་བའི་ཕྱིར་དང༌། ཉན་ཐོས་འགོག་པ་དང་མཚུངས་པར་ཐལ་བ་དང༌། མུ་སྟེགས་ཆད་ལྟ་བ་དང་མཚུངས་པར་ཐལ་བ་ལ་སོགས་པ་ལུང་དང་རིགས་པ་དུ་མའི་སྒོ་ནས་ཡེ་ཤེས་མེད་པ་བཀག་ནས་རང་རྒྱུད་ལ་ཡེ་ཤེས་ཡོད་པ་བསྒྲུབ་བོ། །ཡང་ཁ་ཅིག་ཡེ་ཤེས་ཡོད་ན་འཁྲུལ་སྣང་ཅན་དང་ངར་འཛིན་ཅན་དུ་འགྱུར་བ་དང༌། སེམས་ཙམ་པ་དང་མཚུངས་པ་དང༌། མུ་སྟེགས་རྟག་སྨྲ་བ་དང་ཁྱད་པར་མེད་པར་འགྱུར་བ་ལ་སོགས་པ་ལུང་དང་རིགས་པ་དུ་མའི་སྒོ་ནས་རང་རྒྱུད་ལ་ཡེ་ཤེས་མེད་པར་བསྒྲུབ་བོ། །དེ་གཉིས་ཀ་མི་འཐད་དེ་ཡེ་ཤེས་རང་རྒྱུད་ལ་བདེན་པར་གྲུབ་པ་ཡོད་ན་མུ་སྟེགས་རྟག་སྨྲ་དང་མཚུངས་པ་དང༌། ངར་འཛིན་ཅན་དང་མི་རྟག་པར་འགྱུར་བ་ལ་སོགས་པ་ཡེ་ཤེས་མེད་པར་འདོད་པས་བརྗོད་པའི་སྐྱོན་འབྱུང་སྟེ་ཡོད་པར་འཛིན་པར་མཚུངས་པའི་ཕྱིར་རོ། །ཡེ་ཤེས་རང་རྒྱུད་ལ་མེད་པར་གཞན་སྣང་ཡིན་ན་སངས་རྒྱས་ལ་ཡོན་ཏན་མེད་པར་འགྱུར་རོ། །ཡང་སངས་རྒྱས་ཡོད་མེད་བརྟག མེད་ན་ལམ་བསྒོམས་པ་དོན་མེད་དུ་འགྱུར་ཞིང༌། ཡོད་ན་སངས་རྒྱས་ནི་ཡོད་ཡེ་ཤེས་མེད་པས་བེམ་པོར་འགྱུར་རོ། །གལ་ཏེ་སངས་རྒྱས་ཡེ་ཤེས་མེད་ཀྱང་སྨོན་ལམ་གྱིས་གཞན་དོན་འགྲུབ་བོ་ཞེ་ན། སྨོན་ལམ་གྲུབ་ན་འཚང་རྒྱ་བར་སྨོན་ལམ་བཏབ་པ་དེ་ཅིའི་ཕྱིར་མི་འགྲུབ་སྟེ། འཚང་རྒྱ་བའི་སྨོན་ལམ་མི་འགྲུབ་ལ། གཞན་དོན་གྱི་སྨོན་ལམ་འགྲུབ་པའི་རྒྱུ་མཚན་མེད་དེ། གྲུབ་ན་གྲུབ་མཉམ། མི་འགྲུབ་ན་མི་འགྲུབ་མཉམ་པའི་ཕྱིར་རོ། །ཡང་སངས་རྒྱས་མེད་ལ་སྨོན་ལམ་ཡོད་ཅེས་ཟེར་བ་ནི་རིགས་པས་བསྒྲུབ་དཀའ་འོ། །གཉིས་པ་རང་གི་ལུགས་ལ། དོན་དམ་དང༌། ཀུན་རྫོབ་གཉིས་ལས། དང་པོ་ནི། བློའི་ཡུལ་ལས་འདས་པའི་ཕྱིར། ཡོད་མེད་ཀྱི་མཐའ་ཐམས་ཅད་ལས་གྲོལ་བ་སྟེ། དེ་ལ་དགོངས་ནས་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། མྱ་ངན་འདས་པའི་ཆོས་ལ་ཆོས་མེད་དེ། །གང་ཕྱིར་དེ་མེད་ནམ་ཡང་ཡོད་མི་འགྱུར། །རྟོག་ཅན་དག་གིས་ཡོད་དང་མེད་ཅེས་བསྟན། །དེ་ལྟར་བརྟགས་པས་སྡུག་བསྔལ་ཞི་མི་འགྱུར། །ཅེས་བྱ་བ་དང༌། སློབ་དཔོན་འཕགས་པས། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་བྱ་བ་ལ་སོགས་པ་དང༌། ཡོད་དང་མེད་པ་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་བྱ་བ་ལ་སོགས་པ་གསུངས་ཤིང༌། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པའི་མདོ་ལས་ཀྱང༌། ཡེ་ཤེས་ཡོད་མེད་གཉིས་ཀ་ལས་གྲོལ་བར་བཤད་དོ། །གཉིས་པ་ཀུན་རྫོབ་ཏུ་ཡང་སེམས་དང་སེམས་ལས་བྱུང་བ་ལ་ཡེ་ཤེས་སུ་འདོགས་ན། མེད་དེ་འཁྲུལ་པ་ཟད་པའི་ཕྱིར་རོ། །ཤེས་བྱ་མ་ལུས་པ་མཁྱེན་པ་ལ་ལྟོས་ནས་ཡེ་ཤེས་ཡོད་དེ། གནས་གྱུར་གྱི་སྐུ་བརྙེས་པའི་ཕྱིར་རོ། །གནས་གྱུར་པ་དེ་ཡང་སློབ་དཔོན་ཙནྡྲ་གོ་མིས་སངས་རྒྱས་ཀྱི་ས་ལས། ཀུན་གཞིའི་རྣམ་ཤེས་གང་ཡིན་པ། །དེ་ནི་མེ་ལོང་ཡེ་ཤེས་གྱུར། །དེ་ཡང་ཆོས་ཀྱི་དབྱིངས་ཉིད་ཀྱི། །ངོ་བོ་ཉིད་དུ་ཡང་དག་གསལ། །ཉོན་མོངས་ཅན་ཡིད་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་དག་ཏུ་འདོད། །ཡིད་ཀྱི་ཡེ་ཤེས་གནས་གྱུར་པ། །སོ་སོར་རྟོག་པ་ཅན་ཞེས་བྱ། །སྒོ་ལྔའི་རྣམ་ཤེས་གནས་གྱུར་པ། །དེ་ནི་དོན་ཀུན་གྲུབ་པ་ཉིད། །ཅེས་པ་ལྟར་རོ། དེས་ན་ཀུན་རྫོབ་འཁོར་བ། དོན་དམ་པ་མྱང་ངན་ལས་འདས་པ་སྟེ། སངས་རྒྱས་མི་གནས་པའི་མྱ་ངན་ལས་འདས་པ་ཟུང་འཇུག་གི་སྐུ་ཡིན་ཏེ། སློབ་དཔོན་འཕགས་པས། འཁོར་བ་དང་ནི་མྱ་ངན་འདས། །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པ་དང༌། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །འདི་ནི་རྫོགས་པའི་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་ཆེན་པོ་འདིར། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཐམས་ཅད་མཁྱེན་པར་དེ་ནས་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་སློབ་དཔོན་འཕགས་པའང་ལྟ་བའི་སྐབས་སུ་མཐར་ཐུག་དེ་བཞིན་ཉིད་རྟོགས་པ་སྤྲོས་བྲལ་མཛད་ལ། སྒོམ་པའི་སྐབས་སུ་མཐར་ཐུག་དོན་དམ་དང་མི་འགལ་བའི་ཐབས་མཁས་པ་ཉམས་སུ་ལེན་པ། འབྲས་བུའི་སྐབས་སུ་མཐར་ཐུག་མི་གནས་པའི་མྱ་ངན་ལས་འདས་པའི་ཟུང་འཇུག་ལ་མཛད་པ་ཡིན་ནོ། །གསུམ་པ་རྩོད་པ་སྤང་བ་ནི། ཡེ་ཤེས་དེ་རང་སྣང་ཡིན་ན་ཡེ་ཤེས་ཡོད་པ་ལ་བརྗོད་པའི་སྐྱོན་འོང་ཞིང༌། གཞན་སྣང་ཡིན་ན་ཡེ་ཤེས་མེད་པ་ལ་བརྗོད་པའི་སྐྱོན་མཚུངས་སོ་ཞེ་ན། རང་སྣང་གཞན་སྣང་དུ་འཛིན་ན་གཟུང་འཛིན་ཡིན་ལ། གཟུང་འཛིན་གནས་གྱུར་པས་གཟུང་འཛིན་ལས་གྲོལ་བའི་ཡེ་ཤེས་འགྲུབ་སྟེ། དེའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་མིང་འཐོབ་བོ། །དེས་ན་མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་ང་ཡི་མེད། །ཡོངས་སུ་མ་ཆད་རྟག་པར་ལྡན། །ཞེས་བྱ་བ་ལ་སོགས་པ་དང༌། ཡེ་ཤེས་གྲུབ་པ་ལས། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི། །རང་ཉིད་དང་ནི་འགྲོ་བ་ཡང༌། །དངོས་ཀུན་གཅིག་པར་ཐུགས་ཆུད་པས། །མཉམ་ཉིད་ཡེ་ཤེས་ཞེས་བཤད་དོ། །ཞེས་གསུངས་པ་ལྟར་རོ། །ཉོན་མོངས་པ་ཅན་གྱི་ཡིད་རང་བཞིན་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར་པས་ན་རང་རྒྱུད་གཞན་རྒྱུད་ཀྱི་ཐ་སྙད་ལས་གྲོལ་ལོ། །རྣམ་འགྲེལ་ལས་ཀྱང༌། གཟུགས་སོགས་དང་ནི་སེམས་དེ་ལྟར། །གཟུང་བའི་མཚན་ཉིད་དཔྱོད་པ་འདི། །མ་དག་བློ་ཅན་ལ་ཡིན་གྱི། །རྣལ་འབྱོར་རྟོགས་པ་བསམ་མི་ཁྱབ། །ཅེས་བྱ་བ་དང༌། རྒྱུད་གཞན་གྲུབ་པ་ལས། གནས་གྱུར་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་གསུངས་པ་ལྟར་རོ། །གསུམ་པ་ཡོན་ཏན་གྱི་ཆོས་ཕྱེ་སྟེ་བཤད་པ་ལ་གཉིས། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དེ་དག་རང་གཞན་གྱི་རྒྱུད་ལ་བསོད་ནམས་ཆེན་པོ་ཐོབ་པར་འདོད་པས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པར་བྱ་སྟེ། དེའང་ཐོག་མར་མདོ་སྡེ་རྒྱན་ལས་འབྱུང་བ་ལྟར་བརྗོད་ལ། དེར་ཅུང་ཟད་མ་རྫོགས་པ་བདག་ཉིད་ཀྱིས་ཚིགས་སུ་བཅད་པས་ཁ་བསྐང་སྟེ་བརྗོད་པར་བྱའོ། །དེ་དག་ཀྱང་འདི་ལྟ་སྟེ། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བདེ་བའི་དགོངས་པ་ཅན། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ཚད་མེད་པ་བཞི་ཡང་བསྡུ་ན་ཕན་བདེ་གཉིས་ལས། བདེ་བའི་དགོངས་པ་ནི། བདེ་བ་དང་ཕྲད་པར་འདོད་པ་བྱམས་པ། སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ། དེ་གཉིས་དང་མི་འབྲལ་བར་འདོད་པ་དག་དགའ་བ་སྟེ་གསུམ་མོ། །ཕན་པའི་དགོངས་པ་ནི། བཏང་སྙོམས་ཀྱིས་བདེ་བ་ལ་ཆགས། སྡུག་བསྔལ་ལ་སྡང་བའི་ཀུན་ནས་ཉོན་མོངས་པ་གཉིས། སྙོམས་པས་གཏན་དུ་ཕན་པར་དགོངས་པའོ། །རྣམ་ཐར་ཟིལ་གནོན་ཟད་པར་གྱི་སྐྱེ་མཆེད་ནི། ཐུབ་པའི་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱར་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་པར་ཐར་པ་ལ་སོགས་པ་བརྒྱད་ནི། འཇིག་རྟེན་པའི་སྒྲིབ་པ་གཉིས་ཀ་ལས་མ་གྲོལ། ཉན་ཐོས་དང་རང་རྒྱལ་གྱིས་ཉོན་མོངས་པའི་སྒྲིབ་པ་སྤངས། སངས་རྒྱས་ཀྱིས་ཤེས་བྱའི་སྒྲིབ་པ་ལས་ཀྱང་གྲོལ། ཟིལ་གྱིས་གནོན་པ་ལ། འཇིག་རྟེན་པས་རང་གི་སྤྱོད་ཡུལ་ཙམ་ཟིལ་གྱིས་གནོན། ཉན་ཐོས་ཀྱིས་སྟོང་གཉིས་བར་མ། རང་རྒྱལ་གྱིས་སྟོང་གསུམ། སངས་རྒྱས་ཀྱིས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། ཟད་པར་བཅུ་ནི། འཇིག་རྟེན་པས་རྒྱ་ཆུང་ངུ་ཤེས། ཉན་ཐོས་དང་རང་རྒྱལ་རྒྱ་ཆེ། སངས་རྒྱས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཁྱབ་པར་གཟིགས་ཤིང༌། འཇིག་རྟེན་པ་མ་གྲོལ་ཞིང༌། ཉན་ཐོས་དང་རང་རྒྱལ། ཉོན་མོངས་པའི་བག་ཆགས་དང་ཤེས་བྱའི་སྒྲིབ་པ་ལས་མ་གྲོལ་ལ། འདི་གྲོལ་བ་ཡིན་ནོ། །འདི་གསུམ་གྱིས་ནི། ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་གྲོལ་བས་ན་ཐུགས་གྲོལ་ལོ། །རྒྱལ་བའི་ཉོན་མོངས་པ་མེད་པ་ནི། སེམས་ཅན་རྣམས་ནི་མ་ལུས་པའི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །ཐུགས་རྗེར་བཅས་ཁྱོད་ལ་ཕྱག་འཚལ། །སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འདུལ་བ་དང༌། ཉོན་མོངས་པའི་གཉེན་པོ་མཛད་པ་དང༌། སྐྱེ་བོ་ཉོན་མོངས་པ་ཅན་ལ་བརྩེ་བར་མཛད་པ་སྟེ། ཉན་ཐོས་ལ་སོགས་པ་གཞན་གྱིས་ནི་རང་ལ་དམིགས་ནས། ཉོན་མོངས་པ་སྐྱེ་བ་ཙམ་སྤོང་གི་གཞན་གྱི་སེལ་བར་མི་བྱེད་དོ། །སྨོན་ནས་མཁྱེན་པ་ནི། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ཡང༌། །མཉམ་པར་གཞག་ཅིང་འདྲི་ཀུན་གྱི། །ལན་ལྡོན་ཁྱོད་ལ་ཕྱག་འཚལ་ལོ། །ཉན་ཐོས་ཀྱི་སྨོན་ནས་མཁྱེན་པ་ནི། འབད་པ་དང་སྙོམས་འཇུག་ལ་བརྟེན་ནས་ཉི་ཚེ་བ་ཙམ་ཤེས་ཀྱི། ཐེ་ཚོམ་ཐམས་ཅད་གཅོད་མི་ནུས་ལ། སངས་རྒྱས་ནི་ལྷུན་གྱིས་གྲུབ་པ་དང༌། ཆགས་པ་མི་མངའ་བ་དང༌། ཤེས་བྱ་ལ་ཐོགས་པ་མེད་པ་དང༌། རྟག་ཏུ་མཉམ་པར་གཞག་པ་དང༌། འདྲི་བ་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའོ། །སོ་སོ་ཡང་དག་པར་རིགས་པ་ནི། རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟགས་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་ཆོས་མཚན་གཞི་དང༌། དེ་ལ་བརྟེན་པ་དོན་མཚན་ཉིད་གཉིས་ནི་བཤད་པར་བྱའོ། །གསུང་ངེས་པའི་ཚིག་སྒྲ་དོན་དང༌། མཁྱེན་པ་སྤོབས་པ་གཉིས་ནི་འཆད་བྱེད་དོ། །མངོན་པར་ཤེས་པ་ནི། གཤེགས་ནས་སྤྱོད་པ་མཁྱེན་པར་མཛད། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །སྐུའི་ཆོས་འཕྲུལ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱིས་གདུལ་བྱ་གང་ན་གནས་པ་དེར་གཤེགས་པའོ། །ཐུགས་ཀྱི་ཀུན་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་གྱི་སེམས་མཁྱེན་པའོ། །གསུང་གི་རྗེས་སུ་བསྟན་པའི་ཆོ་འཕྲུལ་བཞི་ལས། ལྷའི་རྣ་བས་དེ་དག་གི་སོ་སོའི་སྐད་མཁྱེན་པའོ། །གཉིས་པ་དོན་གྱི་དབྱེ་བ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པས་མངོན་གྱི་མཐའ་ནས་འདིར་འོང་བ་དང༌། འཆི་འཕོ་དང་སྐྱེ་བ་ཤེས་པ་ལྷའི་མིག་གིས་ཇི་ལྟར་འདི་ནས་ཕྱི་མའི་མཐར་འགྲོ་བ་དང༌། ཟག་པ་ཟད་པ་མཁྱེན་པས་འཁོར་བ་ལས་ངེས་པར་འབྱུང་བ། མཁྱེན་པ་ལྟར་གདམས་ངག་སྩོལ་བས་དུས་གསུམ་ལ་རྨོངས་པ་སྤངས་པ་ཉིད་ཀྱི་ཕྱིར་རོ། །སྔོན་ཤེས་སྔ་མ་ལྔ་ནི་ཟག་བཅས་འཇིག་རྟེན་པ་དང་ཐུན་མོང་བ་ཡིན་ལ། ཕྱི་མ་དྲུག་པ་ནི། ཟག་མེད་སློབ་མ་དང་ཐུན་མོང་མ་ཡིན་ནོ། །མཚན་དང་དཔེ་བྱད་ནི། ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་ཆེན་པོར་མཚོན་པའི་མཚན་སུམ་ཅུ་རྩ་གཉིས་དང༌། དེ་མཛེས་པར་བྱེད་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པས་དེའི་ཕྲིན་ལས་མཐོང་བ་ཙམ་གྱིས་ཐམས་ཅད་དད་པར་མཛད་པའོ། །ཡོངས་སུ་དག་པ་བཞི་ནི། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཡོངས་སུ་དག་པ་བཞིས་དབང་བཞི་བསྟན་ཏེ། རྟེན་ཡོངས་སུ་དག་པ་ནི། ཉོན་མོངས་པའི་བག་ཆགས་ཐམས་ཅད་རྟེན་ལས་མ་ལུས་པར་སྤངས་བས་ལུས་གང་བཞེད་པ་ལེན་པ་དང༌། ཅི་བཞེད་པར་སྐུ་ཚེ་གནས་པ་དང༌། ནམ་འདོད་པ་ན་གཏོང་བ་གསུམ་ལ་དབང་བའོ། །དམིགས་པ་ཡོངས་སུ་དག་པ་ནི། མེད་པ་སྤྲུལ་པ་དང༌། ཡོད་པ་བསྒྱུར་བ་ལ་དབང་འབྱོར་པ་དང༌། ཐུགས་ཡོངས་སུ་དག་པ་ནི། གནས་ངན་ལེན་ཐམས་ཅད་དང་བྲལ་ཞིང་དགེ་བ་ཐམས་ཅད་བསགས་པས། རྣམ་པ་ཐམས་ཅད་དུ་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བའོ། །ཤེས་རབ་ཡོངས་སུ་དག་པ་ནི། མ་རིག་པ་རྒྱུན་བཅད་པས་ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་སྒྲིབ་པ་མེད་པ་ལ་དབང་བའོ། །སྟོབས་བཅུ་ནི། ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལས། །སེམས་ཅན་རྣམས་ནི་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་དང༌། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང༌། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང༌། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་བསམ་གཏན་དང་རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་རྣམ་པར་བཀོད་པ་མཁྱེན་པའི་སྟོབས་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང༌། ལྷའི་མིག་གིས་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང༌། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །གནས་ལས་ཁམས་མོས་དབང་པོ་དང༌། །ཀུན་འགྲོ་བཀོད་དང་སྔོན་གྱི་གནས། །འཆི་འཕོ་ཟག་པ་མེད་མཁྱེན་པ། །འདི་དག་ཐུབ་པའི་སྟོབས་བཅུ་ཡིན། །བསྡུ་བའི་ཚིགས་བཅད་དོ། །འདིར་ནི་དེ་དག་གི་ལས་ཕྱོགས་གཅིག་ཏུ་གསུངས་ཏེ། དེའང་དོན་བཞི་ལས་སེམས་ཅན་སླུ་བའི་བདུད་འཇོམས་པའོ། །དེ་ལ་ཐབས་ལས་སླུ་བ་ནི། གསོད་པའི་མཆོད་སྦྱིན་དང་ཆུ་ལ་ལྕེབ་པ་ལ་སོགས་པས་མཐོ་རིས་དང་ཐར་པ་ཐོབ་པར་སྟོན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པས་བཟློག་སྟེ། རྒྱུ་འབྲས་ཕྱིན་ཅི་མ་ལོག་པ་གཟིགས་པས་དགེ་བ་ལས་མཐོ་རིས་སུ་འགྲོ་བའི་གནས་ཡོད། སྡིག་པ་ལ་གནས་མེད་པ་ལ་སོགས་པ་མཁྱེན་པའོ། །སྐྱབས་ལས་སླུ་བ་ནི། སྡིག་པ་བྱས་བསོད་ནམས་མ་བྱས་ཀྱང་དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པ་མགུ་བར་བྱས་ན་ངན་འགྲོ་ལས་སྐྱོབ་པ་ལ་སོགས་པ་སྨྲ་བ་ནི་ལས་བདག་གིར་བྱ་བ་མཁྱེན་པས་འཇོམས་ཏེ། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ལས་ཀྱིས་བདེ་བར་འགྱུར་གྱི། དབང་ཕྱུག་ལ་སོགས་པ་བདེ་བའི་རྒྱུར་མི་འགྱུར་ཏེ། མདོ་སྡེ་རྒྱན་ལས། སྦྱིན་སོགས་རྫོགས་པའི་བྱང་ཆུབ་ཀྱི། །རྟེན་ཡིན་དབང་ཕྱུག་སོགས་མ་ཡིན། །ཞེས་གསུངས་སོ། །དག་པ་ལས་སླུ་བ་ནི། ཟག་པ་དང་བཅས་པའི་ལས་ཁྲུས་དང༌། དཀའ་ཐུབ་ལ་སོགས་པས་དག་པར་སྨྲ་མོད། དེ་ནི་ལམ་མ་ཡིན་ཏེ། བསམ་གཏན་ལ་སོགས་པ་རྣམ་པར་དག་པའི་ལམ་དུ་སྟོན་པ། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་འཇུག་མཁྱེན་པའི་སྟོབས་ཀྱིས་བཟློག་གོ །ངེས་པར་འབྱུང་བ་ལས་སླུ་བ་ནི། སྣོད་དང་མི་མཐུན་པའི་ལམ་སྟོན་པའོ། །དེ་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟོབས་ལྷག་མ་བདུན་གྱིས་འཇོམས་ཏེ། འདི་ལྟར་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པ་ནི་དད་པ་ལ་སོགས་པ་ལྔ་པོ་ཆུང་ངུ་དང་འབྲིང་དང་ཆེན་པོ་མཁྱེན་ནས་དེ་དང་འཚམ་པར་ཆོས་གསུང་པའོ། །མོས་པ་སྣ་ཚོགས་ནི་སེམས་ཅན་གྱི་འདོད་པ་དང་རྟོག་པ་ཆེ་འབྲིང་གསུམ་མཁྱེན་པའོ། །ཁམས་སྣ་ཚོགས་ནི་རིགས་ཅན་དང་འདོད་ཆགས་ལ་སོགས་པའི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་ཁམས་རྣམས་མཁྱེན་པའོ། །ཀུན་ཏུ་འགྲོ་བའི་ལམ་ནི་དེ་དག་ཉིད་ཀྱི་འཇུག་པའི་སྒོ་དང་འཚམ་པ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་ལ་སོགས་པ་མཁྱེན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི་ཕྱོགས་ཐམས་ཅད་ན་སེམས་ཅན་གྱི་རིགས་སྣ་ཚོགས་ཀྱི་མིང་དང་བརྡ་ཐ་དད་པ། སྔོན་གྱི་གནས་རྣམ་པ་དུ་མ་གཞི་བརྒྱད་ལ་བརྟེན་པའི་སྤྱོད་པ་དྲུག་རྗེས་སུ་དྲན་པ་སྟེ། གཞི་བརྒྱད་ནི་མིང་འདི་ཞེས་བྱའོ། །རིགས་དང༌། རུས་དང༌། ཟས་དང༌། བདེ་སྡུག་དང༌། ཚེ་ཚད་དང༌། ཡུན་དང༌། ཚེ་འདི་ཙམ་ཞིག་ཐུབ་ཅེས་བྱའོ། །དེ་དག་ལ་བརྟེན་པའི་སྤྱོད་པ་དྲུག་ནི་བོད་པའི་བརྡ་དང༌། རྒྱལ་རིགས་ལ་སོགས་པའི་རིགས་དང༌། ཕ་མ་དང༌། ཟས་སྐོམ་ལ་སོགས་པའི་བྱ་བ་དང༌། དར་རྒུད་དང༌། ཚེའི་རྣམ་པ་སྣ་ཚོགས་སོ། །རྣམ་པ་ནི་སྤྱོད་པ་དྲུག་གོ །དོན་རྟགས་ནི་གཞི་བརྒྱད་དོ། །ལྷའི་མིག་ནི་ལྷའི་གནས་སུ་བསམ་གཏན་བཞིའི་འབྲས་བུ་སྟེ་ཤིན་ཏུ་རྫོགས་ཤིང་དག་པའི་བསམ་གཏན་ལ་བརྟེན་པས་ན་ཤིན་ཏུ་དག་པའོ། །འདོད་པའི་ལྷ་ལ་ནི་དེ་དང་མིང་མཐུན་པ་ཙམ་ཡོད་ཀྱི། མི་ལ་དེ་ཡང་མེད་པས་ན་མི་ལས་འདས་པའོ། །དེའི་ཡུལ་ནི་སེམས་ཅན་འཆི་བ་དང་བར་དོར་སྐྱེ་བ་གཉིས་སོ། །མུན་པ་ལ་འཇུག་པ་ཕྱར་ནག་པོའམ་མུན་ནག་ཏུ་འགྲོ་བ་ལྟ་བུ་ཁ་དོག་ངན་པ་དང༌།«་་་་་མི་སྡུག་པ་དང༌། སྡུག་པ།» སྣང་བར་འགྲོ་བ་ཟླ་བའི་འོད་དམ། ཝཱ་རཱ་ཎ་སཱིའི་རས་ལྟ་བུ་ཁ་དོག་བཟང་པོ། །ངན་པ་དང་བཟང་པོ་ཡང་དེ་དག་ཉིད་དེ། ངན་འགྲོ་དང་བདེ་འགྲོར་འགྲོ་བས་སོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པ་སྤྱོད་པ་དང་ལྡན་པའི་ཚུལ་ཁྲིམས་འཆལ་བ་ཀུན་སློང་དང་བཅས་པའོ། །ལོག་པར་ལྟ་བ་ལ་ནི་གཉིས་ཏེ། ཐམས་ཅད་ལ་སྐུར་བ་འདེབས་པ་དང༌། འཕགས་པ་ལ་སྐུར་བ་འདེབས་པའོ། །དེས་ལོག་པའི་ལས་ཀྱི་རྒྱུ་དང་འབྲས་བུ་ལ་མངོན་པར་ཞེན་པས་ལོག་པའི་ལས་མངོན་པར་འདུ་བྱེད་དེ། ཆོས་ཡང་དག་བླངས་པ་དང་ད་ལྟར་བདེ་ལ། ཕྱི་མར་སྡུག་བསྔལ་བ་དང༌། གཉིས་ཀར་སྡུག་བསྔལ་བར་འགྱུར་བ་གཉིས་ལེན་ཏོ། །ངན་འགྲོའི་རྒྱུའི་གཙོ་བོ་ཡིན་པས་རྒྱུ་དང་རྐྱེན་དེས་ཞེས་བྱ་བའོ། །ལུས་ཞིག་པ་ནི་མིང་དང་གཟུགས་ཕན་ཚུན་འབྲེལ་ཞིག་པའོ། །འཆི་བའི་འོག་ནས་འཆི་བ་ཐམས་ཅད་ལས་འདི་ཐ་ཆད་ཡིན་པས་སོ། །ངན་སོང་ནི་ཆོས་ངན་པ་དང༌། ཡ་ང་བར་སྤྱོད་པས་ངན་པར་སོང་བས་སོ། །ངན་འགྲོ་ནི་སྡུག་བསྔལ་དྲག་པོ་དང་ཡུན་རིང་བ་དང་བར་མ་ཆད་པ་དང༌། མང་པོ་མྱང་བར་འགྱུར་བས་སོ། །ལོག་པར་ལྟུང་བ་ནི་འོག་ན་གནས་ཤིང༌། གཡང་ས་ཆེ་ལ་ཉམ་ང་བ་དང༌། སྙིང་རྗེ་བའི་སྒྲ་ཆེར་འབྱིན་པས་སོ། །སེམས་ཅན་དམྱལ་བ་ནི་རང་བཞིན་དང༌། ལུས་དང་དངོས་པོ་བསྟན་པའོ། །དེ་ཁོ་ན་སྨོས་པ་ནི་ཤས་ཆེར་སྒྱིད་ལུག་པའི་གནས་ཡིན་པས་ཏེ་ངན་སོང་ཀུན་མཚོན་པའོ། །དགེ་བའི་ཕྱོགས་ནི་ཐམས་ཅད་དེ་ལས་ཟློག་པ་སྟེ། བདེ་འགྲོ་ལེགས་པར་སྤྱོད་པ་སྔོན་དུ་འགྲོ་བས་སོ། །མཐོ་རིས་ནི་བདེ་བ་ལ་ལོངས་སྤྱོད་པ་མཆོག་ཡིན་པས་སོ། །ཟག་པ་ཟད་པ་མཁྱེན་པ་ནི་ཐམས་ཅད་ཀྱི་བག་ལ་ཉལ་མ་ལུས་པ་སྤངས་པ། གཉེན་པོ་ཟག་པ་མེད་པའི་སེམས་དང་ཤེས་རབ་མཆོག་ཏུ་གྱུར་པའི་སེམས་དང༌། ལྷག་པའི་ཤེས་རབ་ཀྱིས་བསྡུས་པ་སྟེ། ཟག་པ་མེད་པའི་སེམས་རྣམ་པར་གྲོལ་བ་དང༌། ཤེས་རབ་རྣམ་པར་གྲོལ་བའོ། །དེའང་སྔར་ལམ་བསྒོམ་པ་ལ་བརྟེན་ཏེ་སྲིད་པ་ཐ་མ་དེ་ཉིད་ལ་ཐོབ་ནས། བདག་གིས་ཐོབ་བོ་ཞེས་མངོན་པར་ཤེས་པ་དྲུག་པོས་རང་གིས་ཇི་ལྟ་བར་ཤེས་པས་འདོད་ན་གཞན་ལ་ཡང་སྟོན་པས་ན་ཚེ་འདི་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ། རྗོད་པར་བྱེད་ཅེས་བྱའོ། །མི་འཇིགས་པ་བཞི་ནི། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་གེགས་མཛད་ལ། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །རང་གི་དོན་དང༌། གཞན་གྱི་དོན་«་་་་་དུ་ཡེ་ཤེས་»དང༌། སྤངས་པ་དང༌། ངེས་པར་འབྱུང་བའི་གེགས་བྱེད་པའི་ཆོས་བཞིའི་སྟོན་པ་ལ་འཇིག་རྟེན་པའི་ང་རྒྱལ་ཅན་རྣམས་ཀྱི་ནང་དུ་འཇིགས་པ་དང༌། ཡ་ང་བ་དང་བག་ཚ་བ་མེད་པར་དེ་དག་ཟིལ་གྱིས་གནོན་པ་སྟེ། སྐྱེ་བའི་གནས་ལ་ང་རྒྱལ་བ་ལྷ་དང༌། རྫུ་འཕྲུལ་གྱིས་ང་རྒྱལ་བ་བདུད་དང༌། ཚད་མེད་པས་ང་རྒྱལ་བ་ཚངས་པ་དང༌། ཡོན་ཏན་གྱིས་ང་རྒྱལ་བ་དགེ་སྦྱོང་དང༌། རིགས་ཀྱིས་ང་རྒྱལ་བ་བྲམ་ཟེ་དང༌། དེ་ལྟ་བུའི་ང་རྒྱལ་ཅན་རྣམས་ཀྱིས་ཆོས་དང་མཐུན་པར་བརྒལ་བ་ནི། སྐྱོན་ཡོད་པ་ལ་སྐྱོན་ཡོད་དོ་ཞེས་དྲང་པོར་ཚོགས་སུ་སུན་འབྱིན་པ་ཡིན་ལ། དེ་མི་མངའ་ཞིང་བརྫུན་གྱིས་སུན་འབྱིན་པ་ནི། ཆོས་དང་མི་མཐུན་པར་རྒོལ་བ་སྟེ། དེ་རང་གི་སྐྱོན་ཡིན་གྱི་གཞན་གྱི་སྐྱོན་མ་ཡིན་པས་དེ་ལྟ་བུས་རྒོལ་ཡང་སྐྱེ་བུ་དམ་པའི་སྐྱོན་དུ་མི་འགྱུར་བའི་ཕྱིར་རོ། །བསྲུང་བ་མེད་པ་གསུམ་ནི། བསྲུང་མེད་བསྙེལ་བ་མི་མངའ་བས། །འཁོར་གྱི་ནང་དུ་བག་བརྐྱང་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པས། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་དག་པའི་ཕྱིར་ལ་ལས་སྐྱོན་འདོགས་སུ་འོང་ཞེས་བཅབ་པ་མི་མངའ་བས་འཁོར་གྱི་ནང་དུ་བག་བརྐྱང་ནས་ཐམས་ཅད་ཟིལ་གྱིས་མནན་ཏེ་ཆོས་གསུང་པའོ། །དྲན་པ་ཉེ་བར་གཞག་པ་གསུམ་ནི། གདུལ་བྱ་རྣམས་ལ་ཆོས་གསུང་པ་ན། འཁོར་འགའ་ཞིག་ལེགས་པར་སྒྲུབ། འགའ་ཞིག་ལོག་པར་སྒྲུབ། འགའ་ཞིག་གཉིས་ཀར་སྒྲུབ་པ་ལ་ཆགས་པ་དང༌། སྡང་བ་སྤངས་པ་སྟེ། འཁོར་ལེགས་པར་སྡུད་པའོ། །བག་ཆགས་ཡང་དག་པར་བཅོམ་པ་ནི། ཀུན་མཁྱེན་ཁྱེད་ནི་གཤེགས་པ་དང༌། །བཞུགས་པ་ཀུན་ལ་ཐམས་ཅད་དུ། །ཀུན་མཁྱེན་མིན་སྤྱོད་མི་མངའ་བས། །ཡང་དག་དོན་ལྡན་ཁྱོད་ཕྱག་འཚལ། །དགྲ་བཅོམ་པ་ལ་ནི་འགྲོ་བ་དང་གནས་པ་དང་སྨྲ་བ་ལ་སོགས་པ་ལ། ཉོན་མོངས་པ་ཟད་ཀྱང་བག་ཆགས་མ་སྤངས་པའི་ཕྱིར་ཀུན་མཁྱེན་མ་ཡིན་པའི་སྤྱོད་པ་གླང་པོ་ཆེ་འཁྲུལ་པ་དང༌། །ཤིང་རྟ་ལ་ཐུག་པ་ལ་སོགས་པ་ལྟ་བུ་སྲིད་ལ། འདི་ལ་ནི་དེ་མི་མངའ་བས་ཐམས་ཅད་མཁྱེན་པ་ཡང་དག་པའི་དོན་དང་ལྡན་པའོ། །བསྙེལ་པ་མི་མངའ་བའི་ཆོས་ཉིད་ནི། འཇིག་རྟེན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །ཉན་ཐོས་དང་རང་སངས་རྒྱས་ནི་བསྙེལ་ན་སེམས་ཅན་གྱི་དོན་ཡལ་བར་འདོར་སྲིད་ལ། འདི་ལ་ནི་ཡུལ་གང་ན། སེམས་ཅན་གང་ལ། དུས་གང་གི་ཚེ། དོན་གང་ཞིག རྣམ་པ་ཇི་ལྟར་བྱ་བ་ལ་དུས་ལས་མི་འདའ་བར་དེའི་ཐབས་སྟོན་པ་ལ་བསྙེལ་བ་མི་མངའ་བས་མཛད་པ་རྟག་ཏུ་འབྲས་བུ་ཡོད་པའོ། །ཐུགས་རྗེ་ཆེན་པོ་ནི། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །ལན་དྲུག་ཏུ་ནི་ཉེ་བར་མཚོན་པ་སྟེ། དུས་ཐམས་ཅད་དུ་སེམས་ཅན་སུ་ནི་ཉམས། སུ་ནི་འཕེལ། སུ་ནི་ངན་སོང་ལས་དྲང་བར་བྱ་ཞེས་པ་ལ་སོགས་པས་ཕན་པར་དགོངས་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པས་བསྡུས་པ་དྲུག་ནི། སྐུ་ལ་འཁྲུལ་བ་མི་མངའ་སྟེ། དགྲ་བཅོམ་པ་དག་ལ་ཤིང་རྟ་དང་གླང་པོ་ཆེ་ལ་ཐུག་པ་དང༌། ཚེར་མའི་འོབས་སུ་ལྷུང་བ་དང༌། སྦྲུལ་རྐང་པས་བརྫིས་པ་དང༌། བུད་མེད་ཀྱིས་རྔོང་པའི་གནས་སུ་འཇུག་པ་ལ་སོགས་པ་ཡོད་པ་ལ། སངས་རྒྱས་ལ་མི་མངའ་བའོ། །གསུང་ལ་ཅ་ཅོ་མི་མངའ་སྟེ། དགྲ་བཅོམ་པ་དག་ལུང་སྟོང་དུ་ཅ་ཅོ་དང༌། གནས་མ་ཡིན་པར་རྟ་བགད་འབྱིན་པ་ལྟ་བུ་ཡོད་ལ། སངས་རྒྱས་ལ་མི་མངའ་བ་དང༌། ཐུགས་མཉམ་པར་མ་གཞག་པ་མི་མངའ་བ་ནི་དགྲ་བཅོམ་པ་ལ་མཉམ་གཞག་ལས་ལངས་ནས་རྗེས་ཐོབ་ལ་འཇུག་པ་ལྟ་བུ་འདི་ལ་མི་མངའ་སྟེ། མཉམ་གཞག་དང་རྗེས་ཐོབ་ཟུང་དུ་འཇུག་པའི་ཕྱིར་རོ། །དྲན་པ་ཉམས་པ་མི་མངའ་བ་ནི། དགྲ་བཅོམ་པ་ལ་དྲན་པ་ཉམས་པ་སྲིད་པ་ལས། སངས་རྒྱས་ལ་མཛད་པ་དང་གསུངས་པ་ལ་བསྙེལ་བ་མི་མངའ་བ་དང༌། ཐ་དད་པའི་འདུ་ཤེས་མི་མངའ་བ་ནི་དགྲ་བཅོམ་པ་འཁོར་བ་ལ་གཅིག་ཏུ་སྡུག་བསྔལ་བ་དང༌། མྱ་ངན་ལས་འདས་པ་ལ་བདེ་བར་འཛིན་པ་ལྟ་བུ་འདི་ལ་མི་མངའ་སྟེ། འཁོར་འདས་མཉམ་པར་རྟོགས་པའི་ཕྱིར་རོ། །སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་ནི། དགྲ་བཅོམ་པ་དག་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་བ་སྲིད་ལ། འདི་ལ་དེ་མི་མངའ་སྟེ་སོ་སོར་བརྟགས་ནས་བཏང་སྙོམས་སུ་འཇོག་པའི་ཕྱིར་རོ། །རྟོགས་པས་བསྡུས་པ་དྲུག་ནི། དགྲ་བཅོམ་པ་དག་ཤེས་བྱའི་སྒྲིབ་པ་མ་སྤངས་པས་འདུན་པ་ལ་སོགས་པ་དྲུག་ཡོངས་སུ་ཉམས་པ་སྲིད་ལ། འདི་ལ་མི་སྲིད་པས་འདུན་པ་དང༌། བརྩོན་འགྲུས་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། རྣམ་པར་གྲོལ་བ་ཉམས་པ་མི་མངའ་འོ། །ཡེ་ཤེས་ཀྱིས་བསྡུས་པ་གསུམ་ནི། དགྲ་བཅོམ་པ་དུས་གསུམ་ལ་ཐོགས་པ་དང་ཆགས་པ་ཡོད་ལ། འདིར་དེ་དག་མི་མངའ་བའི་ཡེ་ཤེས་བརྙེས་པའོ། །ཕྲིན་ལས་ཀྱིས་བསྡུས་པ་གསུམ་ནི། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གསུམ་པོ་ཉན་ཐོས་ཀྱི་དགེ་བ་ལ་འཇུག་ཀྱང་སྐབས་སུ་ལུང་མ་བསྟན་ཡང་སྲིད་ལ། འདིར་ཡེ་ཤེས་ཀྱིས་ཀུན་ནས་བསླངས་པས་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་དང་ལྷན་ཅིག་སྤྱོད་པས་ཡེ་ཤེས་ཀྱི་རྗེས་སུ་འབྲང་བའོ། །དེས་ན་བཅོ་བརྒྱད་པོ་འདིས་མ་འདྲེས་པའི་ཆོས་དང་ལྡན་པས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་ཡང་བླ་མར་འགྱུར་བའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི། སྐུ་གསུམ་དག་གིས་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཀྱི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་ལས་གྲོལ་བ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་འོག་མིན་ན་བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་ཐེག་པ་ཆེན་པོ་རྒྱུན་མི་འཆད་པར་གསུང་པ་དང༌། སྤྲུལ་པའི་སྐུ་སྐྱེ་བ་དང༌། མཆོག་དང༌། བཟོའི་སྤྲུལ་པའི་སྒོ་ནས་རྒྱུན་མི་འཆད་པར་སེམས་ཅན་གྱི་དོན་མཛད་ཅིང་ཐེ་ཚོམ་ཐམས་ཅད་གཅོད་པའོ། །ཆོས་ཀྱི་སྐུ་ཟབ་ལ། གཟུགས་ཀྱི་སྐུ་གཉིས་རྒྱ་ཆེ་བས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་ཅིང༌། རང་གཞན་གྱི་དོན་གྲུབ་པས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི། འཛིན་པ་མེད་ཅིང་ཉེས་པ་མེད། །རྙོག་པ་མེད་ཅིང་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །སྦྱིན་པ་ལ་ལོངས་སྤྱོད་ཀྱི་འཛིན་པ་མེད། ཚུལ་ཁྲིམས་ལ་ལྟུང་བའི་ཉེས་པ་མེད། བཟོད་པ་ལ་ཁོང་ཁྲོའི་རྙོག་པ་མེད། བརྩོན་འགྲུས་ལ་ལེ་ལོའི་གནས་མེད། བསམ་གཏན་ལ་རྣམ་པར་གཡེང་བས་མི་གཡོ། ཤེས་རབ་ལ་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པའོ། །དོན་གཉིས་གྲུབ་པ་ལས་ནི། ཐོབ་བྱའི་ཡོན་ཏན་ཀུན་བརྙེས་པས། །རང་དང་གཞན་གྱི་ཕྲིན་ལས་བསྒྲུབས། །མཁྱེན་པར་བྱ་བའི་ཆོས་རྣམས་ཀུན། །མ་ལུས་གཟིགས་པ་ཁྱོད་ཕྱག་འཚལ། །ཐོབ་པར་བྱ་བའི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་དག་བརྙེས་པས། རང་དང་གཞན་གྱི་དོན་མ་ལུས་པ་བསྒྲུབས་པ་མཁྱེན་པར་བྱ་བའི་ཆོས་མ་ལུས་པ་གཟིགས་པའོ། །བྱང་ཆུབ་ཀྱི་ཕྱོགས་ནི། དྲན་དང་བརྩོན་འགྲུས་ཏིང་ངེ་འཛིན། །རྨད་དུ་བྱུང་བའི་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་འཕགས་པའི་ལམ། །ལེགས་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ལ་སོགས་པ་ནམ་མཁའ་ལྟ་བུར་མཁྱེན་པ་དྲན་པ་ཉེ་བར་གཞག་པ་བཞི་དང༌། ཉེས་པའི་ཚོགས་སྤངས་པ་དང༌། མི་སྐྱེ་བ་དང༌། ཡོན་ཏན་གྱི་ཚོགས་མ་སྐྱེས་པ་སྐྱེད་པ་དང༌། སྐྱེས་པ་འཕེལ་བའི་ཕྱིར། བརྩོན་འགྲུས་ཏེ་ཡང་དག་པར་སྤོང་པ་བཞི་དང༌། འདུན་པ་དང༌། བརྩོན་འགྲུས་དང༌། སེམས་དང༌། སྤྱོད་པའི་ཏིང་ངེ་འཛིན་རྒྱ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་དང༌། དད་པ་ལ་སོགས་པའི་དབང་པོ་ལྔ་དང༌། སྟོབས་ལྔ་ཡོངས་སུ་རྫོགས་པ་དང༌། ཆོས་རྣམ་པར་འབྱེད་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་དང༌། ཡང་དག་པའི་ལྟ་བ་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་དེ། འདི་དག་གྲུབ་པ་ཙམ་ཉན་ཐོས་དང་རང་སངས་རྒྱས་ལའང་ཡོད་མོད་ཀྱི། ལེགས་པར་གྲུབ་པ་སངས་རྒྱས་ཁོ་ན་ལ་མངའ་བས་སོ། །སྙོམས་པར་འཇུག་པ་ལས་ནི། ཁམས་གསུམ་གཏོགས་པའི་རྣམ་པར་རྟོག །སྤངས་པའི་སྙོམས་འཇུག་རྣམ་དགུ་ཡིས། །སེམས་ཀྱི་ཐ་བ་འཇོམས་པའི་དབང༌། །མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །སྙོམས་པར་འཇུག་པ་དགུ་ནི། །ཁམས་གསུམ་དུ་གཏོགས་པའི་རྣམ་པར་རྟོག་པ་ཕྲ་རགས་དགུ་སྤོང་བ་སྟེ། འདོད་ཁམས་ཀྱི་རྣམ་རྟོག་སྤངས་པ་བསམ་གཏན་དང་པོ་དང༌། དེ་བཞིན་དུ་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་སྙོམས་པར་འཇུག་པ་དང༌། གཟུགས་ཁམས་ཀྱི་རྣམ་རྟོག་སྤོང་བ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང༌། དེ་བཞིན་དུ་རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་བཞི་དང༌། རྣམ་རྟོག་མཐའ་དག་སྤོང་བ་འགོག་པའི་སྙོམས་འཇུག་སྟེ་དགུའོ། །འདི་དག་ལ་རིམ་གྱིས་སྙོམས་པར་འཇུག་ན། སེང་གེ་རྣམ་པར་བསྒྱིངས་པ་ཞེས་ཟེར་ལ། དཀྲུགས་ནས་འཇུག་ན་ཐོད་རྒལ་གྱི་སྙོམས་འཇུག་ཞེས་བྱ་བ་ཐོད་རྒལ་འདི་ལ་ཉན་ཐོས་ཀྱི་ལུགས་མཛོད་ལས། ས་བརྒྱད་རྣམ་གཉིས་འབྲེལ་པ་དང༌། །གཅིག་རྒལ་སོང་ཞིང་འོངས་ནས་ནི། །རིགས་མི་མཐུན་པ་གསུམ་པར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་གསུངས་ལ། ཐེག་ཆེན་གྱི་ལུགས་ནི་མངོན་རྟོགས་རྒྱན་ལས། འགོག་དང་བཅས་པའི་སྙོམས་འཇུག་དགུ། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་རྟོག །མཉམ་གཞག་མིན་པའི་མཚམས་བཟུང་སྟེ། །གཅིག་དང་གཉིས་གསུམ་བཞི་དང་ལྔ། །དྲུག་དང་བདུན་དང་བརྒྱད་བརྒལ་ནས། །འགོག་པའི་བར་དུ་མི་འདྲར་འགྲོ། །ཐོད་རྒལ་གྱི་ནི་སྙོམས་འཇུག་ཡིན། །ཞེས་གསུངས་པ་ལྟར་རོ། །འདི་གཉིས་མི་འདྲ་བ་ནི། ཉན་ཐོས་དང་ཐེག་པ་ཆེན་པོའི་ལུགས་ཡིན་པས་མི་འགལ་ལོ། །འདི་དག་ལ་ཉན་ཐོས་ནི་སེམས་ལས་སུ་རུང་བ་དང༌། སྣང་བས་སྐྱོ་བ་དགག་པའི་ཕྱིར་འགོག་པ་ལ་སྙོམས་པར་འཇུག་ལ། བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་ལ་དབང་འབྱོར་བར་བྱ་བའི་ཕྱིར་ཡིན་ཞིང༌། སངས་རྒྱས་ནི་ཏིང་ངེ་འཛིན་ལ་དབང་འབྱོར་བ་ཉིད་ཀྱིས་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེའང་ཉན་ཐོས་ཀྱི་རྩོལ་བ་ལ་ལྟོས་ན་བྱང་ཆུབ་སེམས་དཔའི་རྩོལ་བ་ཆུང༌། སངས་རྒྱས་ལ་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པས། སེམས་ཀྱི་ཐ་བ་འཇོམས་པའི་དབང་འབྱོར་པས་སོ། །རྣམ་པར་ཐར་པའི་སྒོ་གསུམ་ལ། །གཉིས་སུ་འཛིན་པས་རབ་སྟོང་ཞིང༌། །ཉེ་བར་ལེན་ལ་སྨོན་མི་མངའ། །མཚན་མ་ཐམས་ཅད་རབ་ཞི་བས། །རྣམ་ཐར་མཆོག་བརྙེས་ཁྱོད་ཕྱག་འཚལ། །གཟུང་བ་དང་འཛིན་པ་གཉིས་མི་མངའ་བས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་དང་བྲལ་བས་སྨོན་པ་མེད་པ་དང༌། དམིགས་པའི་མཚན་མ་ཐམས་ཅད་ཞི་བས་མཚན་མ་མེད་པའོ། །ཉན་ཐོས་དང་རང་སངས་རྒྱས་ལའང་འདི་མངའ་མོད་ཀྱི། བག་ཆགས་ཀྱི་སྒྲིབ་པ་མ་སྤངས་ལ། འདིས་སྤངས་པས་ཕུལ་དུ་བྱུང་བ་ཡིན་ནོ། །བདུད་བཞི་བཅོམ་པ་ལ། ཡེ་ཤེས་དང་ནི་ཐུགས་རྗེ་ལ། །བསྐལ་པ་དུ་མར་ཐུགས་སྦྱངས་པས། །ཉེ་བར་འཚེ་བའི་བདུད་སྡེ་རྣམས། །ལེགས་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཕུན་སུམ་ཚོགས་པའི་རྩ་བ་ཤེས་རབ་ཡིན་ལ། དེ་ཉོན་མོངས་པའི་རྒྱུ་བདག་འཛིན་རང་བཞིན་མེད་པར་རྟོགས་པས་འབྲས་བུ་ཉོན་མོངས་པ་རང་གྲོལ་དུ་འགྱུར་བས་ན་ཉོན་མོངས་པའི་བདུད་དང༌། གཞི་དེས་ཕུང་པོ་ཉེ་བར་གྲུབ་པ་མེད་པས་ཕུང་པོའི་བདུད་དང༌། ཕུང་པོ་མ་གྲུབ་པ་ལ་ཉིང་མཚམས་སྦྱོར་བ་མེད་པས་འཆི་བདག་གི་བདུད་བཅོམ། ཐུགས་རྗེའི་རྩ་བ་བྱམས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་གཟིགས་པས་གནོད་པ་ཐམས་ཅད་ཉེ་བར་ཞི་བས་ལྷའི་བུའི་བདུད་བཅོམ་མོ། །འདི་ལ་ཉན་ཐོས་དག་རྡོ་རྗེའི་གདན་དུ་ཉོན་མོངས་པ་དང་ལྷའི་བུའི་བདུད་བཏུལ། ཡངས་པ་ཅན་དུ་འཆི་བདག་གི་བདུད་བཏུལ། རྩ་མཆོག་ཏུ་ཕུང་པོའི་བདུད་བཏུལ་ཞེས་གསུངས་ལ། ཐེག་ཆེན་པ་དག་ནི། ཁྱོད་ཀྱིས་དང་པོ་ལྷ་ཡི་བུའི། །བདུད་ཀྱི་མེ་ཏོག་རྒྱལ་མཚན་བསྙལ། །དེ་ནས་ཉོན་མོངས་བདུད་ཀྱི་ནི། །ང་རྒྱལ་རི་བོ་མཐོན་པོ་བསྙིལ། །ཁྱོད་ཀྱིས་བྱང་ཆུབ་མ་བརྙེས་པར། །འདོད་ཁམས་དབང་ཕྱུག་ལས་རྒྱལ་ཏེ། །བྱང་ཆུབ་བར་ཆད་མེད་ལམ་ལ། །ཁམས་གསུམ་དབང་ཕྱུག་ལས་རྒྱལ་ལོ། །ཞེས་གསུངས་པ་ལྟར། སངས་རྒྱས་པའི་སྔ་ལོགས་སུ་འདུལ་བར་བཞེད་དོ། །དབང་བཅུ་ལ། ཕྱི་དང་ནང་དང་གཉིས་ཀ་དང༌། །འདུན་དང་མཁྱེན་དང་འདོམས་པ་ལ། །དབང་བཅུ་དག་གིས་འཇིག་རྟེན་གྱི། །བྱ་བ་ཀུན་སྒྲུབ་ཁྱོད་ཕྱག་འཚལ། །ཚེ་ལ་དབང་བ་ནི་སྐུ་ཚེ་བཞེད་ཚད་བཞུགས་པ་སྟེ་ལོངས་སྤྱོད་སྦྱིན་པས་སེམས་ཅན་གྱི་ཚེའི་རྒྱུར་གྱུར་པས་སོ། །སེམས་ལ་དབང་བ་ནི། ཅི་ལྟར་འདོད་པ་སེམས་ལ་འཇུག་པ་ལས་སུ་རུང་སྟེ། སྦྱིན་པས་གཞན་གྱི་སེམས་ཚིམ་པར་བྱས་པས་སོ། །ཡོ་བྱད་ལ་དབང་བ་ནི། བསམ་པ་ཇི་ལྟ་བར་ཡོ་བྱད་འབྱོར་པ་སྟེ་གཞན་ཡོ་བྱད་ཀྱིས་ཚིམ་པར་བྱས་པས་སོ། །འདི་གསུམ་སྦྱིན་པའི་འབྲས་བུའོ། །ལས་ལ་དབང་བ་ནི། སྒོ་གསུམ་གྱི་ལས་ཇི་ལྟ་བར་འདོད་པས་བསྒྲུབ་པ་སྟེ། ཚུལ་ཁྲིམས་ཀྱིས་གཞན་ལུས་ངག་ཡིད་ཀྱི་ལས་གསུམ་ཁ་ན་མ་ཐོ་བ་མེད་པ་ལ་བསམ་པ་ཇི་ལྟ་བར་བསྐུལ་པའི་འབྲས་བུའོ། །སྐྱེ་བ་ལ་དབང་བ་ནི། གང་འདོད་པའི་འགྲོ་བ་དང་ལུས་ལ་སོགས་པ་འགྲུབ་པ་སྟེ་ཚུལ་ཁྲིམས་དང་ལྡན་པའི་སྨོན་ལམ་གྲུབ་པ་དེའི་རྒྱུ་རྐྱེན་ནོ། །འདི་གཉིས་ཚུལ་ཁྲིམས་ཀྱི་འབྲས་བུའོ། །མོས་པ་ལ་དབང་བ་ནི། སའང་གསེར་དུ་བསྒྱུར་བ་ལ་སོགས་པ་སྟེ། བཟོད་པས་སེམས་ཅན་གྱི་མོས་པའི་རྗེས་སུ་ཞུགས་པའི་འབྲས་བུའོ། །སྨོན་ལམ་ལ་དབང་བ་ནི། ཇི་ལྟར་སྨོན་པའི་དོན་འགྲུབ་པ་སྟེ། བརྩོན་འགྲུས་ཀྱིས་སེམས་ཅན་གྱི་དོན་ཇི་ལྟར་འདོད་པ་བསྒྲུབས་པའི་འབྲས་བུའོ། །རྫུ་འཕྲུལ་ལ་དབང་བ་ནི། བསམ་གཏན་གྱིས་དགོངས་པ་ཇི་ལྟ་བ་ལ་ཞུགས་པའི་འབྲས་བུའོ། །ཡེ་ཤེས་ལ་དབང་བ་ནི། ཤེས་རབ་ཀྱིས་སེམས་ཅན་གྱི་གང་འདོད་པ་ལ་སྦྱར་བའི་འབྲས་བུའོ། །ཆོས་ལ་དབང་བ་ནི། མདོ་ལ་སོགས་པའི་ཆོས་འདོད་པ་ཇི་ལྟར་སྟོན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་བཤད་པས་ཐོབ་པའོ། །འདི་གཉིས་ཤེས་རབ་ཀྱི་འབྲས་བུའོ། །ཡོ་བྱད་དང་སྐྱེ་བ་ནི་ཕྱིའོ། །སེམས་ནི་ནང་ངོ༌། །ཚེ་དང་ལས་དང་མོས་པ་དང༌། རྫུ་འཕྲུལ་ནི་ཕྱི་ནང་གཉིས་ཀས་བསྡུས་པའོ། །འདུན་པ་དང༌། ཡེ་ཤེས་དང༌། ཆོས་ལ་དབང་བ་ནི། རིམ་པ་བཞིན་མོས་པ་དང༌། མཁྱེན་པ་དང༌། འདོམས་པ་ལ་དབང་བའོ། །ཚེ་དང་སེམས་དང་ཡོ་བྱད་དང༌། །ལས་དང་སྐྱེ་བ་མོས་པ་དང༌། །སྨོན་ལམ་རྫུ་འཕྲུལ་ཡེ་ཤེས་ཆོས། །འདི་དག་ཐུབ་པའི་དབང་བཅུར་བཞེད། །བསྡུ་བའི་ཚིགས་བཅད་དོ། །ཏིང་ངེ་འཛིན་ནི། རྨད་བྱུང་ལྷུན་གྱིས་གྲུབ་པ་ཅན། །ཤེས་བྱ་ཀུན་ལ་ཐོགས་མེད་པ། །སྒྲུབ་དང་སྤོང་བའི་ཏིང་འཛིན་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །གཞན་ལ་ཁྱད་པར་དུ་འཕགས་ཤིང༌། འབད་པ་ལ་མི་ལྟོས་པར་ཕྲིན་ལས་ཐོགས་པ་མེད་པའི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་དང༌། རིན་ཆེན་ཕྱག་རྒྱ་དང༌། སེངྒེ་རྣམ་པར་བསྒྱིངས་པ་ལ་སོགས་པ་བཞེད་པ་སྒྲུབ་པའི་ཏིང་ངེ་འཛིན་ཡིན་ལ། རྡོ་རྗེ་ལྟ་བུ་དང༌། ཉོན་མོངས་པ་ཐམས་ཅད་སྤོང་བ་ལ་སོགས་པ་སྤང་བྱ་སྤོང་བའི་ཏིང་ངེ་འཛིན་ཏེ། རྒྱས་པར་རྒྱལ་བའི་ཡུམ་ལས་ཇི་སྐད་གསུངས་པ་བཞིན་ནོ། །གཟུངས་ཀྱི་སྒོ་ནི། འཛིན་དང་འཆད་པ་ཆོས་ཀྱི་སྒོ། །ཉུང་ངུས་ཆོས་རྣམས་བདེ་བླག་ཏུ། །སྟོན་མཛད་གཟུངས་ཀྱིས་ཆོས་ཀྱི་གཏེར། །ཁ་འབྱེད་ཁྱོད་ལ་ཕྱག་འཚལ་ལོ། །ཟད་མི་ཤེས་པའི་ཟ་མ་ཏོག་བཀོད་པ་ལ་སོགས་པ་གཟུངས་ཀྱི་སྒོས། ཆོས་ཐམས་ཅད་ཀྱི་ཁ་འབྱེད་པ་སྟེ། དེ་ཡང་ཡི་གེ་བསམ་གྱིས་མི་ཁྱབ་པ་ཡི་གེ་བཞི་བཅུ་རྩ་གཉིས་སུ་སྡུད་པ་དང༌། བཞི་བཅུ་རྩ་གཉིས་པོ་ཡི་གེ་གཅིག་ཏུ་འདུ་བ་ལ་མཁས་པས་གཞན་གྱིས་སྨྲས་པ་འཛིན་པ་དང༌། རང་གིས་འཆད་པ་ལ་ཐོགས་པ་མེད་པ་སྟེ། འདིའང་ཡུམ་ལས་ཡི་གེ་གཅིག་གིས་བྱང་བའི་རང་བཞིན་ལ་མཁས་པར་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །སྤངས་པ་ཕུན་སུམ་ཚོགས་པ་ལ། ཆགས་སོགས་དགག་དཀའི་དྲི་མ་དང༌། །འཁོར་གསུམ་རྣམ་པར་རྟོག་པའི་གཞི། །བག་ཆགས་བཅས་པ་གཏན་སྤངས་པ། །སྒྲིབ་པ་ཀུན་གྲོལ་ཁྱོད་ཕྱག་འཚལ། །འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཟག་པས་བསྡུས་པ། ཉོན་མོངས་པའི་སྒྲིབ་པ་དང༌། བདག་དང་གནས་དང་ལོངས་སྤྱོད་ལ་སོགས་པ་འཁོར་གསུམ་གྱིས་བསྡུས་པ་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པས་སྒྲིབ་པ་ཐམས་ཅད་ལས་གྲོལ་བའོ། །ཡེ་ཤེས་ནི། གསལ་དང་དྲི་མེད་ཡོན་ཏན་གཏེར། །ཕྲིན་ལས་རྟེན་དང་བརྟེན་པ་ཡིས། །རང་གཞན་དོན་གྱི་ཡེ་ཤེས་ལ། །རྫོགས་པའི་སངས་རྒྱས་ཁྱོད་ཕྱག་འཚལ། །མེ་ལོང་ལྟ་བུའི་ཡེ་ཤེས། མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གསལ་བ་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས། ང་དང་ང་ཡིར་འཛིན་པའི་དྲི་མ་དང་བྲལ་བ་དང༌། སོ་སོར་རྟོག་པའི་ཡེ་ཤེས། སྟོབས་དང་མི་འཇིགས་པ་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱི་གཏེར་དང༌། བྱ་བ་གྲུབ་པའི་ཡེ་ཤེས། རང་གཞན་གྱི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པའོ། །དེའང་མེ་ལོང་ལྟ་བུ་རྟེན་ཡིན་ལ། ཡེ་ཤེས་ཕྱི་མ་གསུམ་དེ་ལ་བརྟེན་པ་དང༌། སྔ་མ་གསུམ་ནི་རང་དོན་གཙོ་ཆེ་བ་ཡིན་ལ། ཕྱི་མ་གཉིས་ནི་གཞན་དོན་གཙོ་ཆེའོ། །གསུང་གི་ཡོན་ཏན་ནི། གསུང་དབྱངས་མི་འཇིགས་སེང་གེའི་སྒྲ། །ཡན་ལག་དྲུག་ཅུ་དང་ལྡན་པས། །ལྷར་བཅས་འཇིག་རྟེན་ཐམས་ཅད་ལ། །ལེགས་སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ། །གསུང་འཇམ་པ་དང༌། རྣ་བར་སྙན་པ་དང༌། རྒྱང་དུ་གྲགས་པ་ལ་སོགས་པ་དབྱངས་ཀྱི་ཡན་ལག་དྲུག་ཅུ་སྟེ། རྒྱས་པར་གསང་བ་བསམ་གྱིས་མི་ཁྱབ་པ་ལས་གསུངས་པ་ལྟ་བུའོ། །གནས་གྱུར་པ་ལ་ནི། ཁྱོད་ཀྱིས་ཟག་བཅས་འགྲོ་བའི་རྒྱུན། །གང་ལགས་ལམ་གྱི་བདེན་པས་བསྒྱུར། །འགྲོ་བ་ཀུན་འཇུག་ཡེ་ཤེས་སུ། །མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཟག་པ་དང་བཅས་པའི་ཕུང་པོ་ཁམས་དང༌། སྐྱེ་མཆེད་གནས་གྱུར་པ་ལས་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་སྟེ། འགྲོ་བའི་ལས་དང་ཉོན་མོངས་པ་ཇི་སྙེད་ཡོད་པ་གནས་གྱུར་པའི་ཡེ་ཤེས་བསམ་གྱི་མི་ཁྱབ་པར་འགྱུར་བ་མདོ་སྡེ་རྒྱན་དང་ཐེག་པ་ཆེན་པོ་བསྡུས་པ་ལས་འབྱུང་བ་བཞིན་ནོ། །འབྱོར་པའི་ཁྱད་པར་ལ། འཇིག་རྟེན་སློབ་མ་བསེ་རུ་སྲས། །སྟོན་པའི་འབྱོར་བ་ཕུལ་བྱུང་བ། །གང་ལགས་དེ་འདྲ་མངའ་བརྙེས་པས། །ལེགས་འབྱོར་ཁྱོད་ལ་ཕྱག་འཚལ་ལོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་འཇིག་རྟེན་པའི་འབྱོར་བ་མཐའ་དག་སློབ་པ་སྟེ། དགྲ་བཅོམ་པ་གཅིག་གི་ཟིལ་གྱིས་གནོན་ལ། དེ་བསེ་རུ་སྟེ་རང་སངས་རྒྱས་ཀྱིས། དེ་སྲས་ཏེ་བྱང་ཆུབ་སེམས་དཔས། དེ་སྟོན་པ་སྟེ་སངས་རྒྱས་ཀྱིས་ཟིལ་གྱིས་གནོན་ཏེ། མདོ་སྡེ་རྒྱན་ལས། འཇིག་རྟེན་པ་ཡི་འབྱོར་བ་ནི། །ཉན་ཐོས་རྣམས་ཀྱིས་ཟིལ་གྱིས་གནོན། །ཉན་ཐོས་རྣམས་ཀྱི་འབྱོར་བ་ཡང༌། །རང་སངས་རྒྱས་ཀྱིས་ཟིལ་གྱིས་གནོན། །དེ་ཡིས་བྱང་ཆུབ་སེམས་དཔའ་ཡི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །དེ་ཡིས་རྫོགས་པའི་སངས་རྒྱས་ཀྱི། །འབྱོར་བའི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ལྟ་བུ་སྟེ། དཔེར་ན་འཕགས་པ་ཉེར་སྦས་བསམ་གཏན་ལ་མཉམ་པར་གཞག་པ་ན། བདུད་སྡིག་ཅན་གྱིས་ཅོ་འདྲི་བའི་ཕྱིར་མེ་ཏོག་གི་ཕྲེང་བ་དབུ་ལ་བཀྲིས་པ་ན། འཕགས་པས་བདུད་སྡིག་ཅན་གྱི་མགྲིན་པར་ཁྱི་རོ་བམ་པ་འབུ་འཛག་པ་ཅིག་དཀྲིས་པ་ལྟ་བུ་དང༌། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་འདབ་ཆགས་སུ་མེས་འཇིགས་པ་ན་འཇམ་དཔལ་གྱིས་སྨྲས་པ་ཤཱ་རིའི་བུ། ཁྱོད་ཀྱི་རྫུ་འཕྲུལ་ལ་བརྟེན་ནས་འགྲོའམ། ཁོ་བོའི་རྫུ་འཕྲུལ་ལ་བརྟེན་ནས་འགྲོ་བར་བྱ། ཤཱ་རིའི་བུས་བསམས་པ། རང་གི་རྫུ་འཕྲུལ་གྱིས་འགྲོ་ན་ཡུན་རིང་དུ་ཐོགས་པ་ཞིག་པས། འཇམ་དཔལ་གྱི་རྫུ་འཕྲུལ་ཡང་བལྟའོ་སྙམ་སྟེ་ཁྱོད་ཀྱི་རྫུ་འཕྲུལ་གྱིས་འགྲོ་བར་བྱའོ། །དེ་ལྟ་ན་མིག་ཅུང་ཟད་ཚུམས་ཤིག ཤཱ་རིའི་བུས་མིག་བཙུམས་པར་བརྩམས་པ་ན་ད་ཕྱེ་ཤིག ཤཱ་རིའི་བུས་ཕྱེ་བ་ན་བཏོན་ཟིན་པར་གྱུར་ཏོ། །ཤཱ་རིའི་བུས་སྨྲས་པ། ཁྱོད་ཀྱི་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་བོ། །འཇམ་དཔལ་གྱིས་སྨྲས་པ། དེ་དེ་བཞིན་ཏེ། ཁོ་བོའི་རྣམ་པར་ཐར་པ་ཁྱེད་ཉན་ཐོས་མོས་པ་དམན་པ་རྣམས་ཀྱི་ཡུལ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །སྐྱབས་མཆོག་ཏུ་གྱུར་པ་ནི། ཐུན་མོང་བ་དང་ཕུལ་བྱུང་ཆོས། །རླབས་ཆེན་ཤིན་ཏུ་རྨད་བྱུང་བ། །བརྙེས་པས་འཇིག་རྟེན་ཐམས་ཅད་ཀྱི། །སྐྱབས་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དེ་དག་ལས་ཚད་མེད་རྣམ་ཐར་ཟིལ་གནོན། ཟད་པར་མངོན་པར་ཤེས་པ་ལྔ་འཇིག་རྟེན་པ་དང་ཐུན་མོང་བ། ཟག་པ་ཟད་པའི་མངོན་ཤེས་ཉོན་མོངས་པ་མེད་པ་སྨོན་གནས་ཤེས་པ། སོ་སོ་ཡང་དག་པར་རིག་པ། བྱང་ཆུབ་ཀྱི་ཕྱོགས་སྙོམས་འཇུག་དགུ རྣམ་ཐར་གསུམ་ལ་སོགས་པ་ནི་སློབ་མ་དང་ཐུན་མོང་བ། གཞན་རྫུ་འཕྲུལ་དང༌། ཏིང་ངེ་འཛིན་དང༌། གནས་གྱུར་འགའ་ཞིག་ལ་སོགས་པ་མ་དག་པའི་ས་བདུན་པོ་དང་ཐུན་མོང་བའོ། །ཉོན་མོངས་པ་ཅན་གྱི་ཡིད་གནས་གྱུར་པ་དང༌། མཚན་དཔེ་ལ་སོགས་པ་འགའ་ཞིག་ས་བརྒྱད་པ་དང་ཐུན་མོང་བའོ། །གཟུངས་ཀྱི་སྒོ་དང༌། སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་སོགས་པ་འགའ་ཞིག་ས་དགུ་པ་དང་ཐུན་མོང་བའོ། །ཏིང་ངེ་འཛིན་དང་དབང་བཅུ་པ་ལ་སོགས་པ་འགའ་ཞིག་ས་བཅུ་པ་དང་ཐུན་མོང་བའོ། །ཉན་ཐོས་ནི་བྱང་ཆུབ་སེམས་དཔའི་ས་བཅུ་མི་བཞེད་པས་སྲས་དང་ཐུན་མོང་བ་ཞེས་མིང་འདོགས་སོ། །གཞན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང༌། མི་འཇིགས་པ་བཞི་དང༌། བསྲུང་བ་མེད་པ་གསུམ་ལ་སོགས་པ་སངས་རྒྱས་ཁོ་ནའི་ཁྱད་པར་གྱི་ཆོས་སོ། །འདི་ལྟ་བུའི་ཡོན་ཏན་བརྙེས་པས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཀྱི་དམ་པར་གྱུར་པ་ཡིན་ནོ། །དེ་ལྟར་བསྟོད་པའི་སྐབས་བསྒྲུབས་ནས། བསྒྲུབས་པའི་དགེ་བ་བསྔོ་བ་ནི། དེ་ལྟའི་དངོས་བསྟོད་སྟོན་པ་ཡི། །བསྟན་པ་རིན་ཆེན་གསལ་མཛད་པས། །འགྲོ་བ་ཀུན་གྱིས་ཤེས་བྱ་ཡི། །དེ་ཉིད་ལེགས་པར་མཐོང་བར་ཤོག །དེ་ལྟ་བུའི་ཡོན་ཏན་གྱི་དངོས་པོ་དང་ལྡན་པའི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཡིན་ལ། དེའི་བསྟན་པ་ནི་དགོས་འདོད་ཐམས་ཅད་འབྱུང་བས་རིན་པོ་ཆེའི་གཏེར་དང་འདྲའོ། །དེ་ལེགས་པར་ཕྱེ་ཞིང་གསལ་བར་བྱས་པའི་དགེ་བ་འདིས། འགྲོ་བ་ཐམས་ཅད་ཀྱིས་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མ་ལུས་པ་གསལ་བར་མཐོང་བར་གྱུར་ཅིག་ཅེས་བསྟོད་པའི་བསྔོ་བའོ།།  ༈  །།བདག་གིས་ཐུབ་པའི་དགོངས་པ་ཇི་ལྟ་བར། །ཟབ་དང་རྒྱ་ཆེའི་མདོ་དོན་ལེགས་གཟིགས་པ། །རྒྱལ་བའི་སྲས་པོ་བྱམས་པའི་གསུང་རབ་བཞིན། །འགྲོ་ལ་ཕན་པའི་ཡིད་ཀྱིས་གསལ་བར་བྱས། །སྤྱོད་པ་རྒྱ་ཆེན་ཤིན་ཏུ་རྒྱས་པའི་མདོ། །ལྟ་བའི་དེ་ཉིད་ཤེས་རབ་ཕ་རོལ་ཕྱིན། །མི་འགལ་གསལ་བར་སྟོན་པ་ཁོ་བོའི་གཞུང༌། །རིགས་པས་བསྒྲུབས་པ་བླ་མའི་གསུང་བཞིན་བཤད། །དེང་སང་ཤཱཀྱ་ཐུབ་པའི་བསྟན་པ་ནི། །བུད་ཤིང་ཟད་པའི་མེ་བཞིན་ཉམ་ཆུང་བས། །བློ་ལྡན་སྐྱེ་བོ་སངས་རྒྱས་སྒྲུབ་འདོད་རྣམས། །ལེགས་པར་སོམས་ལ་ཐུབ་པའི་གསུང་བཞིན་ཟུང༌། །ཆོས་རྣམས་དེ་ཉིད་ཤིན་ཏུ་ལྐོག་གྱུར་ལ། །སོ་སོའི་སྐྱེ་བོའི་སྤྱོད་པ་འཁྲུལ་གྱུར་པས། །འདི་ཡི་ལེགས་བཤད་བླ་མ་དམ་པའི་དྲིན། །ཉེས་པ་སྣང་གང་བདག་བློའི་ཉེས་པར་ཟད། །སངས་རྒྱས་འཇིག་རྟེན་སྒྲོན་མ་ནུབ་གྱུར་ཅིང༌། །མཁས་པའི་སྐྱེ་བོ་ཕལ་ཆེར་འདས་པས་ན། །བློ་ངན་མ་སྦྱངས་གཟུ་ལུམ་སྨྲ་རྣམས་ཀྱིས། །བདེ་གཤེགས་བསྟན་པ་དེང་སང་འདིར་དཀྲུགས་སོ། །ཆོས་འདི་ལོག་པར་བཤད་ན་སྡིག་པ་ལྕི། །ལེགས་པར་བཤད་ན་སྐྱེ་བོ་ཕལ་ཆེར་ཁྲོ། །སྙིགས་མའི་དུས་ཀྱི་ཆོས་སྨྲ་དཀའ་མོད་ཀྱི། །འོན་ཀྱང་འགྲོ་ལ་ཕན་སྙམ་འདི་བརྩམས་སོ། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམ་བྱས་ཏེ། །ནམ་མཁའི་མཐས་གཏུགས་སེམས་ཅན་དོན་བསྒྲུབ་ཕྱིར། །ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་རིམ་པ། ཐུབ་པའི་དགོངས་པ་གསལ་བ་ཞེས་བྱ་བ་སྡེ་སྣོད་འཛིན་པ་དཔལ་ལྡན་ས་སྐྱ་པཎྜི་ཏས་སྦྱར་བའོ། །རྫོགས་སོ།།  །།ཚོགས་ཆོས་འདི་དབུས་གཙང་ཁམས་གསུམ་དུ་ངས་ཐམས་ཅད་ལ་བཤད་པ་ཡིན་པས། ངའི་སློབ་མ་ཐམས་ཅད་ཀྱིས་ལུང་ཐོབ་པ་ཡིན་པས་ཡེ་གེ་འདི་ལ་ལྟོས་ལ་ཤོད། །འདི་བཞིན་ཉམས་སུ་ལོང༌།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*