རང་ལ་རང་གིས་བསྐུལ་བ།

༼ཏ༽

༄༅། །རང་ལ་རང་གིས་བསྐུལ་བ་བཞུགས།།

༄༅། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདག་ནི་ཉོན་མོངས་ཀྱིས་བཟུང་འཁོར་བའི་ཆོས་ལ་དད། །སྨྲ་ལ་རབ་དགའ་གཞན་གྱི་སྐྱོན་བརྗོད་དག་ལ་བརྩོན། །བདག་གི་སྐྱོན་ལ་མི་རྟོགས་དམན་པ་དག་ལ་འགྲན། །དོན་དང་འགལ་བའི་སྤྱོད་པ་འདི་ལས་ལྡོག་པར་གྱིས། །འཁོར་བའི་ཆོས་རྣམས་དྲན་ལ་བརྩོན་པ་དང༌། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། །ཉིན་དང་མཚན་དུ་རབ་ཏུ་དྲན་བྱ་ཞིང༌། །སོ་སོར་ཐར་པ་གང་ཐོབ་དེ་ལ་འབོད། །བྱང་ཆུབ་སེམས་དཔའི་རིགས་ནི་གཟུང་བྱའི་ཕྱིར། །བྱང་ཆུབ་སེམས་ལ་རབ་ཏུ་དད་པར་གྱིས། །དུས་གསུམ་དག་ཏུ་ཡན་ལག་བདུན་པ་དང༌། །ཕུང་པོ་གསུམ་པ་དག་ནི་གདོན་པར་བྱ། །ནམ་གྱི་ཆ་སྟོད་ཆ་སྨད་དག་ལ་ནི། །མི་ཉལ་རྣལ་འབྱོར་དག་ལ་བརྩོན་པར་གྱིས། །མཉམ་གཞག་དག་ལས་ལངས་ནས་སྤྱོད་ལམ་ནི། །མདོ་དང་བསྟན་བཅོས་ལས་འབྱུང་བཞིན་དུ་གྱིས། །རྩ་བ་ཡན་ལག་དམ་ཚིག་ལ་འབད་ཅིང༌། །བླ་མ་དམ་པ་མཆོད་ལ་བརྩོན་པ་དང༌། །སེམས་ཅན་མ་ལུས་སེམས་ནི་བསྲུང་བར་གྱིས། །ཚུལ་མིན་རྣམ་རྟོག་རྦ་རླབས་བྱུང་བ་ན། །གཉེན་པོ་རབ་ཏུ་སྐྱེད་ལ་སྤང་བར་གྱིས། །ཁྱོད་ལ་ཁྱོད་ཉིད་ཀྱིས་ནི་མ་བསྐུལ་ན། །བསྐུལ་མ་འདེབས་པ་གཞན་དག་ག་ལ་འབྱུང༌། །དེ་ལྟར་ཁྱོད་ལ་རབ་ཏུ་བསྐུལ་མོད་ཀྱི། །གཞུང་དང་མཐུན་པར་བསྒྲུབ་པ་རབ་ཏུ་དཀོན། །སྤྱོད་པ་འདི་ལས་སྡོམ་པར་མ་བྱས་ན། །རྣམ་པར་དཀར་བའི་འབྲས་བུ་ཐོབ་རེ་སྐན། །རང་ལ་རང་གིས་བསྐུལ་བ་སྦྱར་བ་ལ། །འགལ་བ་བླ་མ་རྣམས་ལ་བཟོད་པར་གསོལ། །རང་ལ་རང་གིས་བསྐུལ་བ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་འདི་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*