ཐུབ་པའི་དགོངས་པ་རབ་ཏུ་གསལ་བ། ༢

མ་བཙོངས་ན་ཁྱོད་ཀྱིས་ང་དམྱལ་བའི་སྲུང་མ་ལ་བྱིན་ངེས་ཞེས་དྲན་པར་བྱའོ། །དེ་ལྟར་ཁྱོད་ཀྱིས་གྲངས་མེད་པར། །ཁོ་བོ་བྱིན་ལས་ཡུན་རིང་སྡུག །ད་ནི་འཁོན་རྣམས་དྲན་བྱ་སྟེ། །ཁྱོད་ཀྱིས་རང་དོན་སེམས་པ་གཞོམ། །ཞེས་གསུངས་པས། དེ་ལྟར་མཉམ་པ་དང་བརྗེ་བ་བསྒོམས་ཀྱང་བདག་གི་རྒྱུད་ལ་མ་སྐྱེས་ཤིང༌། ལག་ལེན་ལ་མ་ཐེབས་ན་རྟ་རྒོད་ལྕག་གིས་བསྐུལ་བ་ལྟར། རང་གི་སེམས་ལ་གནད་དུ་ཕབ་ནས་སྟོབས་ཀྱིས་ལག་ཏུ་བླང་སྟེ། ཡིད་ཁྱོད་རང་དོན་བྱེད་འདོད་པས། །བསྐལ་པ་གྲངས་མེད་འདས་གྱུར་ཀྱང༌། །ངལ་བ་ཆེན་པོ་དེ་ལྟ་བུ། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབས། །ཞེས་གསུངས་པས་བསྐལ་པ་དཔག་ཏུ་མེད་པར་རང་དོན་བསྒྲུབས་ཀྱང༌། རང་དོན་མ་གྲུབ་པའི་སྟེང་དུ་སྡུག་བསྔལ་འབའ་ཞིག་བསྒྲུབས་ཀྱི། བདེ་བའི་རྒྱུ་སྐད་ཅིག་ཀྱང་མ་བྱས་སོ་ཞེས་རང་གི་སེམས་ལ་ཁྲེལ་འདེད། གཞན་གྱི་རྟོག་ཆེན་བྱས་ནས་ནི། །བདག་གི་ལུས་ལ་ཅི་སྣང་བ། །དེ་དང་དེ་ནི་ཕྲོགས་ནས་ཀྱང༌། །ཁྱོད་ཀྱིས་གཞན་ལ་ཕན་པར་སྦྱོར། །ཞེས་པས་གཞན་སྡུག་བསྔལ་མི་བསྔལ་གྱི་བྱ་ར་བྱས་ལ། སྡུག་བསྔལ་བ་མཐོང་ན། རང་གི་སེར་སྣ་ལ་སྟོབས་ཀྱིས་ཕྲོགས་ཏེ་སྡུག་བསྔལ་བ་དེ་ལ་ཅི་ཕན་པར་སྦྱོར། བདག་སྐྱིད་གཞན་ནི་མི་སྐྱིད་ལ། །བདག་མཐོ་གཞན་ནི་དམའ་བ་དང༌། །བདག་ནི་ཕན་བྱེད་གཞན་མིན་ཞེས། །བདག་ལ་ཕྲག་དོག་ཅིས་མི་བྱེད། །དེའང་བདག་སྐྱིད་ཅིང་མཐོ་དྲགས་ལ། གཞན་སྡུག་ཅིང་དམའ་དྲགས་ཞེས་བསམས་ལ་རང་ལ་རང་གིས་ཕྲག་དོག་བསྒོམ་མོ། །བདག་ནི་བདེ་དང་བྲལ་གྱིས་ཏེ། །གཞན་གྱི་སྡུག་བསྔལ་བདག་ལ་སྦྱོར། །རང་ལ་བདེ་བ་གང་ཡོད་པ། །ཕྲལ་ལ་སེམས་ཅན་ཀུན་ལ་བྱིན། །སེམས་ཅན་གྱི་སྡུག་བསྔལ་གྱི་ཁུར་གང་ཡོད་པ་བདག་གིས་བླང་ངོ༌། །གང་ཚེ་འདི་ནི་ཅི་བྱེད་ཅེས། །བདག་གི་སྐྱོན་ལ་བརྟག་པར་གྱིས། །གཞན་གྱིས་ཉེས་པ་བྱས་ན་ཡང༌། །རང་གི་སྐྱོན་དུ་འགྱུར་བྱོས་ལ། །བདག་གིས་ཉེས་པ་ཆུང་བྱས་ཀྱང༌། །སྐྱེ་བོ་མང་ལ་རབ་ཏུ་ཤོགས། །རང་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་ལ་བརྟགས་ལ། སྤྱོད་པ་ཕྱིན་ཅི་ལོག་བྱེད་ན་སྔར་དེ་ཙམ་གྱིས་འཁྱམས་པས་མི་འཇིགས་པར་ད་དུང་འཁོར་བ་དང་ངན་སོང་དུ་འཁྱམ་མམ་ཞེས་རང་གི་སེམས་ལ་ཁྲེལ་འདེད། གཞན་གྱིས་བདག་ལ་གནོད་པ་བྱས་ནའང་འདིས་མ་ལེན་ཏེ། བདག་ཉིད་ཀྱི་ལས་ངན་ཡིན་སྙམ་དུ་བསམ། རང་གིས་གཞན་ལ་ཉེས་པ་ཅུང་ཟད་ཙམ་བྱས་ན་བདག་གིས་འདི་ལྟ་བུའི་མ་ལེགས་པ་བྱས་ཞེས་སྐྱེ་བོ་མང་པོའི་མདུན་དུ་བཤགས་པར་བྱ། སྤྱོད་འཇུག་ལས། གཞན་གྱི་གྲགས་པ་ལྷག་བརྗོད་པས། །རང་གི་གྲགས་པ་ཟིལ་གྱིས་གནོན། །བདག་ནི་བྲན་གྱི་ཐ་མ་ལྟར། །ལས་རྣམས་ཀུན་ལ་བཀོལ་བར་གྱིས། །གལ་ཏེ་བདག་ལ་འགའ་ཞིག་བསྟོད་ན་རིགས་དང་ཡོན་ཏན་ལ་སོགས་པའི་སྒོ་ནས་ང་བས་ཀྱང་ལྷག་པ་འདི་ལྟ་བུ་ཡོད་ཅེས་གཞན་གྱི་གྲགས་པ་བརྗོད་ལ་རང་ཟིལ་གྱིས་མནན་ཅིང་ང་རྒྱལ་མི་བྱ་བར། བླ་མ་དང་དཀོན་མཆོག་དང་སེམས་ཅན་གཞན་གྱི་བྱ་བ་ལ་བྲན་བཞིན་བཀོལ་བར་བྱའོ། །ཡང༌། འདི་ནི་སྐྱོན་ཅན་རང་བཞིན་པས། །གློ་བུར་ཡོན་ཏན་ཆས་མི་བསྟོད། །བདག་ལ་ཡོན་ཏན་ཅུང་ཟད་མཐོང་ཡང་འདི་འདྲ་གློ་བུར་བ་ཡིན། རང་བཞིན་གྱིས་སྐྱོན་ཅན་ཡིན་སྙམ་དུ་བསམས་ལ་ང་རྒྱལ་བཅག ཡང༌། འདི་ཡི་ཡོན་ཏན་ཅི་ནས་ཀྱང༌། །འགས་ཀྱང་མི་ཤེས་དེ་ལྟར་གྱིས། །མདོར་ན་བདག་གི་དོན་གྱི་ཕྱིར། །ཁྱོད་ཀྱིས་གཞན་ལ་གནོད་བྱས་གང༌། །གནོད་དེ་སེམས་ཅན་དོན་གྱི་ཕྱིར། །བདག་ཉིད་ལ་ནི་འབབ་པར་གྱིས། །འདི་ནི་གཉའ་དྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱ་སྟེ། །བག་མ་གསར་བའི་ཚུལ་བཞིན་དུ། །ངོ་ཚ་འཇིགས་དང་བསྡམས་ཏེ་བཞག །ཅེས་བྱ་བ་ལ་སོགས་པའི་དོན་བསམས་ལ་རང་ལ་འབད་པས་ཕྲག་དོག་བསྒོམ་ཞིང༌། གཞན་ལ་ཕན་པ་ལ་སྦྱར་རོ། །དེ་ལྟར་རང་དོན་སྤངས་ཏེ། གཞན་དོན་བསྒྲུབས་པས་མཐར་རང་དོན་ཕུན་སུམ་ཚོགས་པ་འགྲུབ་པ་རྟེན་འབྲེལ་གྱི་ཆེ་བ་ཡིན་ཏེ། ཡང༌། དེ་ལྟར་འབད་པས་གཞན་དག་གི །དོན་ལ་རབ་ཏུ་འཇུག་གྱིས་དང༌། །ཐུབ་པའི་བཀའ་ནི་མི་སླུ་བས། །འདི་ཡི་ཡོན་ཏན་ཕྱིས་མཐོང་འགྱུར། །ཞེས་གསུངས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བརྫུན་མི་མངའ་བའི་ཕྱིར་གཞན་དོན་ཉིད་ཀྱིས་རང་དོན་འགྲུབ་པ་ཡིན་ནོ། །ཡང་དེ་ལས། གལ་ཏེ་ཁྱོད་ཀྱིས་སྔ་དུས་སུ། །ལས་འདི་བྱས་པར་གྱུར་ནས་ནི། །སངས་རྒྱས་ཕུན་ཚོགས་བདེ་མིན་པ། །འདི་འདྲའི་གནས་སྐབས་རེ་མེད་འགྱུར། །ཞེས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱིས་སེམས་འདི་བསྒོམ་པ་འཕྱིས་པ་ཡིན། དང་པོ་བསྒོམས་ན། དེང་སང་སངས་རྒྱས་ཟིན་པ་ལ་དེ་ལྟའི་བདེ་བ་མིན་པ་འདི་ལྟ་བུའི་སྡུག་བསྔལ་ག་ལ་འབྱུང་སྙམ་དུ་བསམས་ལ་བདག་གཞན་བརྗེ་བ་ལ་བརྩོན་པར་བྱའོ། །འགའ་ཞིག་བྱང་ཆུབ་ཀྱི་སེམས་བསྒོམས་པའི་རྗེས་ལ་སྟོང་པ་ཉིད་བསྒོམ་པ་ལ་འཇུག་པ་ཡིན་ནམ་ཞེ་ན། ཤེས་རབ་ཀྱི་སྒྲོ་འདོག་མ་བཅད་པའི་སྟོང་ཉིད་རྐྱང་པ་གོལ་ས་ཆེ་བའི་ཕྱིར་གནས་སྐབས་འདིར་མི་བསྒོམ་སྟེ། སློབ་དཔོན་འཕགས་པས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཞེས་བྱ་བ་དང༌། སྐྱེ་མེད་ཅེས་དང་སྟོང་ཞེས་དང༌། །བདག་མེད་ཅེས་པའི་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམ་པ། །དེ་ནི་འདི་ན་བདག་བསྒོམ་མོ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། སྟོང་པ་ཉིད་བསྒོམ་པའི་ཚུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྤྲོས་པ་གཅོད་པའི་འོག་ཏུ་བཤད་པར་བྱའོ། །གསུམ་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་བའོ། །དང་པོ་ནི། བསམ་གཏན་མི་མཐུན་ཕྱོགས་ཉམས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས། མི་མཐུན་ཕྱོགས་གཡེང་བ་མེད་པ། རྣམ་པར་མི་རྟོག་སྟེ་བདག་མེད་པ་རྟོགས་པ། འདོད་པ་ཡོངས་རྫོགས་བྱེད་པ་ནི་ཏིང་ངེ་འཛིན་ལ་བརྟེན་ནས་བདག་གཞན་གྱི་དོན་སྒྲུབ་པ། སེམས་ཅན་སྨིན་པར་བྱེད་པ་ནི་དེས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་བསམ་གཏན་ནི། །མ་ཆགས་ཞེས་བྱ་བ་ལ་སོགས་པ་ལྟར། ཆགས་པ་བདུན་ནི། མི་མཐུན་ཕྱོགས། ཕྱི་བཤོལ། ཆོག་པར་འཛིན་པ། ལན་ལ་རེ་བ། རྣམ་སྨིན་ལ་རེ་བ། མི་མཐུན་ཕྱོགས་ལ་ཆགས་པ་སྟེ་དེའི་བག་ལ་ཉལ་མ་བཅོམ་པའོ། །གཡེང་བ་ལ་ཆགས་པ་གཉིས་ནི་སྔར་བཞིན་ནོ། །དེ་ལྟ་བུའི་ཆགས་པ་བདུན་བག་ལ་ཉལ་དང་བཅས་པ་སྤང་ངོ༌། །གསུམ་པ་བསམ་གཏན་བསྒོམས་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང༌། མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ཚེ་འདིར་འབྱུང་བ་ནི། བསམ་གཏན་བསྒོམས་པས་ཞི་གནས་སྐྱེ། དེ་ཉོན་མོངས་པ་གློ་བུར་བ་ལྡོག འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས། བསམ་གཏན་གྱི་དགའ་བདེ་འཐོབ། རྫུ་འཕྲུལ་དང་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཅི་རིགས་པ་འབྱུང༌། གཞན་གྱིས་གོ་བ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཡིད་དགའ་བའི་གནས་སུ་འགྱུར་རོ། །ཚེ་ཕྱི་མ་ཕན་ཆད་དུ་འབྱུང་བའི་ཕན་ཡོན་ནི། ལུས་ངག་ཡིད་གསུམ་ལས་སུ་རུང་བ་དང་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་ལ་སོགས་པ་འཐོབ་སྟེ། སྡུད་པ་ལས། བསམ་གཏན་གྱིས་ནི་འདོད་པའི་ཡོན་ཏན་སྨད་པར་འདོར། །རིག་དང་མངོན་པར་ཤེས་དང་ཏིང་འཛིན་མངོན་པར་བསྒྲུབ། །ཅེས་གསུངས་པས་སོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། སངས་རྒྱས་པ་ན་རང་གཞན་གྱི་ཕྲིན་ལས་སྒྲུབ་པ་ཡོངས་སུ་དག་པ་བཞི་ལ་སོགས་པ་འཐོབ་སྟེ། །མདོ་སྡེ་རྒྱན་ལས། ལེན་དང་གནས་དང་གཏོང་བ་དང༌། །སྤྲུལ་དང་ཡོངས་སུ་བསྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ།།  ༈  །།དྲུག་པ་ཤེས་རབ་ལ་གསུམ་སྟེ། ཤེས་རབ་ཀྱི་མཚན་ཉིད་དང༌། ཤེས་རབ་དེའི་རང་བཞིན་ངེས་པར་བྱ་བ་དང༌། ཤེས་རབ་བསྐྱེད་པའི་ཕན་ཡོན་ནོ། །དང་པོ་ནི། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གཉིས་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་སྟེ། ཤེས་རབ་ཀྱི་མི་མཐུན་ཕྱོགས་ངོས་གཟུང་བ་དང༌། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དང༌། དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །དང་པོ་ལ་གཉིས་ལས། འཆལ་བའི་ཤེས་རབ་ངོས་བཟུང་ན་བླུན་པོ་ལྟར་ཤེས་རབ་ཀྱི་ཡོན་ཏན་མི་ཚོལ་བ། མུ་སྟེགས་ལྟར་ཚོལ་ཡང་ཕྱིན་ཅི་ལོག་ལ་འབད་པ། ཉན་ཐོས་ལྟར་ཕྱིན་ཅི་མ་ལོག་ཀྱང་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྱུར་པ་སྟེ་གསུམ་མོ། །གཉིས་པ་དེའི་ཉེས་པ་བསམ་པ་ལ་གཉིས་ཏེ། ཚེ་འདིའི་ཉེས་པ་དང༌། སྐྱེ་བ་གཏན་གྱི་ཉེས་པའོ། །དང་པོ་ནི། མི་མཁས་པའི་སྟོབས་ཀྱིས་རང་ཞུམ། བྱ་བ་དང་བྱ་བ་མ་ཡིན་པའི་ཆ་མི་ཤེས། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བརྙས། སེངྒེའི་ཁྲོད་དུ་ཝ་སྐྱེས་ལྟར་མཁས་པའི་གྲྭར་མི་ཆུད་པ་ལ་སོགས་པ་ཉེས་པ་མང་སྟེ། འདུལ་བ་ལས། སེངྒེ་ལྟ་བུས་ཝ་ལྟ་བུ་ལ་བསྙེན་བཀུར་མི་བྱེད། ཅེས་གསུངས་པའང་དེའི་རིགས་ཅན་ཡིན། ཙ་ན་ཀ་ལས། རྐང་གཉིས་པ་ལ་མངོན་སུམ་ཕྱུགས། །བླུན་པོ་ཡོངས་སུ་སྤང་བར་བྱ། །ཞེས་བྱ་བ་དང༌། ཐོས་པའི་ནོར་མེད་ས་སྟེང་འདི། །ལོང་བ་ཡིན་སྙམ་བསམས་ཏེ་བྱ། །ཞེས་བྱ་བ་ལ་སོགས་པ་དང༌། གཞན་ཡང༌། མཁས་པའི་དྲུང་ན་ཞུམ་ཞིང་འཛུར། །བླུན་པོའི་ཚོགས་ན་དགའ་ཞིང་རྩེ། །ནོག་དང་ལྐོག་ཤལ་མེད་ན་ཡང༌། །ཡ་སོ་ཅན་གྱི་བ་ལང་ཡིན། །ཞེས་པའི་བར་སྐབས་ཀྱི་ཚིགས་བཅད་འདི་ཡང་དྲན་པར་བྱའོ། །གཉིས་པ་སྐྱེ་བ་གཏན་གྱི་ཉེས་པ་ལ། སྤྱོད་འཇུག་ལས། ནད་ཀྱི་དཀྲུགས་པའི་མི་དག་ནི། །ལས་རྣམས་ཀུན་ལ་མཐུ་མེད་པ། །དེ་བཞིན་རྨོངས་པས་སེམས་དཀྲུགས་ན། །ལས་རྣམས་ཀུན་ལ་མཐུ་མེད་དོ། །ཞེས་བྱ་བ་དང༌། མཛོད་ལས། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །ཞེས་གསུངས་པས། ཤེས་རབ་མེད་ན་བླང་དོར་གྱི་ཆ་མི་བྱེད་པས་བྱ་བ་གང་བྱེད་པ་ལ་སྟོབས་ཆུང༌། གང་ནས་གང་དུ་སྐྱེས་པ་ཐམས་ཅད་དུ་དབང་པོ་རྟུལ་པོར་འགྱུར། དེའི་སྟོབས་ཀྱིས་ཆོས་གཅིག་བྱེད་ཀྱང་ནོར་བ་ལས་མི་རྙེད། སྒོམ་བྱས་ཀྱང་བདག་འཛིན་གྱི་རྩ་བ་མི་ཆོད། གལ་ཏེ་ཆོད་ཀྱང་ཐབས་མི་མཁས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་འགོག་པར་ལྟུང་བ་ལ་སོགས་པའི་སྐྱོན་མང་ངོ༌། །གཉིས་པ་གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་ལ་གཉིས་ལས། དང་པོ་རྒྱུའི་གཉེན་པོ་ནི། ཤེས་རབ་འཆལ་བའི་རྒྱུ་མ་རིག་པ་དང༌། རྐྱེན་དགེ་བའི་བཤེས་གཉེན་ངན་པ་ལ་གུས་པ་ཡིན་ཏེ། རྣམ་འགྲེལ་ལས། མ་རིག་ཉེས་པའི་རྩ་བ་སྟེ། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་བྱ་བ་ལ་སོགས་པ་དང༌། རྐྱེན་བཤེས་གཉེན་ངན་པའང༌། འདི་ལའང་རྗེས་སུ་བརྗོད་པ་ཡོད། །ངན་པའི་བདག་ཉིད་མུན་ཁྱབ་བྱེད། །ཅེས་བྱ་བ་དང༌། མདོ་ལས། ཁྱོད་དེ་ཙམ་དུ་སྡུག་བསྔལ་གྱི་ཚོར་བ་མི་བཟོད་པ་ལ་ལོངས་སྤྱོད་པ་སུས་བྱས། གསོལ་བ། མི་དགེ་བའི་བཤེས་གཉེན་དག་གིས་སོ། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པ་ལྟར་རོ། །དེ་ན་དེ་སྤོང་བའི་ཐབས་ཐོས་བསམ་ལ་འབད་པར་བྱ་སྟེ། མདོ་ལས། ཐོས་པས་དོན་མ་ཡིན་པ་སྤོང༌། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་ཤེས་རབ་རྣམ་པར་འཕེལ། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་བྱ་བ་དང༌། མཉན་པར་བྱས་ན་ལྷག་མཐོང་འཕེལ། །ཞེས་བྱ་བ་ལ་སོགས་པ་གསུངས་པས། ཐོས་པ་ལ་བརྟེན་ནས་མ་རིག་པའི་བག་ཆགས་བསྲབས་པར་འགྱུར་རོ། །དེ་ལྟ་བུའི་ཐོས་པ་དེ་ཡང༌། ཡང་དག་པའི་དགེ་བའི་བཤེས་གཉེན་སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞི་དང་མི་འགལ་བར་སྟོན་པ་ཅིག་ལ་མཉན་པར་བྱའི་དེ་དག་དང་མི་མཐུན་པ་ཆོས་ལྟར་བཅོས་པ་འཆད་ན། འཕྲལ་ཀུན་ཏུ་སྤྱོད་པ་བཟང་པོ་ལྟར་སྣང་ཡང་བླ་མར་མི་བྱ་སྟེ། རི་དྭགས་ཀྱི་རྔ་མ་བསྟན་ནས་བོང་བུའི་ཤ་འཚོང་བའམ། རྔོན་པ་དགེ་སྦྱོང་གི་ཆ་བྱད་འཛིན་པ་ལྟ་བུའམ། ཟས་བྱིན་ནས་རླུབས་འཛུགས་པ་ལ་སོགས་པ་དཔེར་བརྗོད་པར་བྱའོ། །གཉིས་པ་འབྲས་བུའི་གཉེན་པོ་ལ་གཉིས་ཏེ། འཁྲུལ་པའི་ཤེས་རབ་དགག་པ་དང༌། མ་འཁྲུལ་པའི་ཤེས་རབ་བསྒྲུབ་པའོ། །དང་པོ་ལའང༌། གཞན་གྱི་སྡེ་པའི་ལུགས་དང༌། རང་གི་སྡེ་པས་ལོག་པར་བརྟགས་པ་དགག་པ་གཉིས་ལས། དང་པོ་ནི། མུ་སྟེགས་བྱེད་ལ་ལྟ་ལོག་བསམ་གྱིས་མི་ཁྱབ་ཀྱང་རྟག་ཆད་གཉིས་སུ་འདུས་སོ། །དེ་ལ་རྟག་པར་སྨྲ་བ་སྡེ་བཞི་སྟེ། རིག་བྱེད་པ། གྲངས་ཅན་པ། བྱེ་བྲག་པ། ཟད་བྱེད་པའོ། །ཆད་པར་ལྟ་བ་ནི་ཚུ་རོལ་མཛེས་པ་བ་གཅིག་ཁོ་ནར་གྲགས་སོ། །འདི་དག་ལ་བོད་ཀྱི་དགེ་བའི་བཤེས་གཉེན་དག་གིས་རྣམ་དབྱེ་བྱས་པ་མང་པོ་སྣང་སྟེ་དེ་དག་འཁྲུལ་པར་མཐོང་ངོ༌། །འདི་དག་ཀྱང་རྒྱུ་བདག་འཛིན་གྱིས་བསྐྱེད། རྐྱེན་མི་དགེ་བའི་བཤེས་གཉེན་གྱིས་བཟུང༌། ངོ་བོ་རྟག་ཆད་གཉིས་སུ་འདོད་དེ། དེའང་རྟག་ལྟ་བཞི་པོ་བདག་རྟག་པ་དེ། ལས་དང་ཉོན་མོངས་པས་བཅིངས་པའི་ཚེ་འཁོར་བ། གྲོལ་བའི་ཚེ་ཐར་པར་འདོད་དོ། །ཆད་པར་ལྟ་བ་ནི་བདག་ཡོད་པ་དེ་ཤི་བའི་ཚེ་བཅིངས་པའི་འཁོར་བ་དང་གྲོལ་བའི་ཐར་པ་གཉིས་ཀ་མི་འདོད་དོ། །འདི་དག་སུན་དབྱུང་བ་ལ་མདོར་བསྡུས་ན། གང་ཟག་དང་ཆོས་ཀྱི་བདག་ཆོད་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཉིད་ཀྱིས་རྟག་ཆད་ལས་གྲོལ་བར་གསལ་ལོ། །གཉིས་པ་རང་གི་སྡེ་པས་བརྟགས་པ་དགག་པ་ལ་གསུམ་སྟེ། ཉན་ཐོས་གྲུབ་མཐའ་འཛིན་པ་དང༌། ཐེག་ཆེན་དྲང་དོན་ལ་ངེས་དོན་དུ་རློམ་པ་དང༌། ཉན་ཐོས་དང་ཐེག་ཆེན་གཉིས་ཀ་མ་ཡིན་པའི་སངས་རྒྱས་ཀྱི་བསྟན་པར་འདོད་པ་དགག་པའོ། །དང་པོ་ལའང་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་གཉིས་སོ། །གཉིས་པ་ཐེག་པ་ཆེན་པོ་ལ་སེམས་ཙམ་དང༌། དབུ་མ་པ་གཉིས། སེམས་ཙམ་ལ་རྣམ་བཅས་དང་རྣམ་མེད་གཉིས། དབུ་མ་ལའང་རང་རྒྱུད་དང་ཐལ་འགྱུར་གཉིས་ཡོད་དོ། །དེ་ལྟ་བུའི་གྲུབ་མཐའ་དེའང་ཡོད་མེད་ཀྱི་མཐར་ལྷུང་ན་དབུ་མར་ཁས་ལེན་ཡང་དགག་དགོས་ཏེ་རྟག་ཆད་ཀྱི་མཐའ་ལས་མ་འདས་པའི་ཕྱིར་རོ། །དེ་དག་རྒྱས་པར་དགག་པ་ནི་ཁོ་བོས་བྱས་པའི་རིགས་པའི་གཏེར་དང་གྲུབ་པའི་མཐའི་དབྱེ་བར་ལྟ་བར་བྱའོ། །གསུམ་པ་ཉན་ཐོས་དང་ཐེག་ཆེན་གཉིས་ཀ་མ་ཡིན་པ་སངས་རྒྱས་ཀྱི་བསྟན་པར་འདོད་པ་དགག་པ་ལ་བཞི་སྟེ། སྔོན་བྱུང་བ་རྒྱ་ནག་གི་ལུགས་དང༌། དེའི་རྗེས་སུ་འབྲང་བ་ཕྱི་རབས་པའི་ལུགས་དང༌། དེང་སང་གྲགས་པ་སེམས་ཙམ་རྣམ་མེད་ཀྱི་སྒོམ་ལ་ཕྱག་རྒྱ་ཆེན་པོར་འདོད་པའི་ལུགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་སྣང་ཕྱག་རྒྱ་ཆེན་པོར་འདོད་པ་དགག་པའོ། །དང་པོ་ནི། རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་དུས་སུ་རྒྱ་ནག་གི་དགེ་སློང་ན་རེ། ཚིག་ལ་སྙིང་པོ་མེད་ཐ་སྙད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་སེམས་རྟོགས་ན་དཀར་པོ་ཆིག་ཐུབ་ཡིན་ཟེར། དེའི་བསྟན་བཅོས་བསམ་གཏན་ཉལ་བའི་འཁོར་ལོ། བསམ་གཏན་གྱི་ལོན། ཡང་ལོན། ལྟ་བའི་རྒྱབ་ཤ མདོ་སྡེ་བརྒྱད་ཅུ་ཁུངས་ཞེས་བྱ་བ་བརྩམས་ནས། དཀར་པོ་ཆིག་ཐུབ་འདི་བོད་ཁམས་ཐམས་ཅད་དུ་འཕེལ་ལོ། །དེར་རྒྱ་གར་གྱི་ཆོས་ལུགས་དང་མ་མཐུན་ནས་དཔའ་ཡེ་ཤེས་དབང་པོ་རྒྱལ་པོས་སྤྱན་དྲངས་རྒྱ་གར་རྒྱ་ནག་གི་ཆོས་ལུགས་གང་བདེན་དྲིས་པས། ཡེ་ཤེས་དབང་པོའི་ཞལ་ནས་སློབ་དཔོན་ཞི་བ་མཚོས་ཞལ་ཆེམས་འདི་ལྟར་བཞག་སྟེ། བོད་ཁམས་འདི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་བརྟན་མ་བཅུ་གཉིས་ལ་གཏད་པས་མུ་སྟེགས་ནི་མི་འབྱུང༌། འོན་ཀྱང་ཉིན་མཚན་དང་གཡས་གཡོན་དང་ཡར་ངོ་མར་ངོ་དང་ཆོས་དག་མ་དག་གཉིས་གཉིས་འབྱུང་བ་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། ང་འདས་པའི་འོག་ཏུ་རྒྱ་ནག་གི་མཁན་པོ་ཞིག་འབྱུང་དེས་ཐབས་དང་ཤེས་རབ་ལ་སྐུར་པ་འདེབས་པ་དཀར་པོ་ཆིག་ཐུབ་ཅེས་བྱ་བ་སེམས་རྟོགས་པ་འབའ་ཞིག་གིས་འཚང་རྒྱའོ་ཞེས་ཟེར་བ་གཅིག་འབྱུང་བར་འགྱུར། དེ་བཅོམ་ལྡན་འདས་ཀྱིས་མདོ་ལས། སྙིགས་མ་ལྔའི་ནང་ན་ལྟ་བའི་སྙིགས་མ་ཞེས་བྱ་བ་སྟོང་པ་ཉིད་ལ་དགའ་བ་ཡིན་པར་གསུངས་པས་བོད་ཁོ་ནར་མ་ཟད་སྙིགས་མ་ལྔ་བདོ་བའི་གང་ཟག་ཐམས་ཅད་དེ་ལ་དགའ་བ་ཆོས་ཉིད་ཡིན། འདི་འཕེལ་ན་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གནོད་པས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་ཞེས་བྱ་བའི་མཁས་པ་ཆེན་པོ་དེ་རྒྱ་གར་ནས་སྤྱན་དྲོངས་ལ་རྒྱ་ནག་མཁན་པོ་དང་རྩོད་དུ་ཆུག་གང་རྒྱལ་བ་དེའི་ལུགས་གྱིས་ཤིག་ཅེས་ལུང་བསྟན་པས་དེ་ལྟར་མཛད་འཚལ། ཞེས་ཞུས་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས། བསམ་ཡས་སུ་རྒྱལ་པོ་དང་མཁས་པ་རྣམས་ཀྱིས་དཔང་པོ་བྱས་ནས་ཐམས་ཅད་ཀྱི་མཚོན་ཆ་རྣམས་བསྡུས། ལག་ཏུ་མེ་ཏོག་གི་ཕྲེང་བ་གཏད་ནས། གང་རྒྱལ་བ་ལ་བཏུད་དེ་ཕམ་པའི་ལུགས་བོར། དེ་ལྟར་མི་བྱེད་པ་རྣམས་ལ་རྒྱལ་པོས་ཆད་པས་གཅོད་པར་དམ་བཅས་པའི་ཚེ། ཀ་མ་ལ་ཤཱི་ལའི་གྲལ་དུ་རྒྱ་གར་གྱི་ཆོས་ལུགས་འཛིན་པ་འགའ་དང་བློན་པོ་འགོས་ལ་སོགས་པ་ཉུང་ཟད་ཅིག་ལས་མ་བྱུང༌། རྒྱ་ནག་མཁན་པོའི་གྲལ་དུ་རྒྱལ་པོའི་བཙུན་མོ་འབྲོ་ཟ་བྱང་ཆུབ་དང་གཟི་དམལ་བ་གཅོ་རྨ་རྨ་ལ་སོགས་པ་ཚོགས་པ་ཤིན་ཏུ་ཆེ་བར་འདུས་སོ། །དེའི་ཚེ་སློབ་དཔོན་ཀ་མ་ལ་ཤཱི་ལས། རྒྱ་ནག་གི་ཆོས་ལུགས་ཇི་ལྟར་ཡིན་ཞེས་ཕྱོགས་སྔ་དྲིས་པ་ན། རྒྱ་ནག་ན་རེ། ཁྱེད་ཀྱི་ཆོས་ལུགས་སྐྱབས་འགྲོ་དང་སེམས་བསྐྱེད་ནས་བཟུང་ནས་སྤྲེའུ་ཤིང་རྩེར་འཛེག་པ་ལྟར་མས་འཛེག་ཡིན། ངེད་ཀྱི་ཆོས་ལུགས་འདི་བྱ་བྱེད་ཀྱི་ཆོས་ཀྱིས་ཚང་མི་རྒྱ་བས་རྣམ་པར་མི་རྟོག་པ་བསྒོམས་ནས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ། ཁྱུང་ནམ་མཁའ་ལས་ཤིང་རྩེར་འབབ་བ་ལྟར་ཡས་འབབ་ཀྱི་ཆོས་ཡིན་པས་དཀར་པོ་ཆིག་ཐུབ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་དཔེ་དོན་གཉིས་ཀ་མི་འཐད་པ་ལས་ཐོག་མར་དཔེ་མི་འཐད་དེ། ཁྱུང་ནམ་མཁས་ལས་གློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་བམ། བྲག་ལ་སོགས་པར་སྐྱེས་ནས་རིམ་གྱིས་འདབ་གཤོག་རྫོགས་པར་བྱས་ཏེ་འབབ། དང་པོ་ནི་མི་སྲིད་ལ། གཉིས་པ་ནི་རིམ་གྱིས་པའི་དཔེར་རུང་གི་ཅིག་ཅར་བའི་དཔེར་མི་རུང་ངོ༌། །དེ་ནས་མཁན་པོས་དཔེ་ལ་ལན་མ་ཐེབས་པ་དང༌། དེར་སློབ་དཔོན་གྱིས་ཁྱོད་ཀྱི་དཔེ་ནོར་བར་མ་ཟད་དོན་ཡང་འཁྲུལ་ཏེ། རྣམ་པར་མི་རྟོག་པའི་སྒོམ་དེ་ཅི་རྣམ་རྟོག་ཕྱོགས་གཅིག་བཀག་བ་ཙམ་ཡིན་ནམ། རྣམ་རྟོག་མཐའ་དག་དགག་དགོས། ཕྱོགས་གཅིག་བཀག་པ་ཡིན་ནོ་ཞེ་ན། དེ་ལྟར་ན་གཉིད་དང་བརྒྱལ་བ་ལ་སོགས་པ་ཡང་རྣམ་པར་མི་རྟོག་པར་ཐལ། རྟོག་པ་ཕྱོགས་གཅིག་བཀག་པ་ཙམ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མཐའ་དག་བཀག་པ་ཡིན་ནོ་ཞེ་ན། དེ་ལྟར་ཁྱོད་མི་རྟོག་པ་སྒོམ་པའི་ཚེ་མི་རྟོག་པ་བསྒོམ་སྙམ་པའི་རྟོག་པ་སྔོན་དུ་གཏོང་དགོས་སམ་མི་དགོས། མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལའང་སྒོམ་སྐྱེ་བར་ཐལ་ཏེ། བསྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་བསྒོམ་སྐྱེ་བའི་ཕྱིར་རོ། །མི་རྟོག་པ་བསྒོམ་སྙམ་པའི་རྟོག་པ་སྔོན་དུ་གཏོང་དགོས་ན་དེ་ཉིད་རྟོག་པ་ཡིན་པས་མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་ཏེ། དཔེར་ན་སྨྲ་བཅད་བྱས་པ་ཡིན་ནོ་ཞེས་བརྗོད་ན་སྨྲ་བཅད་ཤོར་བའམ། ཅ་ཅོ་མ་བྱེད་ཅ་ཅོར་འགྲོ་བ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་ལུང་དང་རིགས་པས་སུན་ཕྱུང་བ་དང༌། རྒྱ་ནག་མཁན་པོ་སྤོབས་པ་མེད་པར་གྱུར་ཏེ། དེར་རྒྱལ་པོས་སྨྲས་པ། ལན་ཡོད་ན་གསུངས་ཤིག མཁན་པོས་སྨྲས་པ། མགོར་ཐོག་བརྒྱབ་པ་དང་མཚུངས་པས་ལན་མི་ཤེས་སོ། །རྒྱལ་པོས་སྨྲས་པ། དེ་ལྟར་ན་སློབ་དཔོན་ལ་མེ་ཏོག་ཕྲེང་བ་ཕུལ་ལ་བཟོད་པར་གསོལ་ཏེ། དཀར་པོ་ཆིག་ཐུབ་ཀྱི་ཆོས་ལུགས་བོར་ལ་ལུང་རིགས་དང་མི་འགལ་བ་རྒྱ་གར་གྱི་ཆོས་ལུགས་བཞིན་དུ་གྱིས་ཤིག ད་སླན་ཆད་དཀར་པོ་ཆིག་ཐུབ་འདི་སུས་བྱེད་ཀྱང་ཆད་པ་གཅོད་དོ། །ཞེས་བོད་ཁམས་ཀུན་ཏུ་ཁྲིམས་བཅས་ཏེ། རྒྱ་ནག་གི་དཔེ་རྣམས་བསྡུས་ནས་བསམ་ཡས་སུ་གཏེར་དུ་སྦས་སོ། །དེར་རྒྱ་ནག་མཁན་པོ་ཡི་མུག་སྟེ་རང་གི་གནས་སུ་སོང༌། ཆོས་གྲྭ་དེར་ལྷྭམ་ལས་པས་ལྟས་དེ་ལ་དཔགས་ན་སངས་རྒྱས་ཀྱི་བསྟན་པ་འཇིག་ཁར་ངའི་བསྟན་པ་ལྷྭམ་ཙམ་ལས་པར་འགྱུར་རོ། །ཞེས་འཁོར་རྣམས་ལ་ལུང་བསྟན་ནོ་ཞེས་གྲག་གོ །ཕྱིས་དགེ་བའི་བཤེས་གཉེན་མཁས་པ་རྣམས་ན་རེ། རྒྱ་ནག་མཁན་པོས་ཆོས་མི་ཤེས་ཀྱང་ལྟས་ཅུང་ཟད་ཤེས་པ་ཞིག་སྟེ་དེང་སང་ཆོས་ཁུངས་མ་རྣམས་བོར་ཏེ་སེམས་ངོ་འཕྲོད་པས་སངས་རྒྱ་བར་འདོད་པ་དཀར་པོ་ཆིག་ཐུབ་ཏུ་འགྲོ་བའི་རྒྱུ་མཚན་དེ་ཡིན་གསུང༌། བཀའ་ཆེམས་ཀྱི་ཡི་གེ་གཞན་ཞིག་ལས་ནི་མཁན་པོ་མ་ཡིན་པའི་ཧྭ་ཤང་གཞན་ཞིག་ཡི་ཆད་དེ་རྒྱ་ནག་ཏུ་འགྲོ་བའི་ཚེ་ལྷྭམ་ལས་པ་ལ་དཔགས་ནས་དེ་སྐད་ཟེར་ཞེས་ཡི་གེར་བྲིས་པའང་མཐོང་ངོ༌། །དེར་རྒྱ་ནག་མཁན་པོ་མགོ་ལ་མེ་སྦར་ཏེ་ནུབ་ཕྱོགས་བདེ་བ་ཅན་དུ་ཁ་བལྟས་ཏེ་འདས། གཟི་དམལ་བ་གཅོ་རྨ་རྨ་རང་གི་དབང་པོ་བརྡུངས་ནས་ལྕེབས་ཞེས་བྱ་བ་ལ་སོགས་པ་འདིར་ཡི་གེ་མངས་པས་མ་བྲིས་ཏེ། རྒྱལ་བཞེད་དཔའ་བཞེད་འབའ་བཞེད་རྣམས་སུ་བལྟ་བར་བྱའོ། །གཉིས་པ་ཕྱི་རབས་པའི་ལུགས་དགག་པ་ནི། དེང་སང་འགའ་ཞིག་ཕྱག་རྒྱ་ཆེན་པོའི་གདམས་ངག གོལ་ས་གསུམ་དང་ཤོར་ས་བཞི། །སྤངས་ཏེ་མཉུག་མ་བསྒོམ་པར་བྱ། །བྲམ་ཟེ་སྐུད་པ་འཁལ་བ་ལྟར། །སོ་མ་མ་བཅོས་ལྷུག་པར་བཞག །ཅེས་བྱ་བའི་དོན་ཕྱག་རྒྱ་ཆེན་པོ་བདེ་གསལ་མི་རྟོག་པ་ལ་གོལ་བ་སྟེ། དེ་ཡང་བདེ་བ་ལ་གོལ་ན་འདོད་ཁམས་ཀྱི་ལྷར་སྐྱེ། གསལ་བ་ལ་གོལ་ན་གཟུགས་ཁམས། མི་རྟོག་པ་ལ་གོལ་ན་གཟུགས་མེད་དུ་སྐྱེ་བ། ཤོར་ས་བཞི་ནི་ཕྱག་རྒྱ་ཆེན་པོ་གཤིས་ལ་ཤོར་བ། བསྒོམ་དུ་ཤོར་བ། ལམ་དུ་ཤོར་བ། རྒྱས་འདེབས་སུ་ཤོར་བའོ། །དེ་དག་སྤངས་ཏེ་བྲམ་ཟེ་སྐུད་པ་འཁལ་བ་ལྟར། སོ་མ་དང༌། མ་བཅོས་པ་དང༌། ལྷུག་པ་དང༌། འབོལ་ལེ། ཤིག་གེ་འཇོག་པ་ཡིན་ནོ་ཞེས་ཟེར་རོ། །འདི་རྒྱ་ནག་གི་དཀར་པོ་ཆིག་ཐུབ་ཀྱི་རྗེས་སུ་འབྲང་བ་ཡིན་གྱི་སངས་རྒྱས་ཀྱིས་གསུངས་པའི་ཕྱག་རྒྱ་ཆེན་པོ་མ་ཡིན་ཏེ། དེའང་མདོ་སྡེ་དང༌། འདུལ་བ། མངོན་པ་གསུམ་ནས་སྤྱིར་ཕྱག་རྒྱ་ཆེན་པོ་བཤད་པ་མེད། བྱེ་བྲག་ཏུ་འདི་འདྲའི་ཕྱག་རྒྱ་ཆེན་པོ་བཤད་པ་མ་མཐོང༌། རྒྱུད་སྡེ་བཞི་ནས། ལས་དང་ཆོས་དང་དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་ཞེས་བཤད་པ་ཡོད་དེ། དེ་དག་གི་ལུགས་ཀྱང་འདི་མ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཕྱག་རྒྱ་བཞི་པར། ལས་ཀྱི་ཕྱག་རྒྱ་མི་ཤེས་པ་དེ་དག་གིས་ནི་ཆོས་ཀྱི་ཕྱག་རྒྱའང་ཤེས་པར་མི་འགྱུར་ན། ཕྱག་རྒྱ་ཆེན་པོའི་མིང་ཙམ་ཡང་ཤེས་པར་ག་ལ་འགྱུར་ཞེས་གསུངས་ལ། དེ་བཞིན་དུ་རྒྱུད་སྡེ་རྣམས་དང༌། བསྟན་བཅོས་རྣམས་ལས་དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་བཀག་སྟེ། ལུང་རྣམས་ནི་གསང་སྔགས་ཡིན་པས་འདིར་མ་བྲིས་སོ། །གལ་ཏེ་མདོ་རྒྱུད་བསྟན་བཅོས་ནས་མ་བཤད་ཀྱང་ཉམས་སུ་བླངས་པ་ལ་འགལ་བ་ཅང་ཡོད་དམ་སྙམ་ན། འདི་མདོ་རྒྱུད་དང་འགལ་ཞིང་རིགས་པས་མི་འཐད་པར་མངོན་ཏེ། དེའི་རྒྱུ་མཚན་གོལ་ས་གསུམ་གྱི་ལྷར་སྐྱེ་བ་བས། མི་ཁོམ་པའི་ལྷར་སྐྱེས་པ་གོལ་ས་ཆེ་སྟེ། མི་ཁོམ་པའི་གནས་བརྒྱད་དུ་སྐྱེ་བར་མ་གྱུར་ཅིག་ཅེས་མདོ་རྒྱུད་ཀུན་ལས་སྨོན་ལམ་བཏབ་པ་དང༌། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་འཐོབ་པར་འགྱུར། །ཞེས་བློ་མ་བཅོས་པའི་ངང་ལས་འཇོག་པའི་ཚུལ་འགའ་ཞིག་རྨོངས་པའི་སྒོམ་པར་བཤད་པའི་ཕྱིར་དང༌། རྒྱ་ནག་མཁན་པོའི་དཀར་པོ་ཆིག་ཐུབ་དང་ཁྱད་པར་ཅུང་ཟད་མེད་པའི་ཕྱིར་རོ། །ཡང་འཚང་རྒྱ་བ་ལ་མི་ཁོམ་པའི་གནས་བརྒྱད་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་གོལ་ས་ཆེ་སྟེ། དམྱལ་བར་འགྲོ་བ་བྱང་ཆུབ་ཀྱི། །གཏན་གྱི་གེགས་བྱེད་མ་ཡིན་ཏེ། །ཉན་ཐོས་དང་ནི་རང་སངས་རྒྱས། །བྱང་ཆུབ་ཀྱི་ནི་གཏན་གྱི་གེགས། །ཞེས་བྱ་བ་དང༌། མཚན་བརྗོད་ཀྱི་ཕན་ཡོན་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ་ཞེ་བྱ་བ་དང༌། རྒྱལ་བའི་ཡུམ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་རྒྱུ་ཤེས་པར་བྱ། ལམ་ཤེས་པར་བྱ། འབྲས་བུ་ཤེས་པར་བྱ། ཤེས་ནས་སྤང་བར་བྱ་ཞེས་བྱ་བ་ལ་སོགས་པ་དང༌། སྡུད་པ་ལས། གལ་ཏེ་བསྐལ་བ་དུ་མར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་ཉན་ཐོས་ས་དང་རང་རྒྱལ་སེམས་བསྐྱེད་ན། །དེ་ནི་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་སྟེ། །སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། །ཞེས་བྱ་བ་དང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཤཱ་རིའི་བུས་ཆོས་བཤད་ན། དགེ་སློང་ལྔ་བརྒྱ་དགྲ་བཅོམ་པར་འགྱུར་བར་མཐོང་ནས། འཕགས་པ་འཇམ་དཔལ་གྱིས་དེའི་སྔོན་ལ་ཆོས་ཟབ་མོ་གསུངས་པས་དགེ་སློང་དེ་དག་མ་མོས་ནས་འབར་བཞིན་དུ་སེམས་ཅན་དམྱལ་བར་ལྟུང་ངོ༌། །འཇམ་དཔལ་ལ་ཤཱ་རིའི་བུས་སྨྲས་པ། ཁྱོད་ཀྱིས་ལས་མི་བཟད་པ་བྱས་སོ། །འཇམ་དཔལ་གྱིས་སྨྲས་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ་ཁོ་བོས་ལས་མི་བཟད་པ་བྱས་སོ། །དེར་བཅོམ་ལྡན་འདས་ལ་ཤཱ་རིའི་བུས་གསོལ་བ། འཇམ་དཔལ་གྱིས་ལས་མི་བཟད་པ་བགྱིས་སོ། །བཀའ་སྩལ་པ་ཅི་བྱས། གསོལ་པ་བདག་གིས་ཆོས་བཤད་ན་དགྲ་བཅོམ་པ་ལྔ་བརྒྱར་འགྱུར་བ་ཞིག་ན། འཇམ་དཔལ་གྱིས་ཆོས་བཤད་པས་དེ་དག་འབར་བཞིན་དུ་དམྱལ་བར་འགྱུར་ཏོ། །བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཀྱིས་ཆོས་བཤད་ན་དེ་དགྲ་བཅོམ་པར་འགྱུར་མོད། གཏན་འཚང་རྒྱ་བའི་སྐལ་བ་མེད་དོ། །འཇམ་དཔལ་གྱིས་ཆོས་བཤད་པས་རེ་ཞིག་དམྱལ་བར་གྱུར་ཀྱང་དེ་ནས་ཐར་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བས། འཇམ་དཔལ་ཉིད་ཐབས་མཁས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །དེ་བཞིན་དུ་ཉན་ཐོས་དང་རང་རྒྱལ་གོལ་ས་ཆེ་བས་མདོ་རྒྱུད་དང་བསྟན་བཅོས་ཐམས་ཅད་ལས་དགག་པ་མཛད་དོ། །ཤོར་ས་བཞི་བས་ཆེ་བ། རྨོངས་པའི་སྒོམ་པར་ཤོར་བ་དང༌། ཞི་གནས་སུ་ཤོར་ན་ཐབས་མཁས་པ་དང༌། ས་ལམ་དང༌། འབྲས་བུ་སྐུ་གསུམ་དང༌། ཡེ་ཤེས་ལྔ་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་ཐམས་ཅད་ཀྱི་གེགས་སུ་འགྱུར་རོ། །བརྒྱ་ལ་གནས་ལུགས་ལས་སེམས་འཇོག་པ་ལས་བཟློག་སྟེ། སངས་རྒྱས་ཀྱི་བྱིན་རླབས་ལ་སོགས་པས་བསྐུལ་ཏེ་ཐབས་མཁས་པ་ལ་འབད་དུ་ཟིན་ཡང་བཟོ་ཉེས་པ་འཆོས་པ་ལྟར་སངས་རྒྱས་འཐོབ་པ་ལ་ཡུན་རིང་དུ་འགོར་ཏེ། མདོ་སྡེ་རྒྱན་ལས། དེ་གཉིས་ཡང་ནས་ཡང་དུ་ནི། །རང་སེམས་ཀུན་ཏུ་འབྱུང་ལྡན་པས། །མྱ་ངན་འདས་ལ་མངོན་དགའི་ཕྱིར། །རྟོགས་པ་བུལ་བ་ཡིན་པར་འདོད། །ཅེས་གསུངས་པ་ལྟར་རོ། །བྲམ་ཟེ་སྐུད་པ་འཁལ་པའང་དཔེར་མི་རུང་སྟེ། སྐུད་པ་འཁལ་བ་ལ་བལ་ལྕིག་པ་དང༌། སྙོད་པ་དང༌། ལྷོད་ན་སྒྲིམ་པ་དང༌། གྲིམས་ན་ཀློད་པ་དང༌། སྦོམ་ཕྲ་དང༌། འཇུར་མདུད་ལ་སོགས་པ་མ་བཅོས་པར་སྐུད་པ་ལེགས་པོ་མི་སྲིད་དོ། །དེས་ན་མ་བཅོས་པར་བཞག་ན་བལ་གྱི་ཕུང་པོ་ཉིད་ལས་མི་འདའ་ལ། བལ་བླངས་ཏེ་སྐུད་པ་རྩོམ་པ་དེ་ཉིད་བཅོས་པ་ཡིན་མོད། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་ཡང་མ་བཅོས་པར་རང་དགར་འཇོག་ན་བླ་མའི་གདམས་ངག་ཅི་དགོས། གོལ་ས་གསུམ། ཤོར་ས་བཞི་བཅད་ནས། གཉུག་མ་བསྒོམ་པ་དེ་ཉིད་ལས་བཅོས་ཚབས་ཆེ་བ་གཞན་ཅི་ཡོད། དེས་ན་དཔེ་དོན་ཕྱིན་ཅི་ལོག་ཏུ་གྱུར་པས་རྒྱ་ནག་མཁན་པོའི་ཁྱུང་གི་དཔེ་ལྟར་བརྟག་མི་བཟོད་པས་བླུན་པོ་དགའ་བར་བྱེད་པ་ཡིན་ནོ། །གསུམ་པ་དེང་སང་གྲགས་པ་སེམས་ཙམ་རྣམ་མེད་པའི་སྒོམ་ལ་ཕྱག་རྒྱ་ཆེན་པོར་འདོད་པ་དགག་པ་ནི། སློབ་དཔོན་ཤཱན་ཏི་པས་སེམས་ཙམ་རྒྱན་དང༌། མན་ངག་ཅེས་པའི་བསྟན་བཅོས་ལས་རྩེ་གཅིག སྤྲོས་བྲལ། རོ་གཅིག སྒོམ་མེད་ཅེས་རྣལ་འབྱོར་བཞི་གསུངས་པ་ནི་སེམས་ཙམ་རྣམ་མེད་པའི་སྒོམ་ཡིན་གྱི། དབུ་མ་ཡན་ཆད་ལའང་འདི་མ་གྲགས་སོ། །གལ་ཏེ་འདི་ལ་མོས་ན་ཤཱན་ཏི་པའི་གཞུང་ཉིད་དུ་བལྟ་བར་བྱའོ། །དེང་སང་བོད་ཁ་ཅིག་རྣལ་འབྱོར་བཞི་ལམ་ལྔའམ། ས་བཅུ་ལ་སྦྱར་ནས་ཕྱག་རྒྱ་ཆེན་པོའི་སྒོམ་དུ་བྱེད་པ་མཐོང་སྟེ་འདི་མི་འཐད་དེ། དེའི་རྒྱུ་མཚན་ཕྱག་རྒྱ་ཆེན་པོ་གསང་སྔགས་ཀྱི་དབང་དང༌། རིམ་གཉིས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ཡིན་ལ། འདི་ནི་དེ་མ་ཡིན། དེ་རྒྱུད་སྡེ་རྣམས་ལས་ནི་ནང་རྟེན་འབྲེལ་གྱི་ས་ལམ་ངོ་མཚར་ཅན་གསུངས་ཀྱི་རྣལ་འབྱོར་བཞི་ལ་ས་ལམ་དུ་གང་ནས་ཀྱང་གསུངས་པ་མེད་པས་རང་བཟོ་ཡིན་ཞིང༌། ཕྱག་རྒྱ་ཆེན་པོ་པ་ཁོ་རང་ལ་ཡང་འདི་མི་འཐད་དེ། ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ། །ས་ལམ་བརྩི་བའི་རྨོངས་པ་འཁྲུལ། །ཞེས་ཕྱག་རྒྱ་ཆེན་པོ་ཆིག་ཆོད་ལ་ས་ལམ་བརྩིར་མེད་ཅེས་ཟེར་བ་དང་འགལ་བའི་ཕྱིར་རོ། །བཞི་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་སྣང་ཕྱག་རྒྱ་ཆེན་པོར་འདོད་པ་དགག་པ་ནི། འགའ་ཞིག་འབུམ་ལས། ཆོས་ཐམས་ཅད་ནམ་མཁའི་ངང་ཚུལ་ཅན་ཞེས་བྱ་བར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ལ་བརྟེན་ནས། ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གསུམ་པ་ཞེས་བྱ་བ་ཆོས་ཐམས་ཅད་སེམས་སུ་ངོ་སྤྲད། སེམས་ནམ་མཁའ་ལ་ངོ་སྤྲད། ནམ་མཁའ་སྟོང་པ་ཉིད་དུ་ངོ་སྤྲད་ཅེས་བྱ་བ་དང༌། ཡང་ཁ་ཅིག་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་བརྟེན་ནས། དྲན་པ་མེད་ཅིང་ཡིད་ལ་བྱ་བ་མི་བྱེད་པ་ཕྱག་རྒྱ་ཆེན་པོར་འདོད་པ་དང༌། ཡང་འགའ་ཞིག་གང་སེམས་དེ་ནི་སེམས་མ་མཆིས་པ་སྟེ་སེམས་ནི་རང་བཞིན་གྱིས་འོད་གསལ་བའི་སླད་དུའོ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོའི་སྒོམ་དུ་བྱེད་པ་ལ་སོགས་པ་ཕྱག་རྒྱ་ཆེན་པོའི་བྱེ་བྲག་མང་པོ་གྲགས་སྟེ། དེ་དག་ཕལ་ཆེར་སྒོམ་མ་ཤེས་ན་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་དུ་འགྱུར་ལ། སྒོམ་ཤེས་ཀྱང་གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་མ་ཡིན་གྱི་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཉིད་ཡིན་ནོ། །གལ་ཏེ་འདི་ལ་མོས་ཤིང་སྒོམ་པར་འདོད་ན། ཚུལ་གནས་ཐོས་དང་བསམ་ལྡན་པ། །སྒོམ་པ་ལ་ནི་རབ་ཏུ་སྦྱར། །ཞེས་གསུངས་པ་ལྟར། གཞི་ཚུལ་ཁྲིམས་ལ་གནས་ཤིང༌། ཐོས་བྱུང་གི་ཤེས་རབ་རྒྱ་མཚོ་ལྟ་བུའི་རྒྱུད་སྦྱངས། རིགས་པའི་སྒོ་ནས་བསམ་བྱུང་གི་ཤེས་རབ་ཀྱིས་ཐོས་པའི་དོན་འཁྲུལ་མ་འཁྲུལ་ལེགས་པར་བསམས་ནས་མ་འཁྲུལ་པའི་དོན་ཕ་རོལ་ཏུ་ཕྱིན་པའི་གཞུང་ནས་འབྱུང་བ་ལྟར་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ལ་བསྒོམ་གྱི། གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོར་བྱས་ལ་མི་བསྒོམ་མོ། །དེས་ན་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་སྙིང་རྗེ་གཞུ་ལྟ་བུ། ཤེས་རབ་མདའ་ལྟ་བུ། ཐབས་མཁས་པ་སྐྱེས་བུ་འཕོང་སྐྱེན་པ་ལྟ་བུ་གསུམ་འཚོགས་དགོས་ཏེ། སློབ་དཔོན་ཙན་དྲ་གོ་མིས། ཨེ་མ་ཧོ། བཅོམ་ལྡན་རབ་དགེས་ཐུགས་རྗེའི་གཞུ་མོས་མངའ་བ་ཁྱོད་ལྟ་བཞུགས་ལགས་ཀྱང༌། །ཞེས་བྱ་བ་དང༌། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཤིན་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་གཟུང་ཞིང་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་པ་ལས། །ཞེས་བྱ་བ་དང༌། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་བྱ་བ་དང༌། དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལས་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་གསུངས་པ་ལྟར་རོ། །ཤེས་རབ་མདའ་ལྟ་བུ་དགོས་པར་ཡང༌། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། ལྷ་ཆེན་ཁྲོས་པའི་མདའ་གཅིག་གིས། །གྲོང་ཁྱེར་སུམ་བརྩེགས་བསྲེགས་ཞེས་གདའ། །ཁྱེད་ཀྱི་ཡེ་ཤེས་མདའ་གཅིག་གིས། །ཉོན་མོངས་བག་ཆགས་དང་བཅས་བསྲེགས། །ཞེས་བྱ་བ་དང༌། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །མི་ཡི་ཁྱུ་མཆོག་འཁོར་ལོ་རིན་ཆེན་བསྐོར་བྱས་ནས། །སྡུག་བསྔལ་ཟད་པར་བྱ་ཕྱིར་འགྲོ་ལ་ཆོས་ཀྱང་སྟོན། །ཞེས་བྱ་བ་དང༌། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག །ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་བྱ་བ་དང༌། རྣམ་འགྲེལ་ལས། སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །སྒོམ་པ་ལྷག་མ་དེ་དོན་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །དེས་ན་མདའ་དང་གཞུ་འབྲེལ་དགོས་པ་ལྟར། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་དགོས་ཏེ། བསླབ་བཏུས་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བསྐྱེད་པས་བསོད་ནམས་དག་པར་འགྱུར། །ཞེས་བྱ་བ་དང༌། སློབ་དཔོན་ས་ར་ཧས་ཀྱང༌། སྙིང་རྗེ་ཉིད་སྤངས་སྟོང་པ་ཉིད་ཀྱིས་ཀྱང༌། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང༌། །འཁོར་བ་འདིར་གནས་ཐར་པ་ཡོད་དམ་ཅི། །ཞེས་བྱ་བ་དང༌། རྣམ་འགྲེལ་ལས། བརྩེ་བས་ལེགས་དང་ཡེ་ཤེས་ལས། །བདེན་པ་སྟོན་མཛད་སྒྲུབ་བྱེད་བཅས། །དེ་གསུངས་པར་ཡང་མངོན་སྦྱོར་ལྡན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ལྟར་རོ། །སྟོང་ཉིད་སྙིང་རྗེ་གཉིས་འགལ་བ་ལྟར་སྣང་ཡང༌། མི་འགལ་བར་ཉམས་སུ་ལེན་པ་ལ་ཐབས་མཁས་པ་དགོས་ཏེ། རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །དེས་ན་ཐུགས་ཀྱང་གསལ་བའི་ཕྱིར། །རྒྱུ་ཡི་བག་ཆགས་སྤངས་པ་ཡིན། །ཐུབ་ཆེན་གཞན་དོན་འཇུག་ཅན་གྱི། །བསེ་རུ་སོགས་ལས་ཁྱད་འདི་ཡིན། །དེ་དོན་ཕྱིར་ན་ཐབས་གོམས་པ། །དེ་ཉིད་སྟོན་པ་ཡིན་པར་འདོད། །ཅེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །རྣམ་སྣང་མངོན་བྱང་ལས་ཀྱང༌། ཐབས་དང་མི་ལྡན་ཡེ་ཤེས་དང༌། །བསླབ་པ་དག་ཀྱང་གསུངས་པ་ནི། །དཔའ་བོ་ཆེན་པོ་ཉན་ཐོས་རྣམས། །དེ་ལ་གཞུག་པའི་ཕྱིར་བཤད་དོ། །གང་དག་དུས་གསུམ་སངས་རྒྱས་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་ཐེག་པ་ནི། །འདུས་མ་བྱས་པ་དེས་ཐོབ་བོ། །ཞེས་གསུངས་པས། ཐབས་ཤེས་རབ་ཟུང་དུ་འབྲེལ་བར་ཉམས་སུ་བླངས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཏེ་འཚང་རྒྱ། ཚོགས་གཉིས་མ་རྫོགས་ན་སེམས་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པ་མི་འཕྲོད་དེ། སྡུད་པ་ལས། ཇི་སྲིད་ཚོགས་གཉིས་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །དེས་ན་ཀུན་རྫོབ་ཤེས་པས་ཤེས་བྱ་ཐམས་ཅད་ལ་མཁས་ཤིང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འབྱུང༌། མི་མཁས་ན་གཞན་ལྟ་སྨོས་ཅི་དགོས་རང་དོན་ཡང་མི་འགྲུབ། འཕགས་པའི་ཆོས་ལྟ་ཅི་སྨོས། མིའི་ཆོས་ཀྱང་མི་ཤེས་ཏེ། ཁྲོན་པ་འབོད་པའི་རྣམ་པར་ཐར་བ་བཞིན་ནོ། །དེའང་སྔོན་རྒྱལ་པོ་ཞིག་གིས་བྲམ་ཟེ་ཕྱུག་པོ་གཅིག་ལ་སྙད་བཏགས་ཏེ། ནོར་དབྲོག་པར་འདོད་ནས་ཁྲོན་པ་གཡར་བ་ན་བྲམ་ཟེ་སྐྲག་སྟེ་ནོར་གྱིས་བསླུ་བར་བརྩམས་སོ། །དེའི་ཚེ་བྲམ་ཟེའི་བུ་མོ་ཤེས་རབ་ཅན་གྱིས་ཡབ་བཀག་སྟེ། ཁོ་མོས་སོང་ནས་དོན་དེ་བསྒྲུབ་བོ་ཟེར་ནས། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ནོར་གྱིས་ནོར་རྣམས་འགུགས་བགྱིད་དེ། །གླང་པོ་ཆེས་ཀྱང་གླང་ཆེན་ལགས། །རྒྱལ་དབང་ཁྲོན་པའང་མངག་འཚལ་ལོ། །དེ་ནས་ཁྲོན་པ་འོང་བར་འགྱུར། །ཞེས་སྨྲས་པ་དང༌། རྒྱལ་པོ་དེ་མགུ་སྟེ་བྱ་དགའ་ཆེན་པོ་བྱིན་པར་གྲག་གོ །དེ་བཞིན་དུ་བླུན་པོས་རང་གཞན་གྱི་བྱ་བ་འབད་ཀྱང་བསྒྲུབ་མི་ནུས། མཁས་པས་རང་གཞན་གྱི་ཕྲིན་ལས་ཆེན་པོ་བསྒྲུབ་པ་ན་ནུས་པའི་མཐུ་དང་ལྡན་པ་ཡིན་ནོ། །འོ་ན་སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འཚང་རྒྱལ་བ་ལ་ཡོན་ཏན་གཞན་ཅི་ཞིག་དགོས་ཟེར་ན། དེ་སྐད་གསུངས་པ་ནི་མུ་སྟེགས་གྲངས་ཅན་པ་ལ་སོགས་པ་རྗེས་སུ་གཟུང་བའི་ཕྱིར་དགོངས་པ་ཅན་ཡིན། གྲངས་ཅན་གྱི་གཞུང་ལས། ལྷ་མིག་རྣམ་དག་བསྒྲུབ་ནས་ནི། །སེམས་ཀྱི་བདག་ཉིད་རྟོགས་པར་བྱ། །སྐྱེས་བུའི་བདག་ནི་སུས་རྟོགས་པ། །ཆ་ལུགས་གང་གིས་གནས་ཀྱང་གྲོལ། །ཞེས་བྱ་བ་རྗེས་སུ་གཟུང་བའི་ཕྱིར་དགོངས་གཞི་ཆོས་ཀྱི་སྐུའི་སངས་རྒྱས་ལ་དགོངས། དགོས་པ་ནི་གྲངས་ཅན་ལ་སོགས་པ་དེ་དག་སྙིང་གི་དཀྱིལ་ན་ཤེས་རིག་གི་སྐྱེས་བུ་ཐམས་ཅད་མཁྱེན་པ་རང་ཆས་སུ་ཡོད་པར་འདོད་པ་དག་དྲང་བའི་ཕྱིར་ཡིན། དངོས་ལ་གནོད་བྱེད་ཀྱི་ཚད་མའང༌། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་བྱ་བ་ནས། ཤེས་ཏེ་འཇིགས་རྟེན་ལ་ཡང་ནི། །ཡོད་ན་ཅི་སྟེ་མཐོང་མི་འགྱུར། །ཞེས་བྱ་བ་ལ་སོགས་པའི་རིགས་པ་དང༌། གཞན་ཡང་གྲངས་ཅན་འགོག་པའི་རིགས་པ་རྣམ་འགྲེལ་ལ་སོགས་པ་ནས་བཤད་པ་ཐམས་ཅད་ཀྱིས་གནོད་པའི་ཕྱིར་དང༌། སྐུ་གསུམ་ལ་སོགས་པའི་རྣམ་གཞག་ཐམས་ཅད་འདི་ལ་མི་འཐད་པའི་ཕྱིར་རོ། །གཞན་ཡང་དཔེར་ན་རས་ལ་མར་མེ་སྤོར་ཞེས་ཟེར་ཡང་སྣུམ་དང་ཀོང་བུ་ལ་སོགས་པ་མེད་ན་གཞོབ་ཏུ་འགྲོའི་སྒྲོན་མེ་མི་འབྱུང་བའམ་མདས་དགྲ་སོད་ཟེར་ཡང་གཞུ་དང་མི་མེད་ན་དོན་བྱེད་མི་ནུས། ས་བོན་ལས་ལོ་ཏོག་འབྱུང་ཟེར་ཡང་ཞིང་དང་ཆུ་ལུད་ལ་སོགས་པ་མེད་ན་ལོ་ཏོག་འབྱུང་མི་ནུས། ཞིང་ལ་སྙེ་མ་འཐོན་ཟེར་ཡང༌། བོང་གེ་རྫོགས་ནས་སྙེ་མ་བྱུང་ན་ལོ་ལེགས་ཡིན་གྱི། མ་རྫོགས་པར་བྱུང་ན་ཐན་སྙིའི་རིགས་ལོ་ཉེས་སུ་འགྲོ། དེ་བཞིན་དུ་སེམས་ངོ་འཕྲོད་ན་འཚང་རྒྱ་ཟེར་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཡོན་ཏན་མ་རྫོགས་ན་འཚང་རྒྱ་མི་ནུས། དེའང་གཞི་དད་པ་ཚུལ་ཁྲིམས་ལ་བརྟེན། ལམ་ཕ་རོལ་ཏུ་ཕྱིན་པའམ། གསང་སྔགས་ཀྱི་ཐབས་མཁས་པ་ལ་མ་བརྟེན་པར་ལམ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལ་འབད་ན་ཉན་ཐོས་ཀྱི་འགོག་པར་ལྟུང༌། དེ་བས་ཀྱང་དད་པ་དང༌། ཚུལ་ཁྲིམས་དམན། ལུས་ངག་གིས་སྡིག་པ་རྒྱ་ཆེན་པོ་མ་བྱས་དགེ་བ་ཅི་རིགས་པ་བསགས། འདོད་པའི་འདོད་ཆགས་དང༌། གཟུགས་ལ་ཞེན་པའི་རྣམ་རྟོག་སྤངས་ནས་ཆོས་ཐམས་ཅད་སྟོང་པ་ནམ་མཁའ་ལྟར་ངོ་འཕྲོད་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་སྐྱེ། དེ་བཞིན་དུ་ཆོས་ཐམས་ཅད་སེམས་སུ་ངོ་འཕྲོད་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པར་ངོ་འཕྲོད་ན་ཅི་ཡང་མེད་པའི་སྐྱེ་མཆེད། ཆོས་ཐམས་ཅད་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་ངོ་འཕྲོད་ན་ཡོད་མིན་མེད་མིན་གྱི་ལྷར་སྐྱེའོ། །དེ་ལྟར་ན་གང་ཟག་དང་ཆོས་ཀྱི་བདག་མེད་མ་རྟོགས་པར་སྟོང་པ་ཉིད་ཀྱི་ཚུལ་དེ་སྒོམ་ཞིང་ངོ་སྤྲད་པས་གཟུགས་མེད་ཀྱི་ཁམས་སུ་སྐྱེའི། སངས་རྒྱས་ལྟ་ཞོག་དགྲ་བཅོམ་པའང་ཐོབ་པར་མི་ནུས་སོ། །དེ་བས་ཀྱང་བསོད་ནམས་དམན་ཞིང་གཟུགས་ཀྱི་འདོད་ཆགས་བྲལ་མ་ནུས་པ་སྨྲ་བསམ་བརྗོད་མེད་བསྒོམས་ནས་ངས་ཆོས་རྟོགས་སོ་ཞེས་མངོན་པའི་ང་རྒྱལ་དང་ལྡན་ཞིང་ཆོས་ཡང་དག་པ་ལ་མི་མོས་པའི་གང་ཟག་དེ་དག་འདུ་ཤེས་མེད་པའི་སྙོམས་འཇུག ཅེས་བྱ་བ་ལྷ་ཚེ་རིང་པོར་གྲགས་པ་མི་ཁོམ་པའི་གནས་དེར་སྐྱེ་བ་ཡིན། དེ་བས་ཀྱང་ཅུང་ཟད་དམན་པ་འདོད་པའི་འདོད་ཆགས་དང་མ་བྲལ་བདག་མེད་གཉིས་མ་རྟོགས་པར་ཅི་ཡང་མི་བསམ་མི་མནོ་སྨྲ་བསམ་བརྗོད་མེད་བསྒོམ་པ་ནི། ཀླ་ཀློའམ་གླེན་ཞིང་ལྐུགས་པའི་མི་ཁོམ་པའི་གནས་དེར་སྐྱེ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་བསམ་གཏན་བཞི་དང༌། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྐྱེད་ཅིང་བསྒྲུབ་སྟེ། ཞི་བའི་སྙོམས་པར་འཇུག་པ་དེ་དག་ལ་གནས་ཤིང་སེམས་ཅན་སྨིན་པར་བྱེད་པ་ལ་སྨོད། ཆོས་བསྟན་པ་ལ་སྨོད། སེམས་ཅན་དང་འགྲེལ་བ་ལ་སྨོད། བསོད་ནམས་ཀྱི་འདུ་བྱེད་ལ་སྨོད། མི་གཡོ་བའི་འདུ་བྱེད་ཀྱི་རོ་མྱོང༌། གཅིག་པུར་དགའ་བ་ཐོབ་སྟེ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ལ་སྐྱོན་དུ་ཤེས་ཤིང༌། གཟུགས་མེད་པའི་ཁམས་ཀྱིས་རོ་མྱོང་བར་བྱེད་ལ། དེས་ལུས་དམན་པས་གཟུགས་མེད་པའི་ཁམས་སུ་སྐྱེ་བར་བྱེད་ཅིང༌། ལྷ་ཚེ་རིང་པོ་རྣམས་དང་སྐལ་བ་མཉམ་པར་སྐྱེ་སྟེ་དེར་སྐྱེས་ནས་སངས་རྒྱས་མཐོང་བ་དང་བྲལ། ཆོས་མཉན་པ་དང་བྲལ། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་བྲལ་བར་འགྱུར། སེམས་ཅན་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་གཟུང་བ་དང༌། བསོད་ནམས་ཀྱི་ཚོགས་བསག་པ་དང་བྲལ་བར་འགྱུར། དེའི་དབང་པོ་རྣམས་བླུན་ཞིང་རྟུལ་བའི་རང་བཞིན་ཅན་དུ་འགྱུར་རོ། །དེ་ནས་ཤི་འཕོས་ནས་གང་དང་གང་དུ་སྐྱེས་བ་དེ་དང་དེར་དབང་པོ་རྟུལ་བའི་རྒྱུ་ཅན་དུ་འགྱུར་ཞིང་རྨུགས་པ་དང་གཉིད་ཆེ་བར་འགྱུར་བ་འདི་ནི་བསམ་གཏན་དང་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་ལྔ་པའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པར་འགྱུར་ཏེ། བསོད་ནམས་ཀྱི་འདུ་བྱེད་རྣམས་ལ་སྨོད། ཐབས་དང་བྲལ་ཏེ་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་ལ་བརྩོན་པར་མི་བྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཆོག་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་ནི་དམན་པའོ་སྙམ་ནས་སྤྲོས་པ་མེད་པ་དང༌། མངོན་པར་འདུ་བྱེད་པ་མེད་པ་གཉིས་ཀྱི་རོ་མྱོང་བར་བྱེད་པ་འདི་ནི། ཤེས་རབ་དང་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་དྲུག་པའོ། །ཞེས་བྱ་བ་དང༌། ཡེ་ཤེས་གྲུབ་པ་ལས། རྨོངས་པའི་སྒོམ་པ་གང་ཡིན་པ། །རྨོངས་པས་རྨོངས་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་བས་ཀྱང་དམན་པ་སེམས་ངོ་འཕྲོད་ཆོས་ཐམས་ཅད་སྟོང་པར་གོ་ནས་ཡར་དགེ་བ་ལ་མི་སྨོན། མར་སྡིག་པ་ལ་མི་འཇིགས་ར་རོག་པོའི་ཁོག་པར་ལག་པ་བཅུག་པ་དང་ཕ་ཚེ་རོག་པོའི་ནང་དུ་ལག་པ་བཅུག་པ་ལ་ཁྱད་པར་མེད་ཟེར་ཞིང་གསུང་རབ་དང་སྡེ་སྣོད་ཀྱི་དོན་ལ་རྒྱབ་ཀྱིས་ཕྱོགས། དམ་པའི་ཆོས་དང༌། ཆོས་སྨྲ་བའི་གང་ཟག་ལ་ཞེ་བརྙས་བྱེད་ཅིང༌། གཏི་མུག་དང་ང་རྒྱལ་གྱི་སྒོ་ནས་མི་དགེ་བ་བཅུ་ཆུང་ངུ་བྱེད་ན་དུད་འགྲོ། འབྲིང་དུ་བྱེད་ན་ཡི་དྭགས། ཆེན་པོར་བྱེད་ན་དམྱལ་བར་ལྟུང་བར་འགྱུར་རོ། །དེའང་སློབ་དཔོན་འཕགས་པས། སྟོང་པ་ཉིད་ལ་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིགས་སྔགས་ལོག་པར་བསྒྲུབ་པ་བཞིན། །ཞེས་བྱ་བ་དང༌། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་བྱ་བ་དང༌། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ལ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་རི་རབ་ཙམ་ནི་བླའི། མངོན་པའི་ང་རྒྱལ་ཅན་འགའ་ཞིག་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །ཞེས་བྱ་བ་དང༌། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། འཇིག་རྟེན་པ་དག་སྟོང་ཉིད་སྒོམ་ན་ཡང༌། །དེ་ཡིས་དངོས་པོར་འཛིན་པ་འཇིག་མི་ནུས། །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང༌། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་བསྒོམ་བཞིན། །ཞེས་ལྷག་སྤྱོད་ཀྱིས་ལོ་བཅུ་གཉིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་པའི་མཐར་བྱི་ལར་སྐྱེས་པ་དཔེར་མཛད་ལ། ཡང་དེ་ཉིད་ལས། འགྲོ་མང་ཕུང་པོ་སྟོང་པར་སྟོན་བྱེད་ཀྱང༌། །ཇི་ལྟར་བདག་མེད་དེ་དག་མི་ཤེས་ཏེ། །མི་ཤེས་དེ་དག་གཞན་གྱིས་བརྒལ་བ་ན། །ཁྲོ་བས་ཟིལ་གྱིས་གནོན་ཅིང་ཚིག་རྩུབ་སྨྲ། །ཞེས་བདག་མེད་གཉིས་མ་རྟོགས་པར་སྟོང་པ་ཉིད་བསྒོམ་པ་འཁྲུལ་ལ། མཁས་པ་དག་གིས་དེ་དག་འཁྲུལ་ལོ་ཞེས་བརྗོད་ན། སྟོང་པ་ཉིད་བསྒོམ་པ་དེ་དག་ཁྲོ་བར་འགྱུར་བར་ལུང་བསྟན་ཏོ། །ཁ་ཅིག་དཀར་པོ་ཆིག་ཐུབ་བསྒོམ་པ་ལ་སྐྱོན་ཡོད་པ་བདེན་ཡང་ཁོ་བོ་ཅག་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད། ཡི་དམ་བླ་མ་བསྒོམ། དངོས་གཞི་ཕྱག་རྒྱ་ཆེན་པོ་ལ་བློ་གཞག རྗེས་བསྔོ་བ་བྱེད་པས་དཀར་པོ་ཆིག་ཐུབ་པས་འཕགས་སོ་སྙམ་ན། འདིའང་བརྟག་སྟེ། ཕ་རོལ་ཏུ་ཕྱིན་པའི་སྒོམ་དུ་བྱེད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་ཟབ་པ་དང་རྒྱ་ཆེ་བའི་དོན་དེ་དག་ཤེས་པར་བྱ། ཐོས་བསམ་གྱི་སྒོ་ནས་ཡུལ་དང་ཡུལ་ཅན་རང་བཞིན་མེད་པར་སྒྲོ་འདོགས་བཅད། གང་ཟག་དང་ཆོས་ཀྱི་བདག་མེད་ལེགས་པར་གོ །བསྐལ་པ་གྲངས་མེད་པ་གསུམ་ལ་སོགས་པར་མགོ་དང་རྐང་ལག་གཏོང་བའི་གོ་ཆ་གྱོན། བྱམས་པའི་ཆོས་ལྔ་ལ་སོགས་པའི་ལུགས་བཞིན་བྱེད་ཤེས་ན་ཕ་རོལ་ཏུ་ཕྱིན་པའི་སྒོམ་དུ་འགྱུར་མོད་ཀྱི། ལུགས་འདི་མདོ་བསྟན་བཅོས་གང་ནས་ཀྱང་མ་བཤད་པས་ཕ་རོལ་ཏུ་ཕྱིན་པའི་སྒོམ་ཡང་མ་ཡིན། འདི་གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་ནོ་སྙམ་ན། དེའང་མ་ཡིན་ཏེ། གསང་སྔགས་ཡིན་ན་དབང་བསྐུར་བ་དང༌། ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཕྱག་རྒྱ་ཆེན་པོ་ཡིན་ལ། སྔོན་དུ་གསང་སྔགས་གྱི་སྨིན་པར་བྱེད་པ་རྒྱུད་སྡེ་དང་མཐུན་པའི་དབང་བསྐུར་མ་ཐོབ། རྒྱུད་སྡེ་དང་མཐུན་པའི་ལམ་རིམ་པ་གཉིས་སྒོམ་མི་ཤེས། རིམ་པ་གཉིས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའི་དོན་མ་རྟོགས། དེ་བརྟན་པར་བྱེད་པ་སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་ཇི་ལྟར་བསྒྲུབ་པ་གཏན་མི་ཤེས། ནང་རྟེན་འབྲེལ་གྱི་ས་ལམ་ཡང་བགྲོད་མི་ཤེས་པས། གསང་སྔགས་ཀྱི་རྒྱུད་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་མ་ཡིན། སྒོམ་དེ་ཙམ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ཡང་དགག་མི་ནུས་ཏེ། རྡོ་ཕྲ་མོའི་རྩིག་པས་གངྒཱའི་འོང་བ་ཟློག་མི་ནུས་པ་བཞིན་ནོ། །རྡོ་ལྗིད་ཆེན་པོས་གངྒཱའི་འོང་བ་ཟློག་ནུས་པ་ལྟར། འཁོར་འདས་ཀྱི་མཐའ་འགོག་པ་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ། གསང་སྔགས་ཀྱི་ལམ་རིམ་པ་གཉིས་ཀྱི་རྩིག་པ་བཟང་པོས་ཟློག་ནུས་པ་ཡིན་ནོ། །དེས་ན་སྒོམ་དེ་ཇི་ལྟར་བཟང་ཡང་ཕར་ཕྱིན་དང་གསང་སྔགས་གཉིས་ཀ་ནས་ཀྱང་མ་བཤད་པས། དེ་གཉིས་ཀའི་སྒོམ་མ་ཡིན་ཏེ། དཔེར་ན་མུ་སྟེགས་ཀྱི་སྒོམ་ཇི་ལྟར་བཟང་ཡང་སངས་རྒྱས་པར་མི་འགྱུར་པའམ། ཉན་ཐོས་ཀྱི་སྒོམ་ཇི་ལྟར་བཟང་ཡང་ཐེག་པ་ཆེན་པོར་མི་འགྱུར་བ་བཞིན་ནོ། །ཡང་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ། ཡིད་ལ་མི་བྱེད་པ་བསྒོམ་སྙམ་པ་དེ་རྟོག་པའི་བྱེད་པ་ཡིན་པས། ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་ཡང་ཕྱག་རྒྱ་ཆེན་པོ་སྐྱེ་བའི་ཐབས་ཡིན་ནོ་སྙམ་ན། དེ་ལྟར་ན་མི་རྟོག་པ་བསྒོམ་སྙམ་པ་དེ་རྟོག་པའི་བྱེད་པ་ཡིན་པས། བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་ཟེར་བའི་དམ་བཅའ་འབུད་པ་ཡིན། གལ་ཏེ་མི་རྟོག་པ་བསྒོམ་སྙམ་པ་ཙམ་ལས་མི་རྟོག་པ་སྐྱེ་བ་མི་འཐད་དེ། དེ་ལྟར་ན་ནད་མེད་པར་བྱའོ་སྙམ་པ་ཙམ་བསམ་པས་ནད་མེད་པར་འགྱུར་རོ། །ཞེས་ཁས་བླངས་ན་ཅི་སྨྲ། གལ་ཏེ་ཁ་ཟས་དང་སྨན་ལ་སོགས་པ་བསྟེན་ན། ནད་མེད་པའི་རྒྱུ་ཡིན་གྱིས། ནད་མེད་པར་བྱ་སྙམ་པའི་བསམ་པ་རྐྱང་པ་ནད་མེད་པའི་རྒྱུ་མ་ཡིན་ནོ་སྙམ་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་རྒྱུ་ཡིན་གྱི། མི་རྟོག་པ་བསྒོམ་སྙམ་པ་རྐྱང་པ་མི་རྟོག་པའི་ཏིང་ངེ་འཛིན་གྱི་རྒྱུ་མ་ཡིན་པར་མཚུངས་སོ། །དེས་ན་རྒྱུ་མེད་པ་དང་རྒྱུ་མ་ཚང་བ་ལས་འབྲས་བུ་མི་འབྱུང་བས། ནད་མེད་པ་དང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཡང་རང་རང་གི་རྒྱུ་མེད་པ་དང་རྒྱུ་མ་ཚང་བ་ལས་མི་འབྱུང་བར་འགྲུབ་པ་ཡིན་ནོ། །སྡུད་པ་ལས། ཇི་སྲིད་ཚོགས་གཉིས་ཡོངས་སུ་མ་རྫོགས་པ། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། །ཞེས་གསུངས་པ་དང༌། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རོ། །དེ་དག་གི་དོན་ཅུང་ཟད་གཏན་ལ་དབབ་ན། སྤྱིར་སེམས་ཀྱི་ངོ་སྤྲོད་པའི་ཚེ། སེམས་རྐྱང་པ་ངོ་སྤྲོད་དམ། ཕྱིར་རོལ་གྱི་དོན་ཡང་ངོ་སྤྲད་དགོས། སེམས་རྐྱང་པ་ངོ་སྤྲད་པ་མུ་སྟེགས་པའི་ལུགས་ཡིན། དེས་གཟུང་འཛིན་སྤོང་མི་ནུས་པའི་ཕྱིར་ལམ་འཁྲུལ་པ་ཡིན། ཕྱིར་རོལ་གྱི་ཡུལ་ངོ་སྤྲོད་དགོས་ན་ཡུལ་འདི་དག་མུ་སྟེགས་ཀྱི་ལྟར་དབང་ཕྱུག་ལ་སོགས་པའམ། ཉན་ཐོས་ལྟར་རྡུལ་ཕྲན་ནམ། སེམས་ཙམ་པ་ལྟར་སེམས་སམ། དབུ་མ་པ་ལྟར་རྟེན་འབྲེལ་ལས་བྱུང་བ་ཡིན་བརྟག འདི་དག་ཀྱང་ཡོད་པ་དང་མེད་པར་འདོད་ན། རྟག་ཆད་ལས་མ་འདས་པས་དེ་སུན་འབྱིན་པ་ལ་ལུང་རིགས་ཤེས་དགོས། སྣང་བ་དང་སེམས་རྟེན་འབྲེལ་དུ་འདོད་པ་ལའང་སངས་རྒྱས་པའི་ལུང་དང་རིགས་པ་ཤེས་དགོས། དེ་མ་ཤེས་ན་གང་ཟག་དང་ཆོས་ཀྱི་བདག་མེད་ལེགས་པར་མི་རྟོགས། གང་ཟག་གི་བདག་མེད་མ་རྟོགས་ན་མུ་སྟེགས་ཀྱི་སྒོམ་དང་ཁྱད་པར་མེད། ཆོས་ཀྱི་བདག་མེད་མ་རྟོགས་ན་ཉན་ཐོས་ཀྱི་སྒོམ་དང་ཁྱད་པར་མེད། བདག་མེད་གཉིས་རྟོགས་པ་ལ་ཐོག་མར་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་གཅོད་དགོས། ཐོས་བསམ་ལ་མ་ལྟོས་པར་བདག་མེད་རྟོགས་མི་སྲིད། བདག་མེད་མ་རྟོགས་ན་བདག་མེད་སྒོམ་མི་ཤེས། སྒོམ་མ་ཤེས་ན་བསྒོམས་འབྱུང་གི་ཤེས་རབ་མི་སྐྱེ། བསྒོམས་བྱུང་གི་ཤེས་རབ་མ་སྐྱེས་ན་འཕགས་པའི་མཐོང་ལམ་སྐྱེ་མི་སྲིད་དེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། འགྲོ་མང་ཕུང་པོ་སྟོང་པར་སྟོན་བྱེད་ཀྱང༌། །ཇི་ལྟར་བདག་མེད་དེ་དག་མི་ཤེས་ཏེ། །མི་ཤེས་དེ་དག་གཞན་གྱིས་བརྒལ་བ་ན། །ཁྲོ་བའི་ཟིལ་གྱིས་གནོན་ཅིང་ཚིག་རྩུབ་སྨྲ། །ཞེས་བྱ་བ་དང༌། འཇིག་རྟེན་པ་དག་སྟོང་ཉིད་སྒོམ་ན་ཡང༌། །དེ་ཡིས་དངོས་པོར་འཛིན་པ་འཇིག་མི་ནུས། །ཞེས་བྱ་བ་ལ་སོགས་པ་གསུངས་པས། བདག་མེད་གཉིས་མ་རྟོགས་ན་དངོས་པོར་འཛིན་པ་འཇིག་མི་ནུས་པས། སྟོང་ཉིད་སྒོམ་པ་འཁོར་བ་དང་ངན་སོང་གི་རྒྱུ་ཡིན་ནོ། །དེས་ན་ཐོས་བསམ་མ་ནོར་བས་སྒྲོ་འདོགས་བཅད་པའི་བསྒོམས་བྱུང་གི་ཤེས་རབ་ཀྱིས་མཐོང་ལམ་སྐྱེ་སྟེ། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་བསྒོམས་བྱུང་ཡིན། །རྟོག་པའི་དྲ་བ་སྤངས་པའི་ཕྱིར། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་གསུངས་སོ། །གལ་ཏེ་ཕྱི་ནང་ཐམས་ཅད་ཅིག་ཅར་རང་བཞིན་མེད་པར་ངོ་སྤྲད་དོ་སྙམ་ན། མཉམ་གཞག་ལ་སྟོང་ཉིད་སྐྱེས་ནས་སྒོམ་དུ་ཆུག་ན་ཡང༌། སྒོམ་གྱི་སྦྱོར་བ་དང་རྗེས་ཐོབ་ལ་སེམས་ལ་རྣམ་རྟོག་སྣ་ཚོགས་དང༌། ཡུལ་གཟུགས་སྒྲ་ལ་སོགས་པ་སྣ་ཚོགས་མཐོང་བའི་ཚེ། སྣ་ཚོགས་བྱུང་བ་དེ་རྒྱུ་ལས་བྱུང་ངམ། རྒྱུ་མེད་པ་ལས་བྱུང༌། རྒྱུ་ལས་བྱུང་ན། རྒྱུ་དེ་རང་ངམ་གཞན་ནམ་གཉིས་ཀ་ལས་སྐྱེ། རང་ལས་སྐྱེ་ན་གྲངས་ཅན་གྱི་ལུགས། གཞན་ལས་སྐྱེ་ན་མུ་སྟེགས་དབང་ཕྱུག་པའམ། ཉན་ཐོས་ལ་སོགས་པ་དངོས་པོར་སྨྲ་བ་རྣམས་ཀྱི་ལུགས། གཉིས་ཀ་ལས་སྐྱེ་བ་དེ་གཉིས་ཀྱི་བྱེ་བྲག་ལས་མ་འདས། རྒྱུ་མེད་ལས་སྐྱེ་བ་དེ་མུ་སྟེགས་ཆད་ལྟ་བའི་ལུགས་ཡིན་པས། ལུང་དང་རིགས་པ་མེད་པར་མི་ཁེགས། ལུང་དང་རིགས་པ་ཐོས་བསམ་གྱི་ཤེས་རབ་མེད་པར་རྟོགས་པ་མི་སྲིད། དེས་ན་བསྒོམས་བྱུང་སྐྱེ་བ་ལ་ཐོག་མར་ཐོས་བསམ་གྱི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། བསམས་བྱུང་གི་ཤེས་རབ་ཀྱིས་གོམས་པར་བྱས། བསྒོམས་བྱུང་གི་ཤེས་རབ་ཀྱིས་འཁྲུལ་པ་མེད་པའི་གསལ་སྣང་དེ་ཡིན་ནོ། །དེས་ན་བསྒོམས་བྱུང་གི་ཤེས་རབ་སྐྱེས་ན་རྒྱ་གར་གྱི་གྲུབ་ཐོབ་ལྟར་འཆད་པ་དང༌། རྩོམ་པ་དང༌། རྩོད་པ་ལ་འཁྲུལ་བ་མི་འབྱུང༌། དེང་སང་གི་དུས་ན་བསྒོམས་བྱུང་གི་ཤེས་རབ་ཡོད་ཟེར་བའི་གང་ཟག་འགའ་རེ་མཐོང་མོད། འཆད་པའི་ཚེ་ཡང་ལུང་རིགས་པ་དང་འགལ་བ་ཁོ་ན་འཆད། རྩོམ་པའི་ཚིག་ཀྱང་བརྡ་སྤྲོད་པ་དང་མི་མཐུན་པའི་ལྔ་ཆ་མང༌། དོན་ཡང་ལུང་རིགས་དང་འགལ་བའི་རྟོག་དཔྱོད་མང་བར་སྣང༌། རྩོད་པ་ལའང་ཕྱོགས་སྔ་ཕྱི་མི་ཕྱེད། ཚར་གཅད་པ་དང་ཚར་གཅད་པའི་གནས་མ་ཡིན་པ་མི་ཤེས་པའི་གཞད་གད་ཀྱི་གནས་འགའ་ཞིག་རྩོད་པར་སྣང༌། དེ་ལྟར་ནོར་པ་ལ་བསྒོམས་བྱུང་གི་ཤེས་རབ་མི་ཟེར། ལོག་རྟོག་འཆལ་བའི་ཤེས་རབ་ཏུ་མདོ་ལས་གསུངས་པ་ཡིན། དེས་ན་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་ལ་ཐེ་ཚོམ་མེད་པའི་དོན་བསྒོམ་དགོས། གནས་ལུགས་ཀྱི་དོན་བསྒོམ་པ་ལ་ལུགས་མང་བར་སྣང༌། ཉན་ཐོས་བདེན་པ་བཞི་སྒོམ། སེམས་ཙམ་རྣམ་མེད་ཀྱི་སྒོམ། སློབ་དཔོན་ཤཱན་ཏི་པས། རྩེ་གཅིག རོ་གཅིག སྤྲོས་བྲལ། བསྒོམ་མེད་དེ་རྣལ་འབྱོར་བཞི་ལ་བྱེད་པའང་སྣང༌། དབུ་མ་པ་རང་རྒྱུད་པས་ཟུང་འཇུག་རབ་ཏུ་མི་གནས་པ་ལ་བྱེད། ཐལ་འགྱུར་བས་སྟོང་ཉིད་རབ་ཏུ་མི་གནས་པ་ལ་བྱེད། གསང་སྔགས་རྙིང་པ་བས་ཐེག་པ་རིམ་པ་དགུའི་མཐར་ཐུག་ཤིན་ཏུ་རྣལ་འབྱོར་ལ་བྱེད། གསང་སྔགས་གསར་པ་བས་དབང་བཞི་དང་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་ལ་བྱེད། དེ་ལ་རྒྱུད་ཐ་དད་ཀྱི་དགོངས་པ་དོན་གཅིག་ཀྱང་དམིགས་པའི་རིམ་པ་མི་འདྲ་བ་ཡོད། སློབ་དཔོན་མཚོ་སྐྱེས་མ་ལོག་པའི་དེ་ཁོ་ན་ཉིད་ཅེས་གསུང༌། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཅེས་གསུང༌། སློབ་དཔོན་ཀླུ་སྒྲུབ་རིམ་པ་ལྔའི་མཐར་ཐུག་ཟུང་འཇུག་ཅེས་ཀྱང་གསུང༌། རིམ་པ་གཉིས་ལ་ཕྱག་རྒྱ་བཞིར་བྱེད་ན་ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་ཞེས་ཀྱང་གསུང༌། དེ་ལ་སོགས་པའི་རིམ་པ་མང་པོ་ཡོད་ཀྱང༌། སངས་རྒྱས་དང་གྲུབ་ཐོབ་དགོངས་པ་གཅིག འདི་ཐམས་ཅད་དབང་བཞི་དང་ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ཡིན། འདིའི་གནད་ཟབ་མོ་གསང་སྔགས་ཀྱི་སྐབས་སུ་འབྱུང་བས་འདིར་མི་བཤད་དོ། །མདོར་ན་ཕྱག་རྒྱ་ཆེན་པོ་ཡིན་ན་གསང་སྔགས་ཉམས་སུ་བླངས་པ་ལས་འབྱུང་དགོས། དཔེར་ན་ལྷོ་བུར་པ་ལ་སོགས་པ་ལ་དུ་བར་མིང་བཏགས་ཀྱང་མེ་ལས་མི་སྐྱེ་བའི་ཕྱིར་དུ་བ་མཚན་ཉིད་པ་མ་ཡིན་པའམ། བྱའི་སྐད་མིས་འདོན་ཟེར་ཡང་བྱ་སྐད་བྱ་ཉིད་ཀྱི་ཁ་ནས་འབྱུང་གི མིའི་ཁོང་ནས་འབྱུང་མི་སྲིད་དོ། །དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་སྒོམ་ཟེར་ཡང༌། རིམ་པ་གཉིས་ཀྱི་ཡེ་ཤེས་ལས་མ་སྐྱེས་པའི་ཕྱིར། ཚེ་འདི་ལ་འཚང་རྒྱ་བའི་ཕྱག་རྒྱ་ཆེན་པོ་དངོས་མ་ཡིན་ནོ། །འདིར་རྒྱུད་སྡེའི་རིམ་པ་དེ་ཙམ་ཞིག་མ་བཤད་ན། མུ་སྟེགས། ཉན་ཐོས། སེམས་ཙམ། དབུ་མ་པ། གསང་སྔགས་ཀྱི་སྒོམ་གྱི་ཁྱད་པར་རྣམས་མི་ཤེས་པས་མུན་སྤྲུལ་དུ་ཉམས་སུ་བླངས་ནས་གསང་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་མུ་སྟེགས་ཀྱི་སྒོམ་དང་འདྲ་བ་བག་རེ་མཐོང་བས་བཤད་པ་ཡིན་ནོ། །རྒྱས་པར་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་མ་འཁྲུལ་པའི་ཤེས་རབ་བསྒྲུབ་པ་ལ་གསུམ་སྟེ། སྦྱོར་བ་ལྟ་བས་སྤྲོས་པ་བཅད་པ། དངོས་གཞི་བསྒོམས་པས་དོན་ཉམས་སུ་བླངས་པ། རྗེས་སྤྱོད་པས་མཐར་ཕྱིན་པར་བྱ་བའོ། །དང་པོ་ནི། སྔར་བཤད་པ་ལྟར་གཞི་ཚུལ་ཁྲིམས་ལ་གནས་ཤིང་ཐོས་པས་རྒྱུད་སྦྱངས་བའི་སྒོ་ནས་ལྟ་བས་སྤྲོས་པ་བཅད་དེ། དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལུང་དང༌། དབུ་མའི་བསྟན་བཅོས་ལ་སོགས་པའི་རིགས་པ་སློབ་དཔོན་དོན་ཕྱིན་ཅི་མ་ལོག་པ་ཤེས་པའི་མཁས་པ་ལས་མཉན་ཏེ། ཆོས་ནོར་བ་དང་མ་ནོར་བའི་གནད་ངོ་ཤེས་པར་བྱ། དེ་ཙམ་མ་ནུས་ན་བསླབ་བཏུས་སམ་སྤྱོད་འཇུག་ལ་སོགས་པ་རང་གི་བློ་དང་སྦྱར་བ་ཅིག་བསླབས་ཏེ་ལྟ་བས་སྤྲོས་པ་བཅད། དེ་ཙམ་ཞིག་མ་ཤེས་ན་ལོང་བས་ལོང་བ་ཁྲིད་པ་ལྟར་སངས་རྒྱས་ཀྱི་ཆོས་མ་ཡིན་པ་ལ་ཡིན་སྙམ་ནས་ཉམས་སུ་བླངས་པས་མུ་སྟེགས་བྱེད་ལ་སོགས་པ་ཕྱིན་ཅི་ལོག་གི་ཆོས་སུ་འགྲོ་བ་སྲིད་དོ། །དེ་ལ་དགོངས་ནས་སྔར་བཤད་པ་ལྟར། ཐོས་པས་དོན་མ་ཡིན་པ་སྤོང༌། །ཞེས་བྱ་བ་ལ་སོགས་པ་ཐོས་པའི་ཕན་ཡོན་དང་ཐོས་པ་མ་བྱས་པའི་ཉེས་པ་རྒྱས་པར་གསུངས་ཤིང༌། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས་ཀྱང༌། སྔོན་བསྐལ་པ་གྲངས་མེད་པ་འདས་པའི་ཕ་རོལ་ན་དེ་བཞིན་གཤེགས་པ་རི་རབ་ལྟར་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བ་མྱ་ངན་ལས་འདས་པའི་རྗེས་ལ། དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཞེས་བྱ་བ་ཆོས་ཡོངས་སུ་འཛིན་པར་བསྐོས་ནས་མྱ་ངན་ལས་འདས་པར་གྱུར་ཏོ། །དེའི་ཚེ་དགེ་སློང་སྤྱོད་པའི་བློ་གྲོས་ཞེས་བྱ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་དག་པ་དང་ལྡན་ཞིང༌། འཇིག་རྟེན་པའི་མངོན་ཤེས་ལྔ་ཐོབ་པ། འདུལ་བའི་སྡེ་སྣོད་ལ་ཤིན་ཏུ་བྱང་བ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་པ། བསམ་གཏན་དང་དགོན་པ་ལྷུར་ལེན་པ་ཅིག་བྱུང་བར་འགྱུར་ཏེ། དེས་གཙུག་ལག་ཁང་ཞིག་བརྩིགས་ནས་དེ་ན་གནས་ཤིང་འཁོར་རྣམས་ཀྱང་དེའི་རྗེས་སུ་སློབ་པར་གྱུར་ཏོ། །དེ་ནས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་འཁོར་དང་བཅས་ཏེ། དགེ་སློང་སྤྱོད་པའི་བློ་གྲོས་གང་ན་གནས་པའི་གཙུག་ལག་ཁང་དེར་ཕྱིན་ནས་དེར་གནས་ཏེ། དེ་ནས་ཡང་དང་ཡང་དུ་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་གྲོང་དུ་འགྲོ་ཞིང་དེར་སེམས་ཅན་བརྒྱ་སྟོང་དུ་མ་དད་པར་བྱེད་པ་སྟེ། བྱང་ཆུབ་ལ་སྨིན་པར་བྱས་པ་དང༌། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་དེ་ལ་མ་དད་པའི་སེམས་བསྐྱེད་ནས་གཎྜཱི་བརྡུངས་ཏེ། དགེ་སློང་གི་དགེ་འདུན་བསྡུས་ནས་དམ་ཚིག་བྱས་པ། བདག་ཅག་གི་ནང་ནས་གང་ཡང་རུང་བས་ཀྱང་གྲོང་དུ་འགྲོ་བར་མི་བྱའོ། །ཁྱེད་ནི་ཤེས་བཞིན་མེད་པར་སྤྱོད་པ་ཡིན། ཉུང་དུ་སྨྲ་བ་མ་ཡིན་གྱིས། ཁྱོད་གྲོང་དུ་འགྲོ་བས་ཅི་ཞིག་བྱ་སྟེ་དགོན་པར་གནས་པ་ནི་བཅོམ་ལྡན་འདས་ཀྱིས་གནང་ཞིང་བསྔགས་པ་ཡིན་གྱིས། ཁྱོད་གྲོང་དུ་མ་འགྲོ་བར་བསམ་གཏན་གྱི་བདེ་བ་ལ་གནས་པར་སྤྱོད་ཅིག་ཅེས་བསྒོའོ། །དེ་དག་གིས་ཟེར་བ་མ་མཉན་ཏེ། ཡང་གྲོང་དུ་འགྲོ་བར་གྱུར་ཏོ། །དེ་ནས་དགེ་སློང་དེ་དག་གྲོང་ནས་ཕྱིར་འོངས་པ་དང༌། དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཡང་གཎྜི་བརྡུངས་ནས་དགེ་སློང་གི་དགེ་འདུན་བསྡུས་ནས། འདི་སྐད་དུ་གལ་ཏེ་དེང་ཕྱིན་ཆད་ཁྱེད་གྲོང་དུ་འདོང་ན་གཙུག་ལག་ཁང་འདིར་མ་གནས་ཤིག་ཅེས་བསྒོའོ། །དེ་ནས་དགེ་སློང་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པས་དགེ་སློང་དེའི་སེམས་བསྲུང་བའི་ཕྱིར་རང་གི་འཁོར་རྣམས་བོས་ཏེ། འདི་སྐད་དུ་ཁྱེད་སུའང་གྲོང་དུ་མ་འགྲོ་ཞིག་ཅེས་སྨྲས་སོ། །དེ་ནས་དེའི་ཚེ་དགེ་སློང་དེ་རྣམས་ཀྱིས་སེམས་ཅན་གང་ཇི་སྙེད་སྨིན་པར་བྱ་བ་དེ་དག་དགེ་སློང་དེ་དག་དང་མ་ཕྲད་པས་ཤིན་ཏུ་མི་དགའ་བར་འགྱུར། དགེ་བའི་རྩ་བ་ཡང་ཡོངས་སུ་འགྲིབ་པར་གྱུར་ཏེ། དེ་ནས་ཟླ་བ་གསུམ་འདས་པ་དང༌། གཙུག་ལག་ཁང་དེ་ནས་གཞན་དུ་འཕོས་ནས་གྲོང་དང་གྲོང་ཁྱེར་ལ་སོགས་པ་དང༌། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་འགྲོ་ཞིང་སེམས་ཅན་དག་ལ་ཆོས་སྟོན་པར་གྱུར་ཏོ། །དགེ་སློང་སྤྱོད་པའི་བློ་གྲོས་ཀྱིས་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ཡང་དང་ཡང་གྲོང་དུ་འགྲོ་བ་ཡང་མཐོང༌། འཁོར་རྣམས་ཀྱང་སྤྱོད་ལམ་ཐ་མལ་པ་ཅན་དུ་མཐོང་ནས་མ་དད་པའི་སེམས་བསྐྱེད་དེ། དགེ་སློང་འདི་ནི་ཚུལ་ཁྲིམས་འཆལ་བ་ཅན་འདུ་འཛིར་གནས་པའོ་ཞེས་འགྲོ་བ་མང་པོ་ལ་དེ་སྐད་བརྗོད་ཅིང་ཆོས་ཉན་པ་ལས་བཟློག་གོ །དེ་ནས་དགེ་སློང་སྤྱོད་པའི་བློ་གྲོས་འཆི་བའི་དུས་བྱས་ནས་ལས་ཀྱི་རྣམ་པར་སྨིན་པ་དེས་མནར་མེད་པའི་སེམས་ཅན་དམྱལ་བར་བསྐལ་པ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་དགུར་སྡུག་བསྔལ་གྱི་ཚོར་བ་མྱོང༌། ཚེ་རབས་དྲུག་ཅུར་མི་སྙན་པ་བརྗོད་པ་ཐོས་སོ། །ཚེ་རབས་སྟོང་ཕྲག་སུམ་ཅུ་རྩ་གཉིས་སུ་རབ་ཏུ་བྱུང་བ་ལས་ཕྱིར་བབས་སོ། །ཚེ་རབས་བརྒྱ་སྟོང་ཕྲག་མང་པོར་དབང་པོ་རྟུལ་པོར་གྱུར་ཏོ། །རིགས་ཀྱི་བུ་དེའི་དུས་ན་དགེ་སློང་སྤྱོད་པའི་བློ་གྲོས་ནི་ང་ཉིད་ཡིན་ནོ། །དེའི་ཚེ་ཆོས་སྨྲ་བ་སྤྱོད་པ་རྣམ་པར་དག་པ་ནི་ཆོས་བཤད་ཅིང་སངས་རྒྱས་ཀྱི་བསྟན་པ་བཟུང་བའི་དགེ་བའི་རྩ་བ་དེས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སངས་རྒྱས་མི་འཁྲུགས་པར་སངས་རྒྱས་སོ་ཞེས་གསུངས་སོ། །དཔལ་ཕྲེང་སེང་གེ་སྒྲའི་མདོ་ལས་ཀྱང༌། སྨོན་ལམ་ཐམས་ཅད་སྨོན་ལམ་གཅིག་ཏུ་འདུ་བར་གསུངས་ཏེ། གཅིག་པོ་གང་ཞེ་ན། དམ་པའི་ཆོས་འཛིན་པར་གྱུར་ཅིག་ཅེས་བྱ་བའོ་ཞེས་གསུངས་པ་དང༌། མདོ་གཞན་ལས་ཀྱང་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་དཀོན་མཆོག་གསུམ་ལ་ཕུལ་བ་བས། སངས་རྒྱས་ཀྱི་ཆོས་ཚིག་བཞི་པ་གཅིག་སེམས་ཅན་ལ་བཤད་ན་བསོད་ནམས་ཆེ་བར་གསུངས་སོ། །དེའི་རྒྱུ་མཚན་ཡང་ལོངས་སྤྱོད་འབུལ་བ་ནི་འཁོར་བའི་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ལ། ཆོས་བཤད་པ་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་ནས་ཐོས་བསམ་ལ་བརྩོན་པར་བྱའོ། །དེ་ལྟར་ཐོས་པ་རྒྱས་པར་མ་གྲུབ་ན། བདེན་པ་གཉིས་མི་ཤེས་ལ། དེ་མ་ཤེས་ན་གསུང་རབ་ཟབ་མོའི་དོན་མི་ཤེས་ཤིང་སེམས་རྣམ་པར་མི་གྲོལ་ལོ། །བདེན་པ་གཉིས་ཤེས་ཤིང་གོམས་ན་གསུང་རབ་ཀྱི་དོན་ཤེས་ཤིང་གྲོལ་བའི་ཕྱིར་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་དགོས་ཏེ། སློབ་དཔོན་འཕགས་པས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པ་དོན་གྱི་བདེན་པ་འོ། །གང་དག་བདེན་པ་རྣམ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྟོགས་མི་འགྱུར། །ཞེས་གསུངས་པས་དེ་དག་གཏན་ལ་དབབ་ན་གསུམ་སྟེ། བདེན་པ་གཉིས་ཀྱི་མཚན་ཉིད། མཚོན་བྱའི་རབ་ཏུ་དབྱེ་བ། མཚན་གཞི་ལ་མཚན་ཉིད་ངེས་པར་བསྒྲུབ་པའོ། །དང་པོ་ནི། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པ་འདོད། །ཅེས་བྱ་བ་ལ་བརྟེན་ནས། ཁ་ཅིག་བདེན་པ་གཉིས་ཀྱི་མཚན་ཉིད་བློའི་ཡུལ་དུ་བྱར་རུང་ཀུན་རྫོབ། བློའི་ཡུལ་ལས་འདས་པ་དོན་དམ་པའོ། །ཞེས་གསུངས་མོད། འདི་མཚན་གཞི་ཡིན་གྱི་མཚན་ཉིད་མ་ཡིན་ནོ། །དེས་ན་རང་གི་ལུགས་ནི། མ་དཔྱད་པའི་བློ་ངོར་གྲུབ་པ་ཀུན་རྫོབ། །དཔྱད་པའི་བློ་ངོར་མ་གྲུབ་པ་དོན་དམ་པ། རང་གི་བློ་ངོར་གནོད་པ་མེད་པ་བདེན་པའོ། །གཉིས་པ་མཚོན་བྱའི་རབ་ཏུ་དབྱེ་བ་ལ་བཞི་སྟེ། དབྱེ་བའི་གཞི། དབྱེ་བའི་དོན། གྲངས་ངེས་པ། སྒྲའི་དོན་ཏོ། །དང་པོ་ཁ་ཅིག་བདེན་པ་གཉིས་ལ་དབྱེ་གཞི་མེད་དེ། དེ་གཉིས་ལ་ཐུན་མོང་བའི་སྤྱི་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་མི་འཐད་དེ། དོན་ལ་ཐུན་མོང་བའི་སྤྱི་མེད་ཀྱང་གཞན་སེལ་གྱི་ངོར་ཐ་སྙད་དུ་བློ་ཙམ་ཞིག་མི་འགལ་ཏེ། སློབ་དཔོན་ཟླ་བ་གྲགས་པས། རིགས་པ་དྲུག་ཅུ་པའི་འགྲེལ་བར། བདེན་པ་གཉིས་སུ་འཇོག་པ་དེ་ནི་འཇིག་རྟེན་པའི་བློ་ལ་ལྟོས་ནས་འཇོག་གོ་ཞེས་གསུངས་པས་སོ། །གཉིས་པ་དབྱེ་བའི་དོན་ལ། བློ་གང་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་པར་དབྱེ་བ། གང་ཟག་གང་ལ་ལྟོས་ཏེ་བདེན་པ་གཉིས་སུ་འཇོག་པ། བདེན་པ་གཉིས་པོ་དེ་གཅིག་དང་ཐ་དད་བསམ་པ་གསུམ་ལས། དང་པོ་བློ་གང་ལ་ལྟོས་ནས་ཀུན་རྫོབ་དང་དོན་དམ་དུ་དབྱེ་བ་ནི། བདེན་གཉིས་ལས། ཇི་ལྟར་སྣང་བ་འདི་ཁོ་ན། །ཀུན་རྫོབ་གཞན་ནི་ཅིག་ཤོས་ཡིན། །ཞེས་གསུངས་པ་ལྟར་སྣང་བ་ཐམས་ཅད་ཀུན་རྫོབ། དེ་ཡང་དག་པར་མ་གྲུབ་པ་དོན་དམ་པའོ། །ཀུན་རྫོབ་ལ་ཡང་དག་དང༌། ལོག་པའི་ཀུན་རྫོབ་གཉིས་སོ། །དང་པོ་ནི། ལས་མཐུན་པ་ལ་སྣང་བ་ཐ་དད་དུ་དོན་བྱེད་ནུས་ཤིང་བརྟགས་ན་མ་གྲུབ་པ་སྟེ་མ་འཁྲུལ་བའི་ཤེས་པ་ལ་སྣང་བ་ཐམས་ཅད་དོ། །ལོག་པའི་ཀུན་རྫོབ་ནི། འཁྲུལ་ཤེས་ལ་སྣང་བ་ཐ་སྙད་དུའང་དོན་བྱེད་མི་ནུས་པ་ཟླ་གཉིས་དང་སྐྲ་ཤད་དང་སྒྱུ་མ་ལ་སོགས་པ་མཐའ་དག་གོ །འདི་ལ་ཁ་ཅིག་མཐོ་རིས་ཀྱི་རྒྱུ་ཡང་དག་ཀུན་རྫོབ། ངན་སོང་གི་རྒྱུ་ལོག་པའི་ཀུན་རྫོབ་ཅེས་ཟེར་བ་ནི་དབུ་མ་པའི་གཞུང་ལ་སོགས་པ་བསྟན་བཅོས་སམ། མདོ་གང་ནས་ཀྱང་བཤད་པ་མེད་པས་གྱི་ན་སྟེ། བདེན་གཉིས་ལས། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་གསུངས་པ་ལྟར་རོ། །དོན་དམ་པའང་རྟོག་གེ་ལ་གྲགས་པའི་དོན་བྱེད་ནུས་པ་མ་ཡིན་ཏེ། འདིར་ནི་དབུ་མ་ལས་གྲགས་པའི་དོན་དམ་སྤྲོས་པ་དང་བྲལ་བ་ཞེས་བྱ་བ་ཉིད་འདོད་པར་བྱའོ། །གཉིས་པ་གང་ཟག་གང་གི་བློ་ལ་ལྟོས་ནས་འཇོག་ཅེ་ན། འདི་ལ་ཉན་ཐོས་པ་དག་སོ་སོའི་སྐྱེ་བོའི་བློ་ཀུན་རྫོབ། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཀུན་རྫོབ། མྱ་ངན་ལས་འདས་པ་དོན་དམ་པ་འབའ་ཞིག་གོ་ཞེས་ཟེར་བ་ནི་མི་འཐད་དེ། ཁོང་གི་ལུགས་ཀྱིས་མྱ་ངན་ལས་འདས་པ་རྫས་སུ་གྲུབ་པར་འདོད་པས་དེ་མི་སྲིད་པའི་ཕྱིར་རོ། །སེམས་ཙམ་པ་དག་ཀུན་བརྟགས་ཀུན་རྫོབ། གཞན་དབང་ལ་མ་དག་པའི་གཞན་དབང་ཀུན་རྫོབ། དག་པའི་གཞན་དབང་དོན་དམ་པ་དང༌། ཡོངས་གྲུབ་དོན་དམ་འབའ་ཞིག་གོ །ཞེས་གསུང་ཡང༌། གཉིས་མེད་ཀྱི་ཤེས་པ་མཐར་དངོས་པོ་ལ་ཐུག་པའི་ཕྱིར་དོན་དམ་པར་མི་རུང་ངོ༌། །དབུ་མ་རང་རྒྱུད་པ་དག་བདེན་པ་གཉིས་ལ་རྣམ་གྲངས་པ་དང་རྣམ་གྲངས་མ་ཡིན་པ་གཉིས་གཉིས་ཏེ་བཞི་ཡོད་པ་ལས་སོ་སོའི་སྐྱེ་བོའི་བློ་མ་དཔྱད་པའི་ངོར་སྣང་བ་རྣམ་གྲངས་མ་ཡིན་པའི་ཀུན་རྫོབ། དཔྱད་པའི་ངོར་བདེན་པ་རྣམ་གྲངས་པའི་དོན་དམ་པ། འཕགས་པ་གསུམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་གྲངས་མ་ཡིན་པའི་དོན་དམ་པ། དག་པ་འཇིག་རྟེན་པའི་ཡེ་ཤེས་རྣམ་གྲངས་ཀྱི་ཀུན་རྫོབ་ཅེས་བྱ་བ་གསུངས་པ་ནི་སངས་རྒྱས་ལ་ཡེ་ཤེས་ཡོད་པའི་ཕྱོགས་ལ་འདི་སྐྱོན་མེད་མོད་ཀྱི། སངས་རྒྱས་ཀྱི་ཡེ་ཤེས་ཡོད་མེད་གཉིས་ཀ་ལས་འདས་ཤིང་རྣམ་པར་མི་རྟོག་པ་དང༌། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་དབྱེ་བ་ཡང་ཚུ་རོལ་མཐོང་བའི་བསམ་ངོར་ཡིན་གྱི་སངས་རྒྱས་ཀྱི་ས་ན་གཉིས་མེད་དེ། དབུ་མ་ལས། འཁོར་དང་མྱ་ངན་འདས་པ་ཞེས། །དེ་ཉིད་མ་མཐོང་བ་རྣམས་འདོད། །དེ་ཉིད་གཟིགས་རྣམས་འཁོར་བ་དང༌། །མྱང་ངན་འདས་པ་གཉིས་མི་བཞེད། །ཅེས་གསུངས་པས་སོ། །ཐལ་འགྱུར་བ་དག་སོ་སོའི་སྐྱེ་བོའི་བློ་ཀུན་རྫོབ། འཕགས་པ་གསུམ་གྱི་མཉམ་གཞག་དོན་དམ། རྗེས་ཀུན་རྫོབ། མྱང་ངན་ལས་འདས་པ་དོན་དམ་འབའ་ཞིག་གོ་ཞེས་གསུངས་པ་ཡང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ཡིན་ཞིང་ཡེ་ཤེས་མེད་ན་ཚུལ་དེ་རུང་མོད། སངས་རྒྱས་མྱ་ངན་ལས་འདས་པ་རྐྱང་པར་མི་འདོད་པས་ཡེ་ཤེས་མེད་པར་མི་འཐད་པའི་ཕྱིར་ཅུང་ཟད་མི་འཐད་དོ། །འོ་ན་འདིར་འཐད་པའི་ཕྱོགས་གང་ཡིན་ཞེ་ན། གང་ཟག་གང་ལ་ལྟོས་ཀྱང་བླ་སྟེ་སྣང་བའི་ཆ་ཀུན་རྫོབ། སྟོང་པའི་ཆ་དོན་དམ། དབྱེར་མི་ཕྱེད་པའི་ཆ་ཟུང་འཇུག་སྟེ། རིམ་ལྔ་ལས། སྣང་བ་དང་ནི་སྟོང་པ་གཉིས། །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་འགྱུར་བ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པས་སོ། །ཚུལ་གསུམ་པོ་འདི་ཡང་དངོས་པོ་ཇི་ལྟར་ཡིན་པ་རྟོགས་པ་ཤེས་བྱའི་གནས་སོ། །དེ་ཐབས་ཤེས་རབ་ཟུང་དུ་འཇུག་པའི་སྒོ་ནས་ཉམས་སུ་ལེན་པ་བསྒོམ་པར་བྱ་བའི་ལམ། དེ་རྟོགས་ནས་གནས་སྐབས་སུ་ས་དང་ལམ་འགྲོད་དེ་མཐར་ཐུག་སྐུ་གསུམ་ཐོབ་པ་འབྲས་བུའོ། །ཚུལ་འདི་ལུང་དང་རིགས་པ་དང་མི་འགལ་ངེས་པའི་དོན་གྱི་སྡེ་སྣོད་ཐམས་ཅད་ཀྱི་དགོངས་པ་ཡིན་ནོ། །གསུམ་པ་གཅིག་དང་ཐ་དད་བསམ་པ་ནི། བདེན་པ་གཉིས་པོ་འདི་ཟླ་བ་དང་བསིལ་ཟེར་བྱེད་པ་ལྟར་གཅིག་ཉིད་ལ་མིང་གི་རྣམ་གྲངས་པའམ། བུམ་པ་དང་སྣམ་བུ་ལྟར་དངོས་པོ་ཐ་དད་དམ། བྱས་པ་དང་མི་རྟག་པ་ལྟར་ངོ་བོ་གཅིག་ལྡོག་པ་ཐ་དད་དམ། དངོས་པོ་དང་དངོས་མེད་ལྟར་གཅིག་པ་བཀག་པ་ཡིན་ཞེ་ན། ངོ་བོ་གཅིག་མ་ཡིན་ཏེ་ཀུན་རྫོབ་དམིགས་པ་ཡིན་པ་ལྟར་དོན་དམ་པ་ཡང་དེ་ལྟར་ཐལ་བ་ལ་སོགས་པའི་སྐྱོན་བཞིའོ། །ངོ་བོ་ཐ་དད་ཡིན་ན་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ་བ་ལ་སོགས་པའི་སྐྱོན་བཞི་མདོ་དགོངས་པ་འགྲེལ་པ་ལས་གསུངས་པ་ལྟར་རོ། །ངོ་བོ་གཅིག་ཡིན་ན་དོན་དམ་པ་ལ་ངོ་བོ་གྲུབ་པར་ཐལ་བ་དང༌། གཅིག་པ་བཀག་པ་ཡིན་ན་དོན་དམ་དངོས་མེད་དུ་ཐལ་བའི་སྐྱོན་ཡོད་དོ་ཞེས་གསུངས་པ་ནི། ངོ་བོ་གྲུབ་པར་འདོད་པ་དང་དོན་དམ་དངོས་མེད་དུ་འདོད་ན་སྐྱོན་དེ་ཡོད་མོད་ཀྱི། འབུམ་ལས་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་གསུངས་པ་དང༌། ཤཱ་རིའི་བུ་སེམས་མེད་པ་ལ་ཡོད་པའམ། མེད་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་དང༌། སྡུད་པ་ལས། ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་གསུངས་པ་དང༌། རྣམ་འགྲེལ་ལས། དངོས་མེད་ངོ་བོ་ཡོད་མིན་པས། །ངོ་བོ་མེད་པ་དཔྱད་བྱ་ཉིད། །མ་ཡིན་སྒྲ་ནི་དེ་དག་ཉིད། །རྣམ་གཅད་རྗོད་པར་བྱེད་པར་གྲུབ། །ཅེས་གསུངས་པས། འདི་གཞན་སེལ་གྱི་སྒོ་ནས་ལེགས་པར་འཆད་ཤེས་ན་སྐྱོན་མེད་མོད། མ་ཤེས་ན་སྔར་གྱི་སྐྱོན་དེ་དག་སྤང་བར་མི་ནུས་སོ། །དེས་ན་རང་གི་ལུགས་ལ་དོན་དམ་པ་དང༌། ཐ་སྙད་པའི་རྣམ་གཞག་གཉིས་ལས། དང་པོ་ནི། གཅིག་དང་ཐ་དད་ཀྱི་སྤྲོས་པ་དང་བྲལ་བ་ཡིན་ཏེ། མདོ་དགོངས་པ་འགྲེལ་པ་ལས། ཀུན་རྫོབ་ཁམས་དང་དོན་དམ་དེ་བཞིན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོགས་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཐ་སྙད་པའི་རྣམ་གཞག་ནི། གཞན་སེལ་གྱི་ངོར་ངོ་བོ་དབྱེར་མེད་ལྡོག་པ་ཐ་དད་ཅེས་བྱ་བའམ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞེས་བྱ་བ་གསུངས་པ་དེ་ཁོ་ན་ཁས་བླང་ངོ༌། །གསུམ་པ་གྲངས་ངེས་པ་ནི། བདེན་པ་བཞི་དང་བཅུ་དྲུག་ལ་སོགས་པ་གསུངས་བཞིན་དུ་གཉིས་སུ་གྲངས་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྤྱིར་གྲངས་ངེས་པ་ལ་དགོས་པ་ལ་ལྟོས་པ་དང༌། ལོག་རྟོག་ལ་ལྟོས་པའི་གྲངས་ངེས་པ་ལ་སོགས་པ་མང་དུ་ཡོད་མོད་ཀྱི། འདིར་དངོས་འགལ་གྱི་མཐའ་རྣམ་པར་དཔྱོད་པ་ལ་གཉིས་སུ་ངེས་ཏེ། འདི་ལྟར་བློ་འཁྲུལ་མ་འཁྲུལ་གཉིས་དངོས་འགལ་ཡིན་ལ། དེའི་བར་ན་གཉིས་ཀ་ཡིན་པ་སྒྲུབ་ཕྱོགས་དང༌། གཉིས་ཀ་མ་ཡིན་པ་དགག་ཕྱོགས་ཀྱི་ཕུང་པོ་གསུམ་པ་མི་སྲིད་པས་བདེན་པ་གཉིས་སུ་གྲངས་ངེས་སོ། །བཞི་པ་སྒྲའི་དོན་ནི། ཀུན་རྫོབ་ལ་སཾ་བྲྀ་ཏྟི་ས་ཏྱ། ས་སཾ་མྱཀ་ཡང་དག་པ། །བྲྀ་ཨཱ་ཝ་ར་ཎ་སྒྲིབ་པའམ་འགེབས་པ་སྟེ། ཡང་དག་སྒྲིབ་པའམ་ཀུན་འགེབས་ཞེས་བྱ་བ་ཡིན་ཡང༌། ལོ་ཙཱ་བ་སྔ་མས་དོན་འགྱུར་ཀུན་རྫོབ་ཏུ་བསྒྱུར། དོན་དམ་པ་ལ་པ་རམ་ཨརྠ་སྟེ། པ་རམ་ནི་མཆོག་གམ་དམ་པ། ཨརྠ་ནི་དོན་ཏེ་དམ་པ་རྣམས་ཀྱིས་བརྟགས་ན་སྐྱོན་མེད་པའི་དོན་ཡིན་པས་ན་དོན་དམ་པ་ཞེས་བསྒྱུར། དེས་བདེན་པ་གཉིས་ཀྱི་མཚན་ཉིད་དང་སྒྲ་དོན་མཐུན་པ་ཡིན་ནོ། །སྤྱི་དོན་གསུམ་པ་མཚན་གཞི་ལ་མཚན་ཉིད་ངེས་པར་བསྒྲུབ་པ་ནི། མཚན་གཞི་བློའི་ཡུལ་དུ་བྱར་རུང་ལ་ཀུན་རྫོབ་ཀྱི་མཚན་ཉིད་མ་གཅད་པའི་བློ་ངོར་གྲུབ་པ་ཉིད་རང་རིག་མངོན་གསུམ་གྱིས་གྲུབ་ཀྱང༌། མཚན་གཞི་བློའི་ཡུལ་དུ་བྱར་མི་རུང་པ་ལ་དོན་དམ་གྱི་མཚན་ཉིད་གཅད་ན། བློ་ངོར་མ་གྲུབ་པ་ཇི་ལྟར་འགྲུབ་སྟེ། མཚན་གཞི་བློ་ངོར་མ་གྲུབ་ན་དེ་ལ་གཅོད་པ་ཉིད་འགྲུབ་མི་སྲིད་ལ། མཚན་གཞིར་གྲུབ་ན་བློའི་ཡུལ་ལས་འདས་པ་འགལ་ལོ་ཞེ་ན། མི་འགལ་ཏེ་གཞན་སེལ་གྱི་ངོར་བློའི་ཡུལ་གཅད་པས་བློའི་ཡུལ་མ་ཡིན་པ་འགྲུབ་ལ། ཡུལ་མ་ཡིན་པ་གཅད་པས་ཡུལ་འགྲུབ་སྟེ། དཔེར་ན་ཤེས་བྱ་གཅད་པས་ཤེས་བྱ་མ་ཡིན་པ་དང༌། ཤེས་བྱ་མ་ཡིན་པ་གཅད་པས་ཤེས་བྱར་འགྲུབ་པ་བཞིན་ཏེ། རྣམ་འགྲེལ་ལས། དེས་ན་ཤེས་བྱ་ལ་སོགས་ཚིག །ཐ་སྙད་དུ་ནི་འཇོག་རྣམས་ལ། །རྣམ་པར་གཅོད་པ་འགའ་ཞིག་ཡོད། །ཅེས་གསུངས་པ་ལྟར་རོ། །དེས་ན་གཅད་ན་བློ་ངོར་མ་གྲུབ་པས་དོན་དམ་པ་ཤེས་བྱ་མ་ཡིན་ལ། དེའི་ཕྱིར་བློའི་ཡུལ་ལས་འདས་པས་བློས་རྟོགས་པའི་སྐྱོན་ཐམས་ཅད་ཀྱིས་མི་གནོད་དེ་འབེན་མེད་ན་མདའ་མི་འཕོག་པ་བཞིན་ནོ། །དེའང་སློབ་དཔོན་འཕགས་པས། གལ་ཏེ་དངོས་གང་དམ་བཅའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ། །འོ་ན་ཆོས་མངོན་པ་ལས། ཁས་མི་ལེན་པའི་ལྟ་བ་དང་ངན་གཡོའི་ལྟ་བ་ཞེས་གསུངས་པ་དང་མཚུངས་པར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། དཔེར་ན་རྐུན་མ་ཞིག་རྐུས་པར་ཁས་མི་ལེན་ན་ཁས་མི་ལེན་པ་ངན་གཡོ་ཅན་ཞེས་བརྗོད་པར་འཐད་ཀྱི། མ་རྐུས་པ་ཞིག་ཁས་མི་ལེན་ན་དྲང་པོར་སྨྲ་བ་ཡིན་གྱི་ཁས་མི་ལེན་པའམ་ངན་གཡོ་ཅན་ཞེས་བརྗོད་པར་ག་ལ་རིགས། དེ་བཞིན་དུ་མུ་སྟེགས་པ་ལྟར་དམ་བཅའ་ཡོད་བཞིན་དུ་སྒྱུ་ཐབས་ཀྱིས་ཁས་མི་ལེན་པ་ལ་ཁས་མི་ལེན་པ་དང༌། ངན་གཡོ་ཅན་ཞེས་བརྗོད་པར་རིགས་ཀྱི། ཁོ་བོ་ཅག་དོན་དམ་པར་སྤྲོས་པ་དང་བྲལ་བའི་ཕྱིར་དམ་བཅའ་ཁས་མི་ལེན་པ་ལ་ངན་གཡོ་ཅན་ཞེས་སྐུར་བ་ཅི་སྟེ་འདེབས། དྲང་པོར་སྨྲ་བ་ཞེས་བསྟོད་པར་རིགས་སོ། །གཉིས་པ་ལྟ་བས་སྤྲོས་པ་བཅད་ནས་བསྒོམས་པས་དོན་ཉམས་སུ་བླངས་པ་ལ་གསུམ་ལས། །དང་པོ་སྦྱོར་བའི་ཆོ་ག་ནི། གནས་དབེན་པར་སྟན་བདེ་བ་ལ་བསྡད། ལུས་སྐྱིལ་ཀྲུང༌། ལག་པ་མཉམ་གཞག རྒལ་ཚིགས་དྲང་པོར་བསྲང༌། མིག་སྣ་རྩེར་དབབ། ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་སྔོན་དུ་སོང་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཉིད་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་ལ་མཉམ་པར་གཞག རྗེས་དགེ་བའི་རྩ་བ་སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་སུ་བསྔོའོ། །དེ་མ་རྟོགས་ཀྱི་སེམས་ཅན་ལ་དམིགས་པ་མེད་པའི་སྙིང་རྗེ་ཐུན་གཅིག་བསྒོམས་ལ་སྣང་བ་ཐམས་ཅད་རྨི་ལམ་ལྟ་བུའི་ངང་ལ་ཆོས་ཉན་པ་དང་བཤད་པ་ལ་སོགས་པའི་བྱ་བ་ཐམས་ཅད་བསྒྲུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཏིང་ངེ་འཛིན་གྱི་གནད་ནི་བླ་མ་མཁས་པའི་ཞལ་ལས་ཤེས་པར་བྱའོ། །འདིའི་དོན་ཡུམ་གྱི་གླེང་གཞིའི་ལེའུ་ལས། དེ་ནས་བཅོམ་ལྡན་འདས་ཉིད་གདན་སེང་གེའི་ཁྲི་བཤམས་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས། སྐུ་དྲང་པོར་བསྲང༌། དགོངས་པ་མངོན་དུ་བཞག ཏིང་ངེ་འཛིན་གང་དུ་ཏིང་ངེ་འཛིན་ཐམས་ཅད་འདུ་བ་དང༌། ཁོང་དུ་ཆུད་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་ལ་མཉམ་པར་གཞག་གོ་ཞེས་བྱ་བའི་དོན་ཡིན་ནོ། །གསུམ་པ་རྗེས་སྤྱོད་པས་མཐར་ཕྱིན་པར་བྱ་བ་ལ་གཉིས་ཏེ། སོ་སོའི་སྐྱེ་བོ་དང༌། འཕགས་པའི་སྤྱོད་པའོ། །དང་པོའང་ལམ་ལྔའི་རིམ་པ་ལྟར་འཇུག་ན། ཚོགས་ལམ་ལ་ཆུང༌། འབྲིང༌། ཆེན་པོ་གསུམ། སྦྱོར་བའི་ལམ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་བཞིའི་སྤྱོད་པ་ཐ་དད་གསུངས་ཀྱང༌། གོ་བདེ་བའི་དབང་དུ་བྱས་ནས་སོ་སོའི་སྐྱེ་བོ་ལ་གནས་སྐབས་གསུམ་སྟེ། སྤྱོད་པ་དག་པ། ཤེས་རབ་སྦྱང་བ། ཏིང་ངེ་འཛིན་བསྒྲུབ་པའོ། །དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བར་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ། ཐ་མ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའོ། །དེ་དག་གི་རིམ་པའང་གཞི་ཚུལ་ཁྲིམས་དག་ན་ཤེས་རབ་མཐར་ཕྱིན་ལ། ཤེས་རབ་དང་ལྡན་པས་ཏིང་ངེ་འཛིན་གོལ་ས་མེད་པའི་ཕྱིར་རོ། །དེ་ལ་ཏིང་ངེ་འཛིན་རྒྱལ་པོ་ལས། ཏིང་འཛིན་རྒྱལ་པོ་སྟོང་པ་འདི་བསྒོམ་པ། །ཚུལ་ཁྲིམས་དག་པའི་མགོ་ལ་བདེ་འདུག་སྟེ། །ཆོས་རྣམས་རང་བཞིན་རྟག་ཏུ་མཉམ་གཞག་པ། །བྱིས་པ་མི་རིགས་བརྩོན་པས་མི་ཤེས་སོ། །ཞེས་གསུངས་པ་ལྟར་རོ། །མི་རིགས་པ་ལ་བརྩོན་པ་གང་ཡིན་ཞེ་ན། ཚུལ་ཁྲིམས་མི་སྲུང་བར་ཐོས་པ་བྱེད། ཐོས་པ་དང་མི་ལྡན་པར་སྒོམ་པ་ལ་བརྩོན་པ་བྱིས་པ་བླུན་པོ་འགྲམ་མེད་པར་པུ་ཤུ་རྩོམ་པ་ལྟར་མི་རིགས་པ་ལ་བརྩོན་པའི་གང་ཟག་དེས་ཏིང་ངེ་འཛིན་གྱི་རྒྱལ་པོ་འདི་མི་ཤེས་སོ་ཞེས་བྱ་བར་དགོངས་སོ། །དེ་བཞིན་དུ་ཚུལ་ཁྲིམས་གསུམ་གྱི་གོ་རིམ་ཡང༌། སྡོམ་པའི་ཚུལ་ཁྲིམས་ཀྱིས་སྣོད་བྱི་དོར་བྱེད་པ་ལྟར་སྒོ་གསུམ་གཙང༌། དགེ་བ་ཆོས་སྡུད་ཀྱིས་བཅུད་ལྷུགས་པ་ལྟར་རང་རང་གི་རྒྱུད་ཡོན་ཏན་གྱིས་གང༌། སེམས་ཅན་དོན་བྱེད་ཀྱིས་བཅུད་ལེན་གྱིས་ནད་པ་གསོ་བ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ། །དེ་ལྟ་བུའི་སྤྱོད་པ་འདི་དག་ཀྱང་བྱེད་པ་པོ་དང་བྱ་བའི་ཡུལ་དང༌། བྱ་བའི་ཆོས་གསུམ་པོ་འཁོར་གསུམ་ཡོངས་སུ་དག་པ་སྔར་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་བྱ་བ་ཐམས་ཅད་སྤྱད་པར་བྱའོ། །མདོ་ལས་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཡན་ལག་བདུན་པས་མཐར་ཕྱིན་པར་གསུངས་པས་བཟང་པོར་སྤྱོད་པའམ། བྱམས་པའི་སྨོན་ལམ་ལ་སོགས་པ་མདོ་ནས་འབྱུང་བའམ། རིན་པོ་ཆེ་ཕྲེང་བའམ། སྤྱོད་འཇུག་ལ་སོགས་པའི་བསྟན་བཅོས་ནས་གསུངས་པའི་ཡན་ལག་བདུན་པའམ། ཡང་ན་དེའི་སྟེང་དུ་སྐྱབས་འགྲོ་དང་སྨོན་འཇུག་གི་སེམས་བསྐྱེད་གཉིས་བསྣན་པའི་ཆོས་སྤྱོད་བཅུ། ཉིན་ལན་གསུམ་མཚན་ལན་གསུམ་དུ་འདོན་པར་བྱ་སྟེ། འདི་ཐབས་མཁས་པའི་ཁྱད་པར་དུ་གསུངས་སོ། །གཉིས་པ་འཕགས་པའི་སྤྱོད་པ་ནི་འོག་གི་ས་ལམ་གྱི་རྣམ་པར་གཞག་པ་བཞིན་ཡིན་ནོ། །གསུམ་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པ་ལ་གཉིས་ཏེ། ཡོན་ཏན་བཞི་བསྒྲུབ་པ་དང༌། ཆགས་པ་བདུན་སྤང་བའོ། །དང་པོ་ནི། ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། །ཞེས་བྱ་བ་ལ་སོགས་པ་གསུངས་པས། མི་མཐུན་ཕྱོགས་འཆལ་བའི་ཤེས་རབ་མེད་པ། རྣམ་པར་མི་རྟོག་པ་སྟེ་བདག་མེད་རྟོགས་པ། འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད་པ་ནི་ཤེས་རབ་ལ་བརྟེན་ནས་གཞན་གྱི་ཐེ་ཚོམ་གཅོད་ཅིང་དགོས་པ་སྒྲུབ་པ། སེམས་ཅན་རྣམས་ཡོངས་སུ་སྨིན་པ་ནི། དེས་སེམས་ཅན་རྣམས་ཐེག་པ་གསུམ་ལ་འགོད་པའོ། །གཉིས་པ་ཆགས་པ་བདུན་སྤང་བ་ནི། བྱང་ཆུབ་སེམས་དཔའི་ཤེས་རབ་ནི། །མ་ཆགས་ཞེས་བྱ་བ་ལ་སོགས་པ་ལྟར། ཆགས་པ་བདུན་ནི། འཆལ་བའི་ཤེས་རབ། ཕྱི་བཤོལ། ཆོག་པར་འཛིན་པ། ལན་ལ་རེ་བ། རྣམ་སྨིན་ལ་རེ་བ། མི་མཐུན་ཕྱོགས་ལ་ཆགས་པ་སྟེ། དེའི་བག་ལ་ཉལ་མ་བཅོམ་པ། གཡེང་བ་ལ་ཆགས་པ་གཉིས་ནི་སྔར་བཞིན་ནོ། །དེ་ལྟ་བུ་ཆགས་པ་བདུན་བག་ལ་ཉལ་དང་བཅས་པ་སྤང་བར་བྱའོ། །གསུམ་པ་ཤེས་རབ་བསྐྱེད་པའི་ཕན་ཡོན་ལ་གཉིས་ཏེ། གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ནོ། །དང་པོ་ལ་གཉིས་ལས། ཚེ་འདིར་འབྱུང་བའི་ཕན་ཡོན་ནི། ཤེས་རབ་ལེགས་པར་སྦྱངས་པས་ཤེས་བྱ་ལ་མཁས་པའི་བློ་གྲོས། ཀུན་ལ་མི་འཇིགས་པའི་སྤོབས་པ། རྣམ་པར་དག་པའི་བརྗོད་པ་རྣམས་ཐོབ་ནས་རང་གི་ཤེས་རབ་རྣམ་པར་གྲོལ་ནས། ཡིད་བདེ་ལ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ། ལྷ་དང་བཅས་པའི་འཇིག་རྟེན་དུ་སྙན་པའི་གྲགས་པས་ཁྱབ། འཇིག་རྟེན་ཐམས་ཅད་ཀྱི་ཚད་མའི་གནས་སུ་འགྱུར་བ་ལ་སོགས་པའི་ཡོན་ཏན་མང་པོ་འཐོབ་བོ། །ཕྱི་མར་འབྱུང་བ་ནི་གང་དང་གང་དུ་སྐྱེས་པར་ཤེས་རབ་ཕུན་སུམ་ཚོགས། དབང་པོ་རྣོ། ཐོས་པ་འཛིན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འབེལ་བའི་གཏམ་བྱེད་ནུས། རང་གི་ཤེས་བྱའི་སྒྲིབ་པ་སྤོང༌། གཞན་ལ་ཆོས་ཀྱི་འཁོར་ལོ་ཕྱིན་ཅི་མ་ལོག་པ་སྐོར་བ་ལ་སོགས་པ་འབྱུང་སྟེ། སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་ཀྱི་རང་བཞིན་ཡོངས་ཤེས་ནས། །ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ། །གཉིས་པ་མཐར་ཐུག་གི་ཕན་ཡོན་ནི། མངོན་པར་རྫོགས་པར་སངས་རྒྱས་པ་ན། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན། སོ་སོ་ཡང་དག་པར་རིག་པ་བཞིའི་སྤོབས་པ་འཐོབ། མི་འཇིགས་པ་བཞི་དང་ལྡན་པས་རྒོལ་བ་ངན་པ་ཐམས་ཅད་ཚར་གཅོད་པར་འགྱུར་ཏེ། རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བས། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟར་རོ། །དབྱེ་བའི་དོན་བསྟན་ཟིན་ཏོ།།  ༈  །།གསུམ་པ་དབྱེ་བ་ངེས་པར་སྒྲུབ་པ་ལ་གཉིས་ལས། དང་པོ་གྲངས་ངེས་ལ། དངོས་འགལ་གྱི་མཐའ་རྣམ་པར་དཔྱོད་པའི་གྲངས་ངེས་དང༌། ལོག་རྟོག་དང་དགོས་པ་ལ་ལྟོས་པ་ལ་སོགས་པ་མང་པོ་ཡོད་པ་ལས། འདི་ལ་གཉིས་ཏེ། དགོས་པ་ལ་ལྟོས་ནས་གྲངས་ངེས་པ་དང༌། གང་ཟག་ལ་ལྟོས་ནས་གྲངས་ངེས་པའོ། །དང་པོ་ནི། མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང༌། །འཁོར་རྩོམ་ཕུན་སུམ་ཚོགས་པ་མངོན་མཐོ་དང༌། །རྟག་ཏུ་ཉོན་མོངས་དབང་དུ་མི་འགྲོ་དང༌། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་གསུངས་པས་རང་གཞན་གྱི་དོན་སྒྲུབ་པ་ལ་ཆོས་དྲུག་དགོས་ལ། དེ་སྒྲུབ་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དགོས་ཏེ། སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱིས་མངོན་མཐོའི་ལུས། བཟོད་པས་འཁོར། མདོ་ལ་ལ་ནས་བཟོད་པས་ལུས་ཕུན་སུམ་ཚོགས་པ་འགྲུབ་པར་བཤད་པའང་ཡོད། བརྩོན་འགྲུས་ཀྱིས་བྱ་བ་རྩོམ་པ། བསམ་གཏན་གྱིས་ཉོན་མོངས་པ་གནོན་པ། ཤེས་རབ་ཀྱིས་བྱ་བ་ཐམས་ཅད་ལ་མ་རྨོངས་པའི་ཕྱིར་རོ། །རང་གཞན་གྱི་དོན་སྒྲུབ་པ་ལ་དྲུག་པོ་དེར་མ་འདུས་པ་མེད་པས་ལྷག་པ་མི་དགོས། དྲུག་ལས་གང་རུང་གཅིག་གིས་ཉུང་ནའང༌། དེ་དང་འཚམ་པའི་དོན་མི་འགྲུབ་པས་མང་ཉུང་གི་མཐའ་ཁེགས་སོ། །གཉིས་པ་གང་ཟག་ལ་ལྟོས་ནས་གཉིས་སུ་ངེས་པ་ནི། གདུལ་བྱ་ཁྱིམ་པའི་དོན་དུ་སྦྱིན་པ་དང་བཟོད་པ་གཉིས། རབ་ཏུ་བྱུང་བའི་དོན་དུ་ཚུལ་ཁྲིམས་དང་བསམ་གཏན་གཉིས། གཉིས་ཀ་ལ་ཐུན་མོང་དུ་བརྩོན་འགྲུས་དང་ཤེས་རབ་གཉིས་ཏེ་དྲུག་གོ །དེ་དག་གི་འཐད་པ་ཁྱིམ་པ་ལོངས་སྤྱོད་ཡོད་ཅིང་དགྲ་མང་བས་སྦྱིན་པ་དང་བཟོད་པ་གཙོར་བསྒྲུབ་དགོས་ཀྱི། རབ་ཏུ་བྱུང་བ་ཡོ་བྱད་བསྐྱུངས་པ་དང་དགྲ་ཉུང་བས་དེ་གཉིས་ཀ་གཙོར་སྒྲུབ་དགོས་པ་ཤས་ཆུང་ངོ༌། །ཚུལ་ཁྲིམས་དང་བསམ་གཏན་རབ་ཏུ་བྱུང་བས་སྒྲུབ་སླ་སྟེ། གཡེང་བ་སྤངས་ཤིང་དབེན་པར་གནས་པའི་ཕྱིར་རོ། །ཁྱིམ་པས་ནི་ཐ་ན་བསྙེན་གནས་དང༌། སྲོག་སྡོམ་ཙམ་ཡང་འཆོར་བ་མང་ལ། བསམ་གཏན་ཡང་ཁྱིམ་གྱི་བྱ་བ་དང་བུ་ཚའི་རིམ་གྲོས་གཡེངས་པས་སེམས་ནང་དུ་འཇོག་དཀའ་བའི་ཕྱིར་རོ། །བརྩོན་འགྲུས་དང་ཤེས་རབ་ནི་དགེ་བ་ལ་སྤྲོ་བ་དང༌། ཆོས་ཀྱི་དོན་ཤེས་པ་གཉིས་ཀ་ལ་དགོས་པའི་ཕྱིར། གཉིས་ཀས་འབད་དགོས་སོ། །གཉིས་པ་གོ་རིམ་ངེས་པ་ནི། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་གསུངས་པས་གོ་རིམ་ལ་གསུམ་ལས། དང་པོ་སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བ་ནི། ལོངས་སྤྱོད་ལ་མི་ལྟ་ན་ཚུལ་ཁྲིམས་ལ་འཇུག བདག་སྡོམ་པ་དང་ལྡན་ན་གཞན་གྱི་གནོད་པ་བཟོད། བཟོད་པ་དང་ལྡན་ན་བརྩོན་འགྲུས་ལ་འཇུག བརྩོན་འགྲུས་བརྩམས་ན་ཏིང་ངེ་འཛིན་སྐྱེ། སེམས་མཉམ་པར་གཞག་ན་ཆོས་ཀྱི་དོན་ཇི་ལྟ་བར་ཤེས་སོ། །གཉིས་པ་མཆོག་དམན་གྱི་རིམ་པ་ནི། སྔ་མ་དམན་ལ་ཕྱི་མ་མཆོག་སྟེ། སྦྱིན་པ་དམན་ལ་ཚུལ་ཁྲིམས་མཆོག་དང༌། བསམ་གཏན་དམན་ལ་ཤེས་རབ་མཆོག་ཡིན་པའི་བར་དུའོ། །གཉིས་པ་ཕྲ་རགས་ཀྱི་རིམ་པ་ནི། སྦྱིན་པ་ནི་འཇུག་སླ་ཞིང་བྱ་སླ་བའི་ཕྱིར་རགས་ལ། ཚུལ་ཁྲིམས་དེ་བས་འཇུག་དཀའ་ཞིང་བྱ་དཀའ་བས་ཕྲ། དེ་བཞིན་དུ་བསམ་གཏན་འཇུག་སླ་བས་རགས། ཤེས་རབ་འཇུག་དཀའ་ཞིང་བྱ་དཀའ་བས་ཕྲ་བའི་བར་དུ་ཡིན་ནོ། །གསུམ་པ་སྒྲ་དོན་ནི་མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་ཟད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས་པས། སྦྱིན་པ་ལ་དཱ་ན་སྟེ། དཱ་རི་དྲ་ཕོངས་པ། ན། ན་ས་སེལ་བ་སྟེ་ཕོངས་པ་སེལ་བ། ཚུལ་ཁྲིམས་ལ་ཤཱི་ལ་སྟེ། ཤཱི་ཏ་བསིལ་བ། ལབྷྱ་ཐོབ་བ་སྟེ། མྱང་ངན་ལས་འདས་པའི་བསིལ་བ་ཐོབ་པའོ། །བཟོད་པ་ནི་ཀྵཱནྟི་སྟེ། ཀྵཱ་ཀྵོ་བྷ་འཁྲུག་པ། ཏི། ཤཱནྟི་ཞི་བ་སྟེ་སེམས་འཁྲུག་པ་ཞི་བ། བརྩོན་འགྲུས་ལ་བྷིརྻ་སྟེ། བི། བ་ར་མཆོག ཡནྟ་སྦྱོར་བ་སྟེ། དགེ་བ་མཆོག་ལ་སྦྱོར་བས་བརྩོན་འགྲུས། བསམ་གཏན་ལ་དྷྱཱན་སྟེ་དྷ་ར་འཛིན་པ། མ་ན་ཡིད་དེ། ཡིད་འཛིན་པས་བསམ་གཏན། ཤེས་རབ་ལ་པྲཛྙཱ་སྟེ་པ་ར་མ་ཨརྠ་དོན་དམ་པ། ཛྙཱན་ཤེས་པ་སྟེ། དོན་དམ་པ་ཤེས་པ་ཞེས་བྱ་བ་ཡིན་ནོ།།  ༈  །།དེ་ལྟར་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་བཤད་ནས། ལྔ་པ་སེམས་ཅན་རྣམས་ཡོངས་སྨིན་བྱེད་དང༌། །ཞེས་པའི་དོན་བསྡུ་བའི་དངོས་པོ་བཞིའི་སྤྱོད་པ་ལ་གསུམ་སྟེ། མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། གྲངས་ངེས་པའོ། །དང་པོ་ནི། སེམས་ཅན་སྨིན་པར་བྱ་བའི་དོན་དུ་ཐབས་མཁས་པས་འཁོར་ཡོངས་སུ་བསྐྱང་བའོ། །དབྱེ་ན་བཞི་སྟེ། སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པའོ། །དང་པོ་ནི། ཆོས་བཤད་པའི་ཕྱིར་ཟང་ཟིང་གིས་བསྟན་པ་སྟེ། དེ་ཡང་སྔར་བཤད་པ་ལྟར་མ་དག་པའི་སྦྱིན་པ་རྣམ་པར་སྤངས་ཏེ་དག་པའི་སྦྱིན་པས་མགུ་བར་བྱའོ། །གཉིས་པ་སྙན་པར་སྨྲ་བ་ནི། སྦྱིན་པས་མགུ་བར་བྱས་པའི་རྗེས་ལ་གཞན་སྨིན་པར་བྱ་བའི་ཕྱིར་ཆོས་འཆད་པའོ། །དེ་ཡང་མ་དག་པའི་ཆོས་དོར་ཏེ། ལུང་རིགས་དང་མི་འགལ་བ། དྲང་དོན་ངེས་དོན་མ་འཁྲུགས་པ། དགོངས་པ་དང༌། ལྡེམས་དགོངས་དང༌། དྲང་པོར་དགོངས་པ་དག་ཕན་ཚུན་མ་འཆོལ་བ། གང་ཟག་མཆོག་དམན་ལ་ཆོས་བཟང་ངན་གྱི་རིམ་པ་གསུངས་པ་རྣམས་མ་འཁྲུགས་པ། ཉན་ཐོས་དང་ཐེག་པ་ཆེན་པོའི་མཐུན་པ་རྣམས་མི་འགལ་བ། མི་མཐུན་པ་རྣམས་མ་འདྲེས་པ། ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་དོན་གཅིག་ཏུ་བཤད་པ། ཁྱད་པར་སྔགས་ལ་ཞུགས་པ་རྣམས་རྒྱུད་སྡེ་བཞི་དང་མཐུན་པར་བཤད་པ་སྟེ། མདོར་ན་བཤད་པའི་སྣོད་དང་ཆོས་ཀྱི་དབྱེ་བ་དང༌། འཆད་པའི་ཚུལ་ཤེས་པས་བཤད་དེ། དེའང་མདོ་སྡེ་རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པ་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་གསུངས་སོ། །ཟླ་བ་གྲགས་པས་ཀྱང༌། བླ་མས་སློབ་མའི་བསམ་ཤེས་ནས། །རྗེས་སུ་མཐུན་པར་སྦྱོར་བྱེད་པ། །མཁས་པས་སློབ་མ་བསྡུ་བྱ་ཡི། །བླུན་པོས་སློབ་མ་ནམ་ཡང་མིན། །ཞེས་གསུངས་ལ། བཤད་པ་ཕྱིན་ཅི་ལོག་གི་ཉེས་པ་ཡང༌། མདོ་སྡེ་རྒྱན་ལས། དོན་སྒྲ་ཇི་བཞིན་ཡོངས་རྟོགས་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ཞེས་བྱ་བ་དང༌། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འགའ་ཡང་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཀུན་མཁྱེན་གཞན་མིན་ལ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་བཤིག་ཕྱིར་དམ་ཆོས་ལ་ཡང་གནོད་པར་བྱེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ལྟར་རོ། །སྣོད་དང་འཚམ་པར་ཆོས་བཤད་པ་ཡང༌། སྤྱོད་འཇུག་ལས། དམན་ལ་ཟབ་ཅིང་རྒྱ་ཆེ་དང༌། །སྐྱེས་པ་མེད་པར་བུད་མེད་མིན། །དམན་དང་མཆོག་གི་ཆོས་རྣམས་ལ། །མཚུངས་པར་གུས་པས་ཀུན་ཏུ་སྤྱད། །རྒྱ་ཆེན་ཆོས་ཀྱི་སྣོད་གྱུར་པ། །དམན་པའི་ཆོས་ལ་སྦྱར་མི་བྱ། །མདོ་དང་སྔགས་ཀྱིས་བཀྲི་མི་བྱ། །སྤྱོད་པའང་ཡོངས་སུ་དོར་མི་བྱ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་དོན་སྤྱོད་པ་ནི། གཞན་ཆོས་ལེན་དུ་གཞུག་པའི་ཕྱིར་དེའི་དོན་སྒྲུབ་པ་སྟེ། ཕ་རོལ་ཟང་ཟིང་གིས་བསྟེན། ཆོས་བཤད་ཀྱང་བཤད་པ་བཞིན་ཉམས་སུ་ལེན་མི་སྤྲོ་ན་ཐབས་མཁས་པས་དེ་ལེན་དུ་འཇུག་སྟེ་དཔེར་ན་སེམས་བསྐྱེད་བླངས་ཀྱང་མི་ཐུབ་སྙམ་པའི་གང་ཟག་ལ་ཁྱོད་སྐྲག་མི་དགོས་འཕགས་པ་འཇམ་དཔལ་ལས་བདུད་སྡིག་ཅན་གྱིས་གཡོས་སྒྱུས་བླངས་པ་དང༌། ཕྱག་ན་རྡོ་རྗེས་བསྡིགས་ནས་སེམས་བསྐྱེད་པའང་འཚང་རྒྱ་ན། ཁྱེད་མོས་ནས་སེམས་བསྐྱེད་པ་ལྟ་ཅི་སྨོས་ཞེས་ལེན་དུ་འཇུག་པའམ། ད་ལྟ་བླངས་ཀྱང་སྐྱེ་བ་གཞན་དུ་བརྗེད་དེ་འོང་སྙམ་པ་ལ། བདག་བརྗེད་ཀྱང་སེམས་བསྐྱེད་ཀྱིས་མི་གཏོང་སྟེ། སྡིག་པ་ཆེན་པོ་བྱས་ན་རང་བརྗེད་ཀྱང་ལས་ཀྱིས་མི་གཏོང་བར་ངན་སོང་དུ་ལྷུང་ངེས་པ་དང༌། ཁ་དྲག་པོ་དང་གཉེན་སྦྲེལ་ན་ཁ་ཞན་པོ་མི་འདོད་ཀྱང་མི་གཏོང་བ་ལ་སོགས་པ་མང་དུ་གསུངས་པ་ལ། སློབ་དཔོན་ཐོགས་མེད་ཀྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་ན། སྟེང་དང་འོག་དང་ཐད་ཀ་གང་དུ་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་མི་བརྗེད་དོ་ཞེས་བྱ་བ་དང༌། སྐྱེས་རབས་ལས། ལས་ཀྱི་རྣམ་པར་སྨིན་པ་བསམ་མི་ཁྱབ། །སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ། །དེས་ན་ཆོས་ཀྱི་འདུ་ཤེས་ཉམས་པ་མེད། །ཅེས་བྱ་བ་དང༌། བཞི་བརྒྱ་པ་ལས། དེ་ཉིད་གོམས་པས་སྐྱེ་བ་འདིར། །གལ་ཏེ་གྲུབ་པར་མ་གྱུར་ཀྱང༌། །སྐྱེ་བ་གཞན་དུ་འབད་མེད་པར། །ངེས་པར་འགྱུར་པ་ལས་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་སྒྲུབ་སླ་བའི་སྒོ་ནས་སེམས་བསྐྱེད་ལེན་དུ་འཇུག་པ་དང༌། ཕ་རོལ་ཏུ་ཕྱིན་པ་དྲུག མགོ་དང་རྐང་ལག་གཏོང་ཞིང་ཞུམ་པའི་སེམས་ཀྱང་མེད། །ཅེས་བྱ་བ་ལ་སོགས་བའི་སྒོ་ནས་ཐབས་སྤྱད་དཀའ་བ་དང༌། བསྐལ་བ་གྲངས་མེད་གསུམ་ལ་སོགས་པ་ཡུན་རིང་བས་ཐེག་པ་ཆེན་པོ་ལ་འཇུག་མི་ནུས་སོ་སྙམ་པ་ལ། གསང་ཆེན་ཐབས་ལ་མཁས་བའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ནས་ཆུ་རྫེའུ་རེ་ཙམ་མམ། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལ། །འདྲེན་པས་ཐོག་མར་སྦྱོང་བ་མཛད། །དེ་ལ་གོམས་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང༌། །གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་ནས། །དེ་ཚེ་ཤ་སོགས་གཏོང་བ་ན། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་གསུངས་པ་ལྟར། ལས་དང་པོ་པས་སྦྱིན་པ་ཉུང་ངུ་བློ་དང་བསྟུན་ཏེ། སྤྲོ་ཚད་བཏང་བས་གོམས་ཏེ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན། རང་གི་ལུས་དང་ཚོད་མ་ཕོར་གང་ཁྱད་མེད་པར་གྱུར་ནས་ལུས་ཀྱི་སྦྱིན་པ་གཏོང་བ་ཡིན་གྱིས་ཁྱོད་སྐྲག་པར་མ་བྱེད་ཅིག་ཅེས་བྱ་བ་དང༌། དེ་བཞིན་དུ་ཚུལ་ཁྲིམས་ཀྱང་བསྙེན་གནས་ཙམ་མམ། རྩ་བ་བཞི་ཉིན་ཞག་གཅིག་གམ་ཟླ་བའམ། ལོ་ལ་སོགས་པ་ཇི་ལྟར་ནུས་པ་བསྲུངས་པས་གོམས་ཏེ་སྡིག་པ་ལ་བསྐུལ་ཡང་བྱེད་མི་སྲིད་པའི་ཚེ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ལེན་ནོ། །དེ་བཞིན་དུ་བཟོད་པའང་ཉིན་རེའམ་རང་རེའི་ཉེ་དུ་ཙམ་ལ་བསྒོམས་པ་ནས་བརྩམས་ཏེ་གོང་ནས་གོང་དུ་སྤེལ་བ་དང༌། བརྩོན་འགྲུས་ཀྱང་ཉིན་ཞག་ཙམ་གྱིས་དགེ་བ་ལ་སློབ་པ་ནས་བརྩམས་ཏེ། གོམས་ཏེ་འཕེལ་བ་དང༌། བསམ་གཏན་ཡང་ཐུན་རེ་ཙམ་ལ་སྦྱངས་པས་བསམ་གཏན་གྱི་སེམས་ཐོབ་པ་དང༌། ཤེས་རབ་ཀྱང་ཚིགས་སུ་བཅད་པ་རེ་རེ་ཙམ་གྱི་དོན་ལ་སྦྱངས་པས་གོམས་ནས་ཕྱིས་སྡེ་སྣོད་གསུམ་གྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་འགྱུར་གྱིས་ཁྱེད་སྐྲག་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པས་སྤྲོ་བ་བསྐྱེད་ནས་ཆོས་ལེན་དུ་འཇུག་པ་སྟེ། སྤྱོད་འཇུག་ལས། གོམས་ཏེ་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་བས་གནོད་པ་ཆུང་གོམས་པས། །གནོད་པ་ཆེན་པོའང་བཟོད་པར་བྱ། །ཞེས་གསུངས་པ་ལྟར་རོ། །བཞི་པ་དོན་མཐུན་པ་ནི། གཞན་དགེ་བ་ལ་གཞུག་པའི་དོན་དུ། རང་དགེ་བ་ལ་འཇུག་པའོ། །དཔེར་ན་སྦྱིན་པས་བསྡུས། ཆོས་བཤད། དེའི་དོན་དེ་ཉམས་སུ་ལེན་དུ་བཅུག་ཀྱང༌། ལེ་ལོ་དང་བག་མེད་པའི་སྒོ་ནས་དེ་ལ་བརྩོན་པར་མི་བྱེད་ན་དེ་གཞུག་པའི་དོན་དུ་རང་དེ་ལ་འཇུག་སྟེ། དཔེར་ན་བླ་མ་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱས་ན་བསོད་ནམས་ཆེའོ་ཞེས་བསྐུལ་བས་དེ་མི་ནུས་ཞེས་ཟེར་ན་དེ་ལྟར་ན་ང་བསྙེན་བཀུར་ཅིག་བྱེད་འདོད་ན་ཁྱོད་དེའི་གྲོགས་བྱེད་དམ་ཞེས་དྲིས་པས་འོ་ན་ང་ཡང་དེའི་གྲོགས་བྱེད་དོ་ཞེས་ཟེར་ན་འཇུག་པ་ལྟ་བུའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་སྦྱར་ཏེ་དམ་པའི་ཆོས་ཉན་མི་ནུས་ཞེས་ཟེར་ན་དེ་ལྟ་ན་ང་ཉན་འོ་ན་ང་ཡང་ཉན་ཞེས་འཇུག་པར་འགྱུར་བ་ལྟ་བུའོ། །དཔེར་ན་སྔོན་བྱང་ཆུབ་སེམས་དཔའ་སྐྲ་མཛེས་བྱ་བ་གཅིག་གྲོང་ཁྱེར་དུ་ཞུགས་པ་ན། བུད་མེད་ཞིག་བུའི་རོ་ལ་འཐམས་ཏེ་མ་ཕྲེལ་བ་མཐོང་ནས་དུར་ཁྲོད་ནས་དེ་དང་འདྲ་བའི་རོ་གཅིག་བཙལ་ཏེ་དེའི་ཕྱི་བཞིན་དུ་འབྲངས་པས་བུད་མེད་དེས་མི་གཙང་བར་མཐོང་སྟེ། གཉིས་ཀ་གྲོས་བྱས་ཏེ་བོར་རོ་ཞེས་གསུངས་པ་ལྟར་རོ། །འོ་ན་བསྡུ་བའི་དངོས་པོ་བཞི་དོན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུ་བ་མ་ཡིན་ནམ་ཞེ་ན། དོན་འདུས་མོད་ཀྱི་གཙོར་རང་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་འབྱུང་ལ། སེམས་ཅན་གཞན་སྨིན་པ་ལ་བསྡུ་བའི་དངོས་པོའི་སྤྱོད་པས་འབྱུང་བ་མི་འགལ་ལོ། །དེ་ན་མདོ་སྡེ་རྒྱན་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གསུངས་སོ། །གསུམ་པ་གྲངས་ངེས་པ་ནི། ཅིའི་ཕྱིར་བཞིར་གྲངས་ངེས་སྙམ་ན། གདུལ་བྱ་ལ་གནས་སྐབས་སུ་ཕན་པར་བྱ་བའི་དོན་དུ་ཟང་ཟིང་དང༌། མཐར་ཐུག་གི་ཕན་པའི་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཚིག་འཛིན་པ་དང༌། དེའི་དོན་ལ་འཇུག་པ་དང༌། དོན་དེ་ལ་ཡང་ནས་ཡང་དུ་བསྟུན་ཏེ་རྗེས་སུ་འཇུག་པར་བྱ་བའི་ཕྱིར་ལྷག་མ་གསུམ་སྟེ་བཞིར་གྲངས་ངེས་སོ། །དེའང༌། ཕན་པར་བྱེད་པའི་ཐབས་དང་ནི། །འཛིན་དང་འཇུག་པར་བྱེད་པ་དང༌། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་བཤད་དོ། །ཞེས་གསུངས་སོ། །ཡང་སྣོད་དུ་རུང་བར་བྱ་བ་དང༌། མོས་པར་བྱ་བ་དང༌། བསྒྲུབ་པར་བྱ་བ་དང༌། མཐར་ཕྱིན་པར་བྱ་བའི་ཕྱིར་ཡང་བཞིར་ངེས་ཏེ། མདོ་སྡེ་རྒྱན་ལས། དང་པོ་སྣོད་འགྱུར་དངོས་པོ་སྟེ། །གཉིས་པ་ཡིས་ནི་མོས་པ་ཡིན། །གསུམ་པ་ཡིས་ནི་སྒྲུབ་པ་སྟེ། །བཞི་པས་རྣམ་པར་སྦྱོང་བ་འོ། །ཞེས་གསུངས་སོ། །དེས་ན་དུས་གསུམ་གྱིས་བསྡུས་པའི་སེམས་ཅན་སྨིན་པར་བྱེད་པའི་ཐབས་ཐམས་ཅད་འདིར་འདུ་སྟེ། བསྡུས་དང་སྡུད་པར་འགྱུར་བ་དང༌། །གང་དག་ད་ལྟར་སྡུད་བྱེད་པ། །དེ་ཀུན་དེ་འདྲ་དེ་ལྟ་བས། །འདི་ནི་སེམས་ཅན་སྨིན་བྱེད་ཐབས། །ཞེས་གསུངས་སོ།།  ༈  །།དེ་དག་གིས་སེམས་ཅན་གཞན་སྨིན་པ་བྱེད་པ་བསྡུ་བའི་དངོས་པོ་བཞི་བཤད་ནས། སྐྱོན་མེད་པ་ལ་འཇུག་པ་དང༌། །ཞིང་ནི་ཡོངས་སུ་དག་པ་དང༌། །ཞེས་བྱ་བའི་དོན་གཏན་ལ་དབབ་ན། སྐྱོན་མེད་པ་དང་ཞིང་དག་པ་ནི་འཕགས་པའི་ཆོས་ལ་འཇུག་པ་ཡིན་པས་ལམ་ལྔ་དང༌། ས་བཅུའི་རྣམ་གཞག་ཤེས་པར་བྱའོ། །དེ་ལ་དང་པོ་ལམ་ལ་གཉིས་ལས། ལམ་སྤྱིའི་མཚན་ཉིད་དང༌། སོ་སོའི་རང་བཞིན་ངེས་པར་བྱ་བའོ། །དང་པོ་ནི། རྣམ་པར་གྲོལ་བའི་ལམ་འཇུག་ངོགས་སོ། །ཁ་ཅིག་ལམ་གྱི་ལྡོག་པ་ཕྱིན་པར་བྱེད་པ་ལ་འདོད་པ་མི་འཐད་དེ། ལམ་བགྲོད་པར་བྱ་བའི་འཇུག་ངོགས་ལྟ་བུ་ཡིན་པ་ལ་ཕྱིན་པར་བྱེད་པ་ནི་བྱེད་པ་པོ་གང་ཟག་ལ་འཇུག་པས་མི་སྲིད་པ་ཡིན་ནོ། །གཉིས་པ་སོ་སོའི་རང་བཞིན་ངེས་པར་བྱ་བ་ལ་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །འདི་རྣམས་ལ་ཉན་ཐོས་དང༌། ཐེག་པ་ཆེན་པོའི་ལུགས་གཉིས་ལས། ཐེག་པ་ཆེན་པོའི་ལུགས་བརྗོད་ན། ཐོག་མར་ཚོགས་ལམ་ལ་བཞི་ལས། དང་པོ་མཚན་ཉིད་ནི། རྣམ་གྲོལ་གྱི་འཇུག་ངོགས་རྣམ་པར་མི་རྟོག་པ་སྤྱིའི་ཚུལ་གྱིས་ཐོག་མར་སྒོམ་པའོ། །གཉིས་པ་དབྱེ་ན་གསུམ་སྟེ། ཆུང་ངུ་དང་འབྲིང་དང་ཆེན་པོའོ། །དང་པོ་ནི་དྲན་པ་ཉེར་གཞག་བཞི་བསྒོམ་པ་སྦྱོར་ལམ་ལ་འཇུག་པར་མི་ངེས་པའོ། །གཉིས་པ་ནི། ཡང་དག་པར་སྤོང་པ་བཞི་སྒོམ་པ་སྦྱོར་ལམ་ལ་འཇུག་པའི་དུས་ངེས་པའོ། །གསུམ་པ་ནི། རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པའི་ཚེ། དེ་ཉིད་ལ་སྦྱོར་ལམ་དྲོད་སྐྱེ་བར་ངེས་པའོ། །གསུམ་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས། དང་པོ་གང་ཟག་གང་ལ་སྐྱེ་ན། མངོན་པ་ལ་སོགས་པ་ཐེག་པ་ཐུན་མོང་བ་ནི། གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་ཁོ་ན་ལ་ཚོགས་ལམ་སྐྱེའི། འགྲོ་བ་གཞན་དང་ཟ་མ་དང་མ་ནིང་ལ་མི་སྐྱེ་བར་བཞེད་དོ། །གཉིས་པ་ས་གང་ལ་བརྟེན་ན། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ནི་འདོད་པའི་ས་ལ་བརྟེན་ཏོ། །དུས་དུས་སུ་རྣལ་འབྱོར་ལ་བརྩོན་པ་ནི་བསམ་གཏན་ས་དྲུག་གམ་འདོད་པའི་ཁམས་ཀྱི་བསམ་པ་རྩེ་གཅིག་པ་ལ་བརྟེན་ཏོ། །རྒྱུར་གྱུར་བའི་དགེ་བ་གཞན་ནི་འདོད་པའི་ས་ལ་བརྟེན་ཏོ། །གསུམ་པ་ཡུལ་གང་ལ་དམིགས་པ་ནི་སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་ལུས་ངག་གི་འཇུག་ལྡོག་ལ་དམིགས། དུས་དུས་སུ་རྣལ་འབྱོར་ལ་བརྩོན་པས་ནི་མི་སྡུག་པ་ལ་སོགས་པ་སྤྱོད་པ་རྣམ་སྦྱོང་གི་དམིགས་པའམ། དྲན་པ་ཉེར་གཞག་གི་དམིགས་པ་ལུས་ལ་སོགས་པ་ལ་དམིགས། རྒྱུར་གྱུར་བའི་དགེ་བ་གཞན་ནི་གསུང་རབ། ཚིག་དང་དོན་དུ་བྱས་པ་ལ་དམིགས་སོ། །འགའ་ཞིག་ཚོགས་ལམ་ལ་བསྒོམས་བྱུང་གི་ཤེས་རབ་མེད་ཅེས་ཟེར་བ་མི་འཐད་དེ། ཀུན་ལས་བཏུས་ལས། གང་རྒྱུར་གྱུར་པའི་དགེ་བ་གཞན་དང་ཐོས་པ་དང་བསམ་པ་དང་སྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱང་དེ་བཞིན་དུ་བསྒོམས་པས་མངོན་པར་རྟོགས་པ་དང༌། རྣམ་པར་ཐར་པར་འགྱུར་བའི་གནས་ཀྱི་སྣོད་ཉིད་དུ་འགྱུར་རོ། །ཞེས་གསུངས་སོ། །བཞི་པ་ངེས་ཚིག་ནི་ཚོགས་ལམ་ལ་སཾ་བྷར་ཞེས་ཟེར་ལ་སནྟན་རྒྱུན་དུ། བྷ་ཝ་སྒོམ་པ། ར་ར་ཏི་ནི་ཡང་ནས་ཡང་དུ་སྟེ་རྒྱུན་མི་འཆད་པར་ཡང་ནས་ཡང་དུ་སྒོམ་པ་ཞེས་བྱ། ལམ་ལ་མཱརྒ་སྟེ་བགྲོད་པར་བྱ་བའི་འཇུག་ངོགས་ཡིན་པས་ཚོགས་ཀྱི་ལམ་མོ། །ཡང་ན་ཚོགས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས། དེ་གོམས་པས་ཐར་པ་ཆ་མཐུན་གྱི་ལམ་ལ་འཇུག་པས་ཚོགས་ལམ། ཐར་པ་ནི་མྱ་ངན་ལས་འདས་པ་དེའི་ཆ་དང་མཐུན་པར་ཡིད་ལ་བྱེད་པས་ཐར་པ་ཆ་མཐུན་ནོ། །ཉེར་ལེན་གྱི་ཕུང་པོ་ལ་ཉན་ཐོས་པས་ནད་དང་ཤུ་བ་ལ་སོགས་པ་ཉེས་དམིགས་སུ་ལྟ་བ་དང༌། ཐེག་པ་ཆེན་པོ་པས་རང་བཞིན་མེད་པར་ཤེས་པས་སུན་འབྱིན་པའི་གཉེན་པོའོ། །སྦྱོར་ལམ་ལའང་བཞི་ལས། དང་པོ་མཚན་ཉིད་ནི། རྣམ་གྲོལ་གྱི་འཇུག་ངོགས་ཚོགས་ལམ་གྱིས་བསྒྲུབས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྤྱིའི་ཚུལ་གྱིས་བསྒོམ་པའོ། །གཉིས་པ་དབྱེ་བ་ལ་སྒོ་གསུམ་སྟེ། ཚོགས་སྦྱོར་གྱིས་དབྱེ་བ་དང༌། ཆེ་འབྲིང་གིས་དབྱེ་བ་དང༌། རྟོགས་ཚུལ་གྱིས་དབྱེ་བའོ། །དང་པོ་ལ་གཉིས་ཏེ། ཚོགས་ཀྱང་ཡིན་ལ་སྦྱོར་བའང་ཡིན་པ་དང༌། ཚོགས་མ་ཡིན་ལ་སྦྱོར་བ་ཡིན་པའོ། །དང་པོ་ནི། ཚོགས་ལམ་གྱི་རྒྱུན་སྦྱོར་ལམ་ལ་ཡོད་པས་སོ། གཉིས་པ་ནི། བདེན་པ་བཞིའམ་བདག་མེད་པ་གཉིས་ལ་སྦྱོར་བས་སྦྱོར་བ་ཡིན་ལ། ཚོགས་ལམ་དངོས་མ་ཡིན་པས་ཚོགས་མ་ཡིན་པའོ། །གཉིས་པ་ཆེན་འབྲིང་གི་སྒོ་ནས་དབྱེ་བ་ལ་གསུམ་ལས་སྦྱོར་ལམ་ཆུང་ངུ་ནི་མཐོང་ལམ་སྐྱེ་བ་དུས་ངེས་པ་མེད་པའོ། །འབྲིང་ངེས་པ་ཡོད་པའོ། །ཆེན་པོ་ནི་ཚེ་འདི་ལ་མཐོང་ལམ་སྐྱེ་བའོ། །གསུམ་པ་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ན་བཞི་སྟེ། དྲོད། རྩེ་མོ། བཟོད་པ། འཇིག་རྟེན་ཆོས་མཆོག་གོ །དེ་ལ་དྲོད་ནི་ཤིང་གཙུབ་པས་མེ་འབྱུང་བའི་སྔ་ལྟས་སུ་དྲོད་འབྱུང་བ་ལྟར། མཐོང་ལམ་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་སུ་གྱུར་པས་དྲོད་དོ། །རྩེ་མོ་ནི་མུརྡྷི་ཟེར་ལ་སྒྲ་དེ་རྩེ་མོ་སྤྱི་གཙུག་ཐང་གཅིག་ཅེས་དགེ་བའི་རྩ་བ་གཡོ་བ་རྣམས་ཀྱི་རྩེ་མོའམ་སྤྱི་གཙུག་ཏུ་གྱུར་པ་སྟེ། རྩེ་མོ་ཐོབ་པ་རྩ་མི་འཆད། །ཅེས་གསུངས་པའོ། །རིང་དུ་མི་གནས་པས་ཐང་གཅིག་གམ་རྩེ་མོ་ཞེས་ཟེར་བ་ཡང་ཡོད་དོ། །སྟོང་པ་ཉིད་ལ་མི་སྐྲག་པས་བཟོད་པའོ། །འཇིག་རྟེན་པའི་ཆོས་ཀྱི་ནང་ནས་མཆོག་ཏུ་གྱུར་པས་འཇིག་རྟེན་ཆོས་མཆོག་སྟེ་མཐོང་ལམ་ཟག་མེད་ཀྱི་བདག་རྐྱེན་བྱེད་པའོ། །ངེས་འབྱེད་བཞི་ཀ་ལ་ཆོས་བཞི་བཞི་ཡོད་པ་ལས་དྲོད་ཀྱི་དམིགས་པ་ནི་ཀུན་ལས་བཏུས་ལས། །སོ་སོ་རང་གི་བདེན་པ་རྣམས་ལ་ཞེས་འབྱུང་བས་གཞན་གྱིས་མ་བསྟན་པར་རང་ཉིད་ཀྱིས་བསྒོམས་པའི་སྟོབས་ཀྱིས་སམ། རྟེན་གྱི་གང་ཟག་སོ་སོས་བདེན་པ་བཞི་ལ་དམིགས་པའོ། །དེའང་རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ་ཡིན་གྱི་རྣམ་པར་མ་བཞག་པའི་བདེན་པ་ལ་དམིགས་པ་ནི་མ་ཡིན་ནོ། །རྣམ་པ་ནི་གཟུང་བ་རང་བཞིན་མེད་པར་རྟོགས་པའམ་མི་རྟོག་པ་ལ་སོགས་པ་སྣང་བ་ཐོབ་པའོ། །ངོ་བོ་ནི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། དེའང་དམིགས་པ་ལ་རྩེ་གཅིག་པ་ཏིང་ངེ་འཛིན་གྱི་དབང་པོའོ། །གསལ་བ་སྣང་ཞིང་སྒྲོ་འདོགས་གཅོད་པ་ནི་ཤེས་རབ་ཀྱི་དབང་པོའོ། །འདི་གཉིས་གཙོ་ཆེ་བས་སྨོས་ལ་དད་པ་དང༌། བརྩོན་འགྲུས་དང༌། དྲན་པའི་དབང་པོ་གསུམ་པོའང་འདི་དག་གི་འཁོར་དུ་འབྱུང་ངོ༌། །གྲོགས་ནི་དབང་པོ་དེ་དག་དང་མཚུངས་པར་ལྡན་པའི་སེམས་ཡིད་ཀྱི་རྣམ་ཤེས་དང་སེམས་ལས་བྱུང་བ་རེག་པ་ལ་སོགས་པའོ། །རྩེ་མོའི་དམིགས་པ་ནི་སྔར་བཞིན་བདེན་པ་བཞིའོ། །རྣམ་པ་ནི་སྣང་བ་མཆེད་པའོ། །རང་གི་ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའོ། །བཟོད་པའི་དམིགས་པ་ནི་སྔར་དང་འདྲའོ། །རྣམ་པ་ནི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའོ། །རང་གི་ངོ་བོ་ནི་ཏིང་ངེ་འཛིན་དང་ཤེས་རབ་བོ། །གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་ངོ༌། །ཆོས་མཆོག་གི་དམིགས་པ་ནི་སྔར་བཞིན་ནོ། །རྣམ་པ་ནི་འཛིན་པ་མེད་པར་རྟོགས་པ། རང་གི་ངོ་བོ་ཏིང་ངེ་འཛིན་དང་ཤེས་རབ། གྲོགས་ནི་དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་བྱུང་ངོ༌། །འདི་ལ་བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྦྱོར་ལམ་ལ་དམིགས་པ་དང༌། རྣམ་པ་ཐ་དད་མི་འདོད་པས་ཀུན་ལས་བཏུས་སུའང་དམིགས་པ་རྣམས་ཐ་དད་མ་བཤད་དོ། །ཐེག་པ་ཆེན་པོ་བ་འགའ་ཞིག ཐེག་པ་གསུམ་ཀའི་སྦྱོར་ལམ་འདི་ལྟར་འདོད་དེ་ཉན་ཐོས་ཀྱི་དྲོད་དང་རྩེ་མོས་གང་ཟག་གི་བདག་གི་གཟུང་བ་རང་བཞིན་མེད་པར་རྟོགས་ལ། བཟོད་པ་དང་ཆོས་མཆོག་གིས་གང་ཟག་གི་བདག་གི་འཛིན་པ་རང་བཞིན་མེད་པར་རྟོགས། རང་སངས་རྒྱས་ཀྱི་དྲོད་དང་རྩེ་མོས་གང་ཟག་དང་ཆོས་ཀྱི་བདག་གི་ཕྱོགས་རེའི་གཟུང་བ་རང་བཞིན་མེད་པར་རྟོགས། བཟོད་པ་དང་ཆོས་མཆོག་གི་གང་ཟག་དང་ཆོས་ཀྱི་བདག་གི་ཕྱོགས་གཅིག་གི་འཛིན་པ་རང་བཞིན་མེད་པར་རྟོགས། བྱང་ཆུབ་སེམས་དཔའི་དྲོད་དང་རྩེ་མོས་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀའི་གཟུང་བ་རང་བཞིན་མེད་པར་རྟོགས། བཟོད་པ་དང་ཆོས་མཆོག་གིས་གང་ཟག་དང་ཆོས་གཉིས་ཀའི་འཛིན་པ་རང་བཞིན་མེད་པར་རྟོགས་སོ་ཞེས་ཟེར་བ་ཡོད་ལ། འགའ་ཞིག་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་དགོངས་པ་མདོ་སྡེ་རྒྱན་གྱི་འགྲེལ་པར་བྱང་ཆུབ་སེམས་དཔའི་སྦྱོར་ལམ། ཆུ་བོ་ཚ་སྒོ་ཅན་གྱི་མདོའི་དགོངས་པ། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན། རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན། བཟོད་པ་དོན་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བཞེད་དོ། །འཕགས་པ་ཀླུ་སྒྲུབ་རྒྱས་འབྲིང་གསུམ་གྱི་དགོངས་པས་ཐེག་པ་གསུམ་ཀའི་སྦྱོར་ལམ་ལ་ཐབས་ཀྱི་ཁྱད་པར་དང་ངེས་འབྱེད་བཞིའི་རང་རང་གི་དམིགས་བ་གསལ་མི་གསལ་གྱི་ཁྱད་པར་མ་གཏོགས་པ་བདག་མེད་རྟོགས་པ་ལ་ཁྱད་པར་མི་བཞེད་དེ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང༌། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །ཞེས་གསུངས་པ་ལྟར་བཞེད་དོ། །གསུམ་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གསུམ་ལས། དང་པོ་གང་ཟག་གང་ལ་སྐྱེ་ན། གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་དང༌། འདོད་ཁམས་ཀྱི་ལྷ་རིགས་དྲུག་ལ་སྐྱེ་སྟེ། སྔོན་མིའི་གནས་སུ་ཚོགས་ལམ་རྒྱུད་ལ་བསྐྱེད་ནས། འདོད་ཁམས་ཀྱི་ལྷའི་རིགས་གང་དུ་སྐྱེས་ཀྱང་སྐྱེའོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་འགའ་ཞིག་ལས་ནི་དུད་འགྲོའི་བྱེ་བྲག་ཀླུ་ལ་སོགས་པ་འགའ་ཞིག་ལའང་སྐྱེ་བར་བཤད་པ་མཐོང་ངོ༌། །གཉིས་པ་ས་གང་ལ་བརྟེན་ན། བསམ་གཏན་ས་དྲུག་ལ་བརྟེན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་པ་མེད་པ་དང༌། དངོས་གཞི་དང༌། དངོས་གཞི་ཁྱད་པར་ཅན་དང༌། ལྷག་མ་བསམ་གཏན་གསུམ་གྱི་དངོས་གཞི་ལ་བརྟེན་ནོ། །དེ་ལ་སྔར་འདོད་པའི་འདོད་ཆགས་དང་མ་བྲལ་ན་བསམ་གཏན་གྱི་ཉེར་བསྡོགས་ལ་བརྟེན་ལ། འདོད་པ་ལ་འདོད་ཆགས་དང་བྲལ་ན་དངོས་གཞི་ལ་བརྟེན་ཏོ། །རང་སངས་རྒྱས་ཚོགས་ན་སྤྱོད་པ་ནི་བསམ་གཏན་ས་དྲུག་པོ་གང་རུང་ལ་བརྟེན་ཅིང༌། བསེ་རུ་ལྟ་བུ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏོ། །བྱང་ཆུབ་སེམས་དཔའི་སྦྱོར་ལམ་ནི་བྱེ་བྲག་ཏུ་སྨྲ་བ་ན་རེ། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་བརྟེན། ཞེས་ཟེར་བས། བསམ་གཏན་བཞི་པ་ལ་བརྟེན་པར་འདོད་ལ། ཐེག་པ་ཆེན་པོ་པ་འགའ་ཞིག་བསམ་གཏན་བཞི་པོ་གང་རུང་གི་དངོས་གཞི་ལ་བརྟེན་པར་འདོད་པའང་ཡོད་དོ། །གསུམ་པ་གྲངས་ངེས་པ་མདོ་སྡེ་པ་ན་རེ། གཟུང་བ་རང་བཞིན་མེད་པར་རྟོགས་པ། དྲོད་རྩེ་མོ་བཟོད་པ་གསུམ། འཛིན་པ་རང་བཞིན་མེད་པར་རྟོགས་པ་ཆོས་མཆོག་སྟེ་བཞིའོ། །དེ་ལ་གཟུང་བ་རང་བཞིན་མེད་པར་རྟོགས་པ་ལའང༌། ཆུང་ངུ་སྣང་བ་ཐོབ་པ་དྲོད། འབྲིང་སྣང་བ་མཆེད་པ་རྩེ་མོ། ཆེན་པོ་རྟོགས་པ་བརྟན་པ་བཟོད་པའོ། །འདི་ལ་ཐེག་པ་ཆེན་པོ་པ་ཁ་ཅིག་དྲོད་དང་རྩེ་མོས་གཟུང་བ་རང་བཞིན་མེད་པར་རྟོགས་ཤིང༌། བཟོད་པ་དང་ཆོས་མཆོག་གིས་འཛིན་པ་རང་བཞིན་མེད་པར་རྟོགས་ཏེ། དེའང་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པ་དྲོད། རྣམ་པར་བྱང་བའི་ཕྱོགས་ཀྱི་གཟུང་བ་རང་བཞིན་མེད་པར་རྟོགས་པ་རྩེ་མོ། འཛིན་པ་རང་བཞིན་མེད་པར་རྟོགས་པ་ལའང་གང་ཟག་རྫས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་རང་བཞིན་མེད་པར་རྟོགས་པ་ནི་བཟོད་པ། སྐྱེས་བུ་བཏགས་ཡོད་ཀྱི་རྟེན་ཅན་གྱི་འཛིན་པ་རང་བཞིན་མེད་པར་རྟོགས་པ་ནི་ཆོས་མཆོག་གོ་ཞེས་བཞེད་དེ། མངོན་རྟོགས་རྒྱན་ལས། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོགས་པ་རྣམ་པ་གཉིས། །རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ། །རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པ་རྣམ་པ་གཉིས་སུ་འདོད། །རང་དབང་བདག་སོགས་ངོ་བོ་དང༌། །དེ་བཞིན་ཕུང་སོགས་རྟེན་སྒོ་ནས། །ཅེས་གསུངས་པ་ལྟར་རོ། །ངེས་འབྱེད་འདི་དག་མངོན་པ་གོང་འོག་གཉིས་ཀ་མཐུན་པར་བཟོད་པ་མ་རྟོགས་པ་གཞན་ལ་ཆེ་འབྲིང་གསུམ་དུ་ཕྱེ་བ་མེད། འཇིག་རྟེན་ཆོས་མཆོག་ལ་རྒྱུན་མི་བཞེད་དེ། མཛོད་ལས། ཇི་ལྟར་བཟོད་ཆེན་སྐད་ཅིག་མ། །གཅིག་ཡིན་དེ་བཞིན་ཆོས་ཀྱི་མཆོག །ཅེས་གསུངས་པས་སོ། །དེས་ན་འདི་ལ་སྟན་གཅིག་པའི་ཏིང་ངེ་འཛིན་ཞེས་ཀྱང་བཤད་དོ། །ཐེག་པ་ཆེན་པོ་པ་འགའ་ཞིག་ངེས་འབྱེད་ཆ་མཐུན་བཞི་ཀ་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བས་བཅུ་གཉིས་སུ་བཞེད་དོ། །མངོན་རྟོགས་རྒྱན་ལས། ཆུང་དང་འབྲིང་དང་ཆེན་པོ་ཡིས། །ཞེས་གསུངས་པ་ལྟར་རོ། །དེས་ན་འཇིག་རྟེན་ཆོས་མཆོག་ལ་ཡང་རྒྱུན་ཡོད་དོ། །ངེས་འབྱེད་ཆ་མཐུན་བཞི་པོ་དེ་བློ་གང་དུ་འདུ་ཞེ་ན། འདི་ལ་ཁ་ཅིག་རྣལ་འབྱོར་གྱི་མངོན་སུམ་ཡིན་ཏེ། བརྒྱད་སྟོང་འགྲེལ་པར། ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དུས་ན་གསལ་བར་སྣང་བ་ཡོད་པར་བཤད་པས་སོ། །རྟོག་བཅས་ཡིན་ན་གསལ་སྣང་ཡོད་པར་མི་རིགས་ཞེས་ཟེར་བ་འདི་བརྟག་སྟེ་དེའང་རྣལ་འབྱོར་གྱི་མངོན་སུམ་བཏགས་པ་བ་ཡིན་ན་མིང་ལ་མི་བརྩད། མཚན་ཉིད་པ་ཡིན་ན་མཐོང་ལམ་དུ་འགྱུར་རོ། །གལ་ཏེ་མཐོང་ལམ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་མཐའ་དག་གི་མངོན་སུམ་ཡིན་ལ། སྦྱོར་ལམ་དུ་ཉི་ཚེ་བ་ཡིན་ནོ་སྙམ་ན། སྔར་མ་རྟོགས་པའི་ཆོས་ཉིད་མཐོང་ན་མཐོང་ལམ་གྱི་མཚན་ཉིད་ཞུགས་ལ། རྒྱ་ཆེ་བས་མཐོང་ལམ་དུ་འཇོག་ན་སྒོམ་ལམ་ཀྱང་མཐོང་ལམ་དུ་ཐལ་ལོ། །དེས་ན་སྔར་མ་མཐོང་བའི་ཆོས་ཉིད་མཐོང་བས་མཐོང་ལམ་དུ་བཤད་ཀྱི་རྒྱ་ཆེ་བས་མཐོང་ལམ་དུ་བཤད་པ་མེད་དོ། །འགའ་ཞིག་རྣལ་འབྱོར་མངོན་སུམ་སྐྱེས་པ་ལ་འཕགས་པས་མ་ཁྱབ་ཟེར་བ་ཡང་ལུང་དང་རིགས་པ་ལ་མ་འདྲིས་པར་ཟད་དོ། །འོ་ན་གསལ་བར་སྣང་བར་བཤད་པ་དང་འགལ་ལོ་ཞེ་ན་མི་འགལ་ཏེ། གློ་བུར་བའི་རྗེས་དཔག་གིས་དུ་བ་མཐོང་བ་ན་མེ་གསལ་བར་རྟོགས་པ་ཞེས་གྲགས་པའམ། དགེ་སློང་དེ་ཐོས་བསམ་གྱི་ཤེས་རབ་ཀྱིས་མཁས་པ་གསལ་བ་ཡིད་གཞུངས་པར་གྱུར་ཏོ་ཞེས་གསུངས་པ་ལྟ་བུ་ལ་གསལ་བའི་སྒྲ་ཆེས་གོམས་པ་ལ་འཇུག་གི་མངོན་སུམ་ནི་མ་ཡིན་ནོ། །དེའང་མངོན་སུམ་རྟོག་བྲལ་མ་འཁྲུལ་བ་ཡིན་ལ་ངེས་འབྱེད་ཆ་མཐུན་རྟོག་བཅས་སུ་དབུས་མཐའ་ལས་བཤད་པས་སོ། །ཁ་ཅིག་ལུང་ལ་བརྟེན་པའི་ཡིད་དཔྱོད་དུ་འདོད་པའང་མི་འཐད་དེ། ཁོ་བོ་ཅག་ཡིད་དཔྱོད་འགོག་པའི་ཕྱིར་རོ། །འགའ་ཞིག་ཡིད་ཀྱི་མངོན་སུམ་དང་དྲན་པ་དཔྱད་པའི་ཡུལ་ཅན་དུ་འདོད་པ་ནི་རྟོག་གེ་མི་ཤེས་པར་ཟད་དོ། །དེས་ན་རང་གི་ལུགས་ནི་ཤེས་རབ་གསུམ་གྱིས་གོམས་པར་བྱས་པའི་རང་རིག་མངོན་སུམ་ཡིན་ཏེ། དཔེར་ན་འདོད་ཆགས་ལ་སོགས་པ་གོམས་པའི་རང་རིག་བཞིན་ནོ། །བཞི་པ་ངེས་ཚིག་ནི། སྦྱོར་ལམ་ལ་པྲ་ཡོག་མཱརྒ་ཟེར་ལ། དེའི་པྲ་ནི་པ་རམ་ཨརྠ་སྟེ་དོན་དམ་པ། ཡོ་ག་སྦྱོར་བ་སྟེ། མཐོང་ལམ་ཆོས་ཀྱི་དབྱིངས་དོན་དམ་པ་མངོན་སུམ་དུ་མཐོང་བ་ལ་སྦྱོར་བར་བྱེད་པས་སྦྱོར་ལམ་མོ། །མཐོང་ལམ་ལ་ཡང་བཞི་སྟེ། མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། རང་བཞིན་ངེས་པར་བྱ་བ་དང༌། ངེས་ཚིག་བསྟན་པའོ། །དང་པོ་ཆོས་ཀྱི་དབྱིངས་ཀྱི་འཇུག་ངོགས་ལ་གསལ་སྣང་དང་པོར་སྐྱེས་བའོ། །གཉིས་པ་དབྱེ་ན། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའི་མཐོང་ལམ་སྟེ་གསུམ་མོ། །གསུམ་པ་དེའི་རང་བཞིན་ངེས་པར་བྱ་བ་ལ་གཉིས་ཏེ། མཐོང་སྤང་སྤོང་བའི་ཚུལ་དང༌། མཐོང་ལམ་སྐྱེ་བའི་རྣམ་གཞག་གོ །དང་པོ་ལ་གསུམ་ལས། སྤང་བྱའི་མཚན་ཉིད་ནི། སྤྱིར་ཉོན་མོངས་པ་ཙམ་གྱི་མཚན་ཉིད་སེམས་ཀྱི་རྒྱུན་མ་ཞི་བར་བྱེད་པ་ཡིན་ལ། མཐོང་སྤང་གི་མཚན་ཉིད་ཀུན་ཏུ་བརྟགས་པས་རབ་ཏུ་མ་ཞི་བར་བྱེད་པའོ། །གཉིས་པ་སྤང་བྱའི་རབ་ཏུ་དབྱེ་བ་ལ་རྩ་བ་དང༌། ཉེ་བའི་ཉོན་མོངས་པ་གཉིས་ལས། དང་པོ་སྤངས་པས་གཉིས་པ་ཤུགས་ལ་སྤོང་བའི་ཕྱིར་དང་པོ་བཤད་དོ། །དེ་ལ་དྲུག་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། ཐེ་ཚོམ། ལྟ་བ་སྟེ་དྲུག་གོ །ལྟ་བ་ལ་ལྔ་སྟེ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། ལོག་པར་ལྟ་བའོ། །དེ་དག་སྤོང་བའི་ཚུལ་གྱིས་དབྱེ་ན། མཐོང་སྤང༌། སྒོམ་སྤང་གཉིས་ལས། དང་པོ་བྱེ་བྲག་ཏུ་སྨྲ་བའི་ལུགས། མཛོད་ལས། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་བརྒྱད་ཅུ་རྩ་བརྒྱད་དུ་འདོད་ལ། བསྡུ་བར། མཐོང་སྤང་དགུ་བཅུ་རྩ་བཞིར་བཤད་ཅིང༌། ཀུན་ལས་བཏུས་ལས། འདོད་ཁམས་ན་ཀུན་ནས་ཉོན་མོངས་པ་ལྔ། ལྟ་བས་བསྡུས་པའི་ལྔ་སྟེ། བཅུ་པོ་བདེན་པ་བཞི་ལ་འཇུག་པས་བཞི་བཅུ་ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་པས་དགུ། དེ་རྣམས་བདེན་པ་བཞི་ལ་ལོག་པར་འཇུག་པས་དགུ་བཞི་སུམ་ཅུ་སོ་དྲུག་སྟེ། བརྒྱ་རྩ་བཅུ་གཉིས་སུ་བཤད་དོ། །འོ་ན་གཟུགས་མེད་ན་ལུས་ངག་མེད་པས་ལུས་ངག་གི་སྤྱོད་པ་སྡིག་པ་འདག་གྲོལ་གྱི་རྒྱུར་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་བཞི་མི་འཐད་པས། མཐོང་སྤང་བརྒྱ་རྩ་བརྒྱད་དུ་འགྱུར་ཞེ་ན་མི་འགྱུར་ཏེ། དེས་ན་ལུས་ངག་གི་སྤྱོད་པ་འདག་གྲོལ་གྱི་རྒྱུར་འཛིན་པ་མེད་ཀྱང་ལྟ་བ་ལ་འདག་གྲོལ་གྱི་རྒྱུར་འཛིན་པ་ཡོད་པས་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དུ་འདོགས་སོ། །དེ་ལྟ་ན་འདིར་ལྟ་བ་མཆོག་འཛིན་དུ་མི་འགྱུར་རམ་ཞེ་ན་མི་འགྱུར་ཏེ། ལྟ་བ་མཆོག་འཛིན་གྱི་རྣམ་པ་ནི་མཆོག་དང་གཙོ་བོ་ལ་སོགས་པར་འཛིན་པ་ཡིན་ལ། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་རྣམ་པ་ནི། འདག་གྲོལ་ལ་སོགས་པར་འཛིན་པ་ཡིན་པས་འཛིན་སྟངས་མི་འདྲའོ། །འོ་ན་སྡུག་བསྔལ་དང་ཀུན་འབྱུང་ཁམས་གསུམ་དུ་གཏོགས་ཀྱང་འགོག་ལམ་ཟག་མེད་དེར་མ་གཏོགས་པས་ཁམས་གསུམ་སོ་སོའི་འགོག་པ་དང༌། ལམ་ཞེས་བཞག་པ་མི་འཐད་དོ་ཞེ་ན། བསྡུ་བ་ལས། ཁམས་གསུམ་གྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བཤད་དོ། །སྤང་བྱ་སྡུག་བསྔལ་དང་ཀུན་འབྱུང་འདོད་ཁམས་ཡིན་པས་སྡུག་བསྔལ་རྒྱུ་དང་བཅས་པ་འགགས་པ་ལ་འདོད་ཁམས་ཀྱི་འགོག་པ་ཞེས་བཏགས་ཤིང༌། དེ་མངོན་སུམ་དུ་བྱེད་པའི་ཐབས་ལ་འདོད་ཁམས་ཀྱི་ལམ་དུ་བཏགས་པའོ། །ཁམས་གོང་མ་གཉིས་ཀྱི་འགོག་པ་དང་ལམ་ཡང་དེ་བཞིན་ནོ། །འོ་ན་ཀུན་ལས་བཏུས་ལས་མཐོང་སྤང་བརྒྱ་རྩ་བཅུ་གཉིས་སུ་བཤད་པ་དང༌། བསྡུ་བ་ལས་དགུ་བཅུ་རྩ་དགུར་བཤད་པ་དང་འགལ་ལོ་ཞེ་ན། འདི་ལ་ཁ་ཅིག་རིམ་པ་བཞིན་དུ་རྣལ་འབྱོར་སྤྱོད་པ་བ་དང༌། མདོ་སྡེ་པའི་ལུགས་ཡིན་ཟེར་བ་དགོངས་པ་མ་ཡིན་ནོ། །འོ་ན་ཅི་སྟེ་ཞེ་ན། རགས་པ་དང་ཕྲ་བའི་རྣམ་པར་གཞག་པ་མདོ་ཐ་དད་ཀྱི་དགོངས་པ་ཡིན་ནོ། །གསུམ་པ་གཉེན་པོས་སྤོང་བའི་ཚུལ་ནི། ཉན་ཐོས་དག་མཛོད་ལས། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་འགག་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་ལ། ཐེག་པ་ཐུན་མོང་བ་དེ་ཉིད་འདོན་པ་བསྒྱུར་ནས། སྐྱེ་བར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོང༌། །ཞེས་གཉེན་པོ་སྐྱེ་འགྱུར་གྱི་ལམ་གྱིས་སྤོང་བར་འདོད་དོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནི་དོན་དམ་པར་ན་སྤང་བྱ་དང་གཉེན་པོ་མ་གྲུབ་པས་སྐྱེ་འགག་གཉིས་ཀ་མི་འཐད་དེ། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཡོད་མ་ཡིན། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བྱ་བ་དང༌། སྤྱོད་འཇུག་ལས། དེ་ལྟར་སྟོང་པའི་དངོས་རྣམས་ལ། །ཐོབ་པ་ཅི་ཡོད་ཤོར་ཅི་ཡོད། །ཅེས་གསུངས་པ་ལྟར་རོ། །ཀུན་རྫོབ་ཏུ་ཡང་བརྟགས་ན་གཉེན་པོས་སྤང་བྱ་སྤོང་བར་མི་འཐད་དེ་སྤང་བྱ་ཡོད་ན་གཉེན་པོ་མེད་ལ། གཉེན་པོ་སྐྱེས་པ་ན་སྤང་བྱ་འགགས་པས་དུས་མི་མཉམ་པ་ལ་ཕྲད་པ་མེད་པའི་ཕྱིར་རོ། །མ་བརྟག་པའི་བློ་ངོར་ཡེ་ཤེས་སྐྱེས་པ་ཉིད་ལ་སྤང་བྱ་སྤངས་པ་ཞེས་ཐ་སྙད་དུ་འདོགས་ཏེ་སྲང་མདའི་མཐོ་དམའ་བཞིན་ནོ། །གཉིས་པ་མཐོང་ལམ་སྐྱེ་བའི་རྣམ་གཞག་ལ་བཞི་སྟེ། གང་ཟག་གང་ལ་སྐྱེ། ས་གང་ལ་བརྟེན། ཡུལ་གང་ལ་ཚུལ་ཇི་ལྟར་དུ་རྟོགས། སྐད་ཅིག་དུ་ལ་སྐྱེ་དཔྱད་པའོ། །དང་པོ་གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་འདོད་པ་ཁམས་ཀྱི་ལྷ་ལ་སྐྱེ་བ་སྟེ། དབང་པོ་རྣོ་ཞིང་སངས་རྒྱས་ཀྱི་ལུང་ཡོད་ལ་སྐྱོ་ཤས་ཆེ་བས་སོ། །ངན་སོང་ལ་མི་སྐྱེ་སྟེ་རྣམ་པར་སྨིན་པའི་ལས་ཀྱི་སྒྲིབ་པ་ཆེན་པོས་བསྒྲིབས་པས་སོ། །གཟུགས་དང་གཟུགས་མེད་པའི་ལྷ་ལ་ཡང་མི་སྐྱེ་སྟེ། མཛོད་ལས། མི་སྐྱོ་ལུང་ལས་འདི་རྩོམ་ཞིང༌། །དེ་མཐར་ཕྱིན། ཞེས་འབྱུང་བའི་ཕྱིར་རོ། །བྱང་སྒྲ་མི་སྙན་པ་ལ་ཡང་མི་སྐྱེ་སྟེ། སྐྱོ་བ་མེད་པ་ལ་སོགས་པ་ཁམས་གོང་མ་དང་ཆ་མཐུན་པའི་ཕྱིར་རོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ནས་འགྲོ་བ་གཞན་ལ་སྐྱེ་བར་བཤད་པ་ཡོད་དོ། །གཉིས་པ་ས་གང་ལ་བརྟེན་པ་ལ་གསུམ་ལས། ཉན་ཐོས་ཀྱི་མཐོང་ལམ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཏེ་དེ་ལའང་ཆགས་བྲལ་སྔོན་དུ་མ་སོང་ན་བསམ་གཏན་དང་པོའི་ཉེར་བསྡོགས་ལ་བརྟེན་ལ། སྔོན་དུ་སོང་ན་ནི་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ཏོ། །འདོད་པའི་ས་ལ་མི་བརྟེན་ཏེ་མཐོང་ལམ་ཞི་གནས་ལྷག་མཐོང་མཚུངས་པར་ལྡན་པ་ཡིན་ལ། འདོད་པའི་ས་ནི་ཞི་གནས་ཤས་ཆུང་ཞིང་རྣམ་པར་གཡེང་བ་ཤས་ཆེ་བས་སོ། །ལྷག་མཐོང་ཤས་ཆུང་བས་གཟུགས་མེད་ལ་ཡང་མི་བརྟེན་ཏོ། །བསམ་གཏན་གཉིས་པའི་ཉེར་བསྡོགས་ལ་སོགས་པ་ལ་འབད་ན་སྐྱེད་དུ་རུང་མོད་ཀྱི་ཞི་གནས་ཤས་ཆུང་བས་བསྐྱེད་དཀའ་འོ། །དེ་ལྟར་ན་བསམ་གཏན་དང་པོའི་ཉེ་བསྡོགས་ལའང་མཚུངས་སོ་སྙམ་ན། མཐོང་ལམ་སྐྱེ་བ་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་དགོས་ལ། དངོས་གཞི་མ་ཐོབ་ན་དང་པོའི་ཉེ་བསྡོགས་ཁོ་ན་སླ་བའི་ཕྱིར་རོ། །གཉིས་པའི་ཉེར་བསྡོགས་ལ་མི་བརྟེན་ཏེ། དེ་བས་སླ་བའི་དང་པོའི་དངོས་གཞི་ལ་བརྟེན་པས་ཆོག་པས་སོ། །ཉན་ཐོས་ཀྱི་རྒྱུན་ཞུགས་དང་ཕྱིར་འོང་དང་ཕྱིར་མི་འོང་གི་མཐོང་ལམ་ས་གང་ལ་བརྟེན་པ་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །གཉིས་པ་རང་སངས་རྒྱས་ཀྱིས་གང་ལ་བརྟེན་པ་ནི། ཚོགས་ན་སྤྱོད་པ་བསམ་གཏན་དྲུག་གང་རུང་ལ་བརྟེན་ལ། བསེ་རུ་ལྟ་བུ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ཏོ། །འོ་ན་བསེ་རུ་ལྟ་བུ་དེ་ཤི་ནས་འདོད་ཁམས་ཁོ་ནར་སྐྱེ་བ་མི་རིགས་ཏེ། བསམ་གཏན་གསུམ་པ་མན་ཆད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་རོ་ཞེ་ན། ལས་ཀྱིས་མི་སྐྱེ་ཡང་སྨོན་ལམ་གྱིས་སྐྱེ་བ་ཡིན་ནོ། །གསུམ་པ་བྱང་ཆུབ་སེམས་དཔའི་མཐོང་ལམ་བསམ་གཏན་བཞི་པ་ཤིན་ཏུ་དག་པ་ལ་བརྟེན་ཏོ། །ཉེར་བསྡོགས་ལ་མི་བརྟེན་ཏེ། དེའི་གོང་དུ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པས་སོ། །གསུམ་པ་ཡུལ་གང་ལ་ཚུལ་ཇི་ལྟར་རྟོགས་པ་ནི། ཐེག་པ་ཐུན་མོང་བ་ནི་ཉན་ཐོས་ཡུལ་བདེན་པ་བཞི་ལ་གང་ཟག་གི་བདག་མེད་རྟོགས་ཏེ། དེའང་རྣམ་པར་གཞག་པའི་བདེན་པ་ལ་དམིགས་པ་མ་ཡིན་གྱི་རྣམ་པར་མ་གཞག་པའི་བདེན་པ་ཞེས་བྱ་བ་རང་གི་མཚན་ཉིད་ལ་དམིགས་པའོ། །རང་སངས་རྒྱས་ཀྱིས་གང་ཟག་གི་བདག་དང་ཆོས་ཀྱི་བདག་གི་གཟུང་བ་རང་བཞིན་མེད་པར་རྟོགས། བྱང་ཆུབ་སེམས་དཔས་བདག་མེད་གཉིས་ཀ་རྟོགས་སོ། །འདི་ལ་ཆོས་མངོན་པ་ལས། སོ་སོར་རང་རང་ལ་སེམས་ཅན་གྱི་བརྡ་གསལ་བ་དང༌། ཆོས་ཀྱི་བརྡ་གསལ་བ་དང༌། ཐམས་ཅད་དུ་གཉིས་ཀའི་བརྡ་གསལ་བ་གསུམ་གསུངས་ཏེ། བསྡུ་བ་ལས། འཇིག་རྟེན་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དགེ་བའི་རྩ་བ་མཐར་ཐུག་པའི་རྗེས་ལ་སོ་སོའི་བདག་ཉིད་ལ་སེམས་ཅན་གྱི་བརྡ་གསལ་བ་ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆུང་ངུ་དང་བྲལ་བའི་སེམས་དང་པོ་སྐྱེའོ། །དེའི་རྗེས་ལ་སོ་སོའི་བདག་ཉིད་ལ་ཆོས་ཀྱི་བརྡ་གསལ་བ་ལ་དམིགས་ཤིང་མཐོང་བས་སྤང་བར་བྱ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་འབྲིང་དང་བྲལ་བའི་སེམས་གཉིས་པ་སྐྱེའོ། །དེའི་རྗེས་ལ་ཆོས་ཐམས་ཅད་ཀྱི་བརྡ་གསལ་བ་ལ་དམིགས་ཤིང༌། མཐོང་བས་སྤང་བར་བྱ་བའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་ཆེན་པོ་དང་བྲལ་བའི་སེམས་གསུམ་པ་སྐྱེ་སྟེ། དེ་ལྟར་ན་དེ་དག་ནི་མཐོང་བའི་ལམ་ཡིན་ནོ། །བརྡ་གསལ་བ་གསུམ་པོ་འདི་ཐེག་པ་ཐུན་མོང་གི་མཐོང་ལམ་སྐད་ཅིག་བཅུ་དྲུག་ལ་ཆེ་འབྲིང་གིས་ཕྱེ་བའི་ལུགས་ཡིན་ནོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་འགའ་ཞིག་ནི། ཡུམ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲངས་ནས་སློབ་དཔོན་འཕགས་པ་ཡབ་སྲས་ནི།   རྗེས་མ། >>

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*