ཉམས་དབྱངས་ཆེན་མོ།

༼ཏ༽

༄༅། །ཉམས་དབྱངས་ཆེན་མོ་བཞུགས།།

༄༅། །ན་མོ་གུ་རུ་བྷ་དྲཱ་ཡ། ཡོན་ཏན་མཐའ་དག་རྒྱུད་ལ་སྦྱར་མཛད་པའི། །བླ་མ་ལྷ་དང་དབྱེར་མེད་བཞུགས་རྣམས་ལ། །ལུས་ངག་ཡིད་གསུམ་དང་བས་ཕྱག་ཀྱང་འཚལ། །གཟུང་འཛིན་གཉིས་དང་བྲལ་བའི་མཆོད་པ་འབུལ། །སྤྲོས་བྲལ་ངག་གི་ལས་འདས་ཡིད་ཀྱིས་བསྟོད། །དུས་གསུམ་སྡིག་གིས་མི་གོས་བཤགས་པ་བྱེད། །དམིགས་མེད་འཇིགས་དང་བྲལ་བའི་སྐྱབས་སུ་འགྲོ། །ཚད་བྲལ་དམིགས་ཡུལ་སྤངས་པའི་སེམས་བསྐྱེད་བྱེད། །དེ་ཡི་ཆོས་ཉིད་རང་བཞིན་ནམ་མཁའ་འདྲ། །བསགས་པ་མེད་པའི་དགེ་རྩ་བྱང་ཆུབ་བསྔོ། །སྣང་སྲིད་སྟོང་པའི་མཎྜལ་འདི་བཞེས་ལ། །སྐལ་ལྡན་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ལྟ་བ་གཏན་ལ་འབེབས་ཙམ་ན། །རྒྱལ་བ་རྣམས་ཀྱི་སྟོང་པ་ཉིད། །ལྟ་ཀུན་ཉེས་པ་འབྱུང་བར་གསུངས། །དེ་ཕྱིར་ལྟ་བ་ལྟ་རྒྱུ་མེད། །ཤེས་རབ་ཅན་ལ་ལྟ་བ་མེད། །བློ་རྣོན་པོ་ལ་ཚིག་ལས་འདས། །བརྩོན་འགྲུས་ཅན་ལ་བསྒོམ་རྒྱུ་མེད། །དད་པ་ཅན་ལ་རྒྱུ་འབྲས་མེད། །སྙིང་རྗེ་ཅན་ལ་སེམས་ཅན་མེད། །ཚོགས་བསགས་པ་ལ་སངས་རྒྱས་མེད། །མཐའ་བྲལ་ཤེས་བརྗོད་ཡུལ་ལས་འདས། །དབུ་མ་སེམས་ཙམ་ལ་སོགས་པ། །ཚིག་ཏུ་བརྗོད་པ་སྤྲོས་པ་ཡིན། །ཡིད་ལ་སེམས་པ་རྣམ་རྟོག་ཡིན། །རང་བཞིན་བརྗོད་མེད་བསམ་མེད་ཡིན། །ཇི་སྲིད་ལྟ་བ་ཡོད་རིང་ལ། །སྡུག་བསྔལ་ཀུན་ལས་མི་གྲོལ་ཏེ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་གསུངས། །ཐོས་པས་ཤེས་རྒྱུད་མ་གྲོལ་བར། །ལྟ་བ་ཚིག་ཏུ་མ་བཏང་ཅིག །ལུང་དང་རིགས་པ་མན་ངག་གི །ལྟ་བ་ཐག་ཆོད་བློ་རེ་བདེ། །སྒོམ་པ་ཉམས་ལེན་བྱེད་ཙམ་ན། །སྒོམ་མེད་སྒོམ་པ་པོ་ཡང་མེད། །ཡུལ་མེད་མཐའ་བྲལ་སྒོམ་པ་དེ། །བྱ་བ་ཐོང་ལ་ཉམས་སུ་ལོང༌། །སེམས་མེད་སེམས་ཀྱིས་སེམས་ལ་ལྟོས། །མཐོང་རྒྱུ་བྱུང་ན་སེམས་ཉིད་མིན། །མཐོང་མེད་མཐོང་བས་སེམས་ཉིད་མཐོང༌། །མཐོང་མེད་སེམས་ལ་མ་ཡེངས་ཞོག །ཆགས་ན་གསལ་བས་ཟིན་པར་མཛོད། །རྒོད་ན་དྲན་པའི་ལྕགས་ཀྱུས་ཟུང༌། །གསལ་ལ་མི་རྟོག་སྒོམ་པ་ཡིན། །ཉམས་ཀྱི་རྩི་ཡིས་མ་ཟིན་པར། །སྒོམ་པ་ཚིག་ཏུ་མ་བཏང་ཅིག །སྙིང་རྗེ་སེམས་བསྐྱེད་སྔོན་དུ་བཏང༌། །མཇུག་ཏུ་དགེ་བ་བྱང་ཆུབ་བསྔོ། །སྤྱོད་པ་ཉམས་སུ་ལེན་ཙམ་ན། །ལྟ་སྒོམ་ཉམས་སུ་མྱོང་བ་ཡིན། །སྣང་བའི་དངོས་པོ་རྒྱས་བཏབ་ནས། །བླང་དོར་མེད་པའི་སྤྱོད་པ་མཛོད། །མ་བཅོས་ཤུགས་འབྱུང་སྤྱོད་པ་དེ། །ཚུལ་འཆོས་ཕྱོགས་སུ་མ་བཏང་ཅིག །གྲོགས་སུ་འགྲོ་བའི་སྤྱོད་པ་དེ། །ཐོ་ཅོའི་ཕྱོགས་སུ་མ་བཏང་ཅིག །འཛིན་མེད་རོ་སྙོམས་སྤྱོད་པ་དེ། །ཆགས་སྡང་ཕྱོགས་སུ་མ་བཏང་ཅིག །བྱར་མེད་ལྷུག་པའི་སྤྱོད་པ་དེ། །སྡིག་པའི་ཕྱོགས་སུ་མ་བཏང་ཅིག །འཁོར་གསུམ་ཡང་དག་སྤྱོད་པ་དེ། །ཟག་བཅས་དགེ་བར་མ་བཏང་ཅིག །དགེ་མེད་སྡིག་མེད་སྤྱོད་པ་དེ། །ལུང་མ་བསྟན་དུ་མ་བཏང་ཅིག །སངས་རྒྱས་གཏན་ལ་འབེབས་ཙམ་ན། །སེམས་ལས་མ་གཏོགས་ཆོས་རྣམས་མེད། །སེམས་ཉིད་རྟོགས་ན་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་མ་བཙལ་ཞིག །ཆོས་སྐུ་དག་པ་གཉིས་ལྡན་དེ། །གཞི་ཡི་ཕྱོགས་སུ་མི་གཏང་འཚལ། །གཟུགས་སྐུ་གདུལ་བྱའི་སྣང་བ་ལ། །སངས་རྒྱས་ངོ་བོར་མ་འཛིན་ཅིག །གཞི་ལ་སངས་རྒྱས་མེད་པ་ལ། །ཐོབ་ཏུ་རེ་བ་མི་བགྱིད་འཚལ། །དོན་ལ་སེམས་ཅན་མེད་པ་ལ། །སྡུག་གི་དོགས་པ་མི་བགྱིད་འཚལ། །ལྟ་བ་བསམ་བརྗོད་མེད་པ་ལ། །མདོ་རྒྱུད་ཐོས་བསམ་བྱས་པས་འཁྲུལ། །སྒོམ་པ་མཐའ་དང་བྲལ་བ་ལ། །ལུས་སེམས་རྩོལ་བ་བྱས་པས་འཁྲུལ། །སྤྱོད་པ་ཤུགས་འབྱུང་འགག་མེད་དེ། །ཚུལ་འཆོས་ཐོ་ཅོར་ཤོར་བས་འཁྲུལ། །འབྲས་བུ་འཁོར་འདས་དབྱེར་མེད་དེ། །རེ་དོགས་ཕྱོགས་སུ་ཤོར་བས་འཁྲུལ། །ལྟ་བ་དབུ་མ་ཆེན་པོ་དེ། །ཁས་ལེན་མེད་དེ་མ་འཁྲུལ་བདེ། །སྒོམ་པ་ལུས་སེམས་ལྷུག་པ་དེ། །རྩོལ་སྒྲུབ་མེད་དེ་མ་འཁྲུལ་བདེ། །སྤྱོད་པ་ཆགས་སྡང་རྒྱུ་གཞི་དེ། །བླང་དོར་མེད་དེ་མ་འཁྲུལ་བདེ། །འབྲས་བུ་ཕྱག་རྒྱ་ཆེན་པོ་དེ། །རེ་དོགས་མེད་པས་མ་འཁྲུལ་བདེ། །ལྟ་བ་སྤྲོས་པ་མེད་ན་ཡིན། །སྒོམ་པ་ཡེངས་བ་མེད་ན་ཡིན། །སྤྱོད་པ་བྱ་བ་ཐོང་ན་ཡིན། །འབྲས་བུ་སེམས་ཉིད་རྟོགས་ན་ཡིན། །སྒྲོ་འདོགས་ཆོད་ན་ལྟ་བ་ཡིན། །ཡེངས་པ་མེད་ན་སྒོམ་པ་ཡིན། །ཞེན་ཆགས་མེད་ན་སྤྱོད་པ་ཡིན། །ཡོན་ཏན་རྫོགས་ན་འབྲས་བུ་ཡིན། །ལར་ལྟ་བ་རྟོགས་པའི་སྐྱེས་བུ་ལ། །སྒོམ་དུ་ཅི་ཡང་མི་གདའ་ན། །ཉམས་ལེན་མེད་པའི་སྒོམ་ཆེན་དེ། །སྤྱོད་པ་སྤྱད་རྒྱུ་མི་གདའ་ན། །སྤྱོད་དང་བྲལ་བའི་རྣལ་འབྱོར་ལ། །འབྲས་བུ་ཅི་ཡང་མི་གདའ་ན། །ལྟ་བ་མེད་པ་ལྟ་བའི་མཆོག །གྲུབ་མཐའ་བདེ་ལ་དགོས་པ་མེད། །སྒོམ་དུ་མེད་པ་བསྒོམ་པའི་མཆོག །སེམས་འཛིན་འདི་ལ་དགོས་པ་མེད། །སྤྱོད་པ་མེད་པ་སྤྱོད་པའི་མཆོག །ཚུལ་འཆོས་འདི་ལ་དགོས་པ་མེད། །འབྲས་བུ་མེད་པ་འབྲས་བུའི་མཆོག །རེ་དོགས་འདི་ལ་དགོས་པ་མེད། །ལར་གནས་ལུགས་དོན་ལ་མཐོང་རྒྱུ་མེད། །ད་ནི་ལྟ་ཡང་མི་ལྟའོ། །གཉུག་མ་འདི་ལ་བསྒོམ་རྒྱུ་མེད། །ད་ནི་བསྒོམ་ཡང་མི་བསྒོམ་མོ། །དབྱིངས་ཀྱི་དང་ལ་སྤྱོད་དུ་མེད། །ད་ནི་སྤྱད་ཀྱང་མི་སྤྱད་དོ། །ལྟ་བ་མཐའ་དབུས་མི་གདའ་ན། །ནམ་མཁའ་ཡིན་པ་ཀ་སྙམ་བགྱིད། །སྒོམ་ལ་གཡོ་འགུལ་མི་གདའ་ན། །རི་བོ་ཡིན་པ་ཀ་སྙམ་བགྱིད། །ཉམས་ལ་གསལ་འགྲིབ་མི་གདའ་ན། །ཉི་ཟླ་ཡིན་པ་ཀ་སྙམ་བགྱིད། །སྤྱོད་པ་བླང་དོར་མི་གདའ་ན། །ས་གཞི་ཡིན་པ་ཀ་སྙམ་བགྱིད། །འབྲས་བུ་རེ་དོགས་མི་གདའ་ན། །ཞེན་ལོག་ཡིན་པ་ཀ་སྙམ་བགྱིད། །ལྟ་ཐོག་ཏུ་སྒོམ་པ་ཁེལ་མ་ཁེལ། །ལྟ་ཐོག་ཏུ་སྒོམ་པ་ཁེལ་ཙམ་ན། །གཉུག་མའི་དོན་ལ་ཡེངས་པ་མེད། །སྒོམ་ཐོག་ཏུ་ལྟ་བ་ཁེལ་མ་ཁེལ། །སྒོམ་ཐོག་ཏུ་ལྟ་བ་ཁེལ་ཙམ་ན། །བསམ་གཏན་གྱི་རོ་ལ་ཆགས་པ་མེད། །སྤྱོད་ཐོག་ཏུ་ལྟ་སྒོམ་ཁེལ་མ་ཁེལ། །སྤྱོད་ཐོག་ཏུ་ལྟ་སྒོམ་ཁེལ་ཙམ་ན། །མཉམ་རྗེས་མེད་པའི་ཉམས་རྟོགས་འཆར། །སེམས་ལ་རྟོགས་པ་མ་སྐྱེས་པའི། །ལྟ་བ་མཐོ་བས་ཅི་ལ་ཕན། །ཉོན་མོངས་གཉེན་པོར་མ་སོང་བས། །སྒོམ་ལ་བཟང་བས་ཅི་ལ་ཕན། །ཤེས་རབ་སྙིང་རྗེས་མ་ཟིན་པས། །སྤྱོད་པ་ཞིབ་པས་ཅི་ལ་ཕན། །རང་སྐྱོན་ཁ་ཡང་མ་འབྲི་བས། །ཡེ་སངས་རྒྱས་ཀྱིས་ཅི་ལ་ཕན། །སྐྱེ་བ་མེད་པའི་དོན་རྟོགས་ན། །ལྟ་བ་ཚད་དུ་སྐྱོལ་བ་ཡིན། །མཉམ་གཞག་རྗེས་ཐོབ་གཉིས་མེད་ན། །སྒོམ་པ་ཚད་དུ་སྐྱོལ་བ་ཡིན། །ཚར་གཅད་རྗེས་གཟུང་སྙོམས་པ་ན། །སྤྱོད་པ་ཚད་དུ་སྐྱོལ་པ་ཡིན། །ཆོས་སྐུ་གཟུགས་སྐུ་གཉིས་ཐོབ་ན། །འབྲས་བུ་ཚད་དུ་སྐྱོལ་བ་ཡིན། །ལྟ་བ་རང་གི་སེམས་ལ་དྲིས། །རྟག་ཆད་འདུག་གམ་མི་འདུག་ལྟོས། །སྒོམ་པ་རང་གི་སེམས་ལ་དྲིས། །ཡེང་བ་འདུག་གམ་མི་འདུག་ལྟོས། །སྤྱོད་པ་རང་གི་སེམས་ལ་དྲིས། །ཐ་མལ་འདུག་གམ་མི་འདུག་ལྟོས། །འབྲས་བུ་རང་གི་སེམས་ལ་དྲིས། །དཀའ་ཐུབ་ནུས་སམ་མི་ནུས་ལྟོས། །ལྟ་བ་སེམས་ཀྱི་སྐྱེལ་མ་ཡིན། །སྒོམ་པ་སེམས་ཀྱི་འགྲོ་ལམ་ཡིན། །སྤྱོད་པ་སེམས་ཀྱི་གྲོགས་པོ་ཡིན། །འབྲས་བུ་སེམས་ཀྱི་སུན་མ་ཡིན། །ལྟ་བའི་དགུང་སྔོན་མཐོ་ན་བཞེད། །སྒོམ་པའི་རྒྱ་མཚོ་ཟབ་ན་བཞེད། །སྤྱོད་པའི་ཞིང་ས་གཤིན་ན་བཞེད། །འབྲས་བུའི་ལོ་ཏོག་སྨིན་ན་བཞེད། །བདག་ཤེས་རབ་ཅན་ཡང་མ་ལགས་ཏེ། །བླ་མ་མཁས་པ་བསྟེན་པ་དང༌། །ཐོས་བསམ་བྱས་པའི་ཡོན་ཏན་གྱིས། །རྟོགས་པའི་གོ་ཚུལ་འདི་ལྟར་སྐྱེས། །རྒྱ་མཚོའི་རུས་སྦལ་གཉའ་ཤིང་ལྟར། །མི་ལུས་ཐོབ་པ་དཀའ་བར་གོ །འཇོག་པོའི་གཙུག་གི་ནོར་བུ་བཞིན། །བླ་མ་རྙེད་པར་དཀའ་བར་གོ །དུས་བཞི་ལུས་ཀྱི་འགྱུར་བ་འདི། །འཆི་བའི་བྱ་གཏོང་ཡིན་པར་གོ །སྐྱེས་བུ་དགྲ་ཡི་ཡུལ་བཏོན་བཞིན། །ཐམས་ཅད་བཞག་ནས་འགྲོ་བར་གོ །རྨ་བྱའི་མདོངས་ཀྱི་ཁ་དོག་བཞིན། །ཐམས་ཅད་ལས་ལས་སྐྱེས་པར་གོ །རང་བཞིན་སྟོང་པ་ཉིད་རྟོགས་ན། །འཁོར་བར་སྐྱེ་བ་མེད་པར་གོ །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་བའི་རང་བཞིན་སྟོང་པར་གོ །རྨི་ལམ་ལྟད་མོ་མཐོང་བ་བཞིན། །སྟོང་པའི་རང་བཞིན་སྣང་བར་གོ །ཁ་ཆུ་དྭངས་པའི་གསེར་བཞིན་དུ། །རང་བཞིན་རྣམ་པར་དག་པར་གོ །སྤྲིན་དང་རྙོག་མ་གཡའ་བཞིན་དུ། །རྣམ་རྟོག་གློ་བུར་ཡིན་པར་གོ །རྣམ་རྟོག་འཁོར་བ་ཡིན་པར་གོ །རྟོག་མེད་མྱང་འདས་ཡིན་པར་གོ །འཁོར་བ་སྡུག་བསྔལ་ཡིན་པར་གོ །ཐར་པ་བདེ་བ་ཡིན་པར་གོ །བདེ་སྡུག་གཉིས་སུ་མེད་པར་གོ །ཡེ་སྟོང་ཡེ་བྲལ་ཡིན་པར་གོ །ལར་སེམས་ལ་གོ་རྟོགས་ཤར་ན་བདེ། །ལྟ་བ་རྟོགས་ན་ཡང་ཀྱང་བདེ། །རྣམ་པར་སྨིན་པའི་སྒྱུ་ལུས་བདེ། །ན་ཚ་མེད་ན་ཡང་ཀྱང་བདེ། །རི་ཁྲོད་དགོན་པ་བརྟེན་ན་བདེ། །བྱ་བ་བཏང་ན་ཡང་ཀྱང་བདེ། །ཆོས་དང་མཐུན་པའི་འཚོ་བ་བདེ། །ལོག་འཚོ་སྤངས་ན་ཡང་ཀྱང་བདེ། །ལུས་སེམས་གཞོན་པའི་འདོད་ཡོན་བདེ། །ཐབས་ཀྱིས་ཟིན་ན་ཡང་ཀྱང་བདེ། །ལྟ་སྤྱོད་མཐུན་པའི་གྲོགས་པོ་བདེ། །གཅིག་པུར་སྡོད་པའི་ཉམས་ལེན་བདེ། །ཞེན་ཆགས་མེད་པའི་ཟས་ནོར་བདེ། །ངེས་པ་མེད་པའི་སྡོད་ས་བདེ། །ངོ་སྲུང་བྲལ་བའི་མཐུན་འཇུག་བདེ། །རང་དབང་རང་གིས་ཐོབ་ན་བདེ། །བདག་བསོད་ནམས་ཅན་ཅིག་མ་ལགས་ཏེ། །མི་ལུས་གཙང་མ་ཐོབ་པ་དང༌། །སངས་རྒྱས་བསྟན་པ་དར་བ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །མི་ཆོས་ལ་ཞེན་པ་ལོག་པ་དང༌། །ལྷ་ཆོས་ལ་སྤྲོ་བ་སྐྱེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །རང་ཡུལ་སྤངས་ནས་ཕྱིན་པ་དང༌། །བྱེས་སུ་བླ་མ་མཇལ་བ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །སྡེ་སྣོད་ལ་ཐོས་པ་བྱས་པ་དང༌། །ཚིག་དོན་གཉིས་ཀ་ཤེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །སྔགས་ཀྱི་བླ་མ་རྙེད་པ་དང༌། །དབང་བཞི་རྫོགས་པར་ཐོབ་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །སྙན་བརྒྱུད་གདམས་ངག་གནང་བ་དང༌། །ངེས་ཤེས་གཏིང་ནས་སྐྱེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །རྗེ་ལ་མོས་པ་སྐྱེས་པ་དང༌། །བྱིན་རླབས་རྒྱུད་ལ་ཞུགས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ཕྱི་ཡུལ་སྒྲོ་འདོགས་ཆོད་པ་དང༌། །རང་བྱུང་ཡེ་ཤེས་ཤར་བ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །བསྐྱེད་རིམ་ལྷ་རུ་གསལ་བ་དང༌། །རྫོགས་རིམ་ཉམས་སུ་མྱོང་བ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ལུས་ལ་བདེ་དྲོད་འབར་བ་དང༌། །སེམས་ལ་སྣང་སྟོང་སྐྱེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ཀུན་རྫོབ་འཁྲུལ་པར་གོ་བ་དང༌། །དོན་དམ་སྟོང་པར་ཤེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ཤེས་པ་ཡུལ་ལ་ཤོར་བ་དང༌། །དྲན་པའི་ལྕགས་ཀྱུས་ཟིན་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །རྐྱེན་ངན་ཇག་པ་བྱུང་བ་དང༌། །གཉེན་པོའི་ར་མདས་སླེབ་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །འདོད་པ་ཡུལ་ལ་ཤོར་བ་དང༌། །ཐབས་ལ་མཁས་པས་ཟིན་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །བདེ་སྡུག་ཉམས་སུ་མྱོང་བ་དང༌། །དེ་ཉིད་སྒྱུ་མར་ཤེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །སེམས་ཅན་སྡུག་བསྔལ་མཐོང་བ་དང༌། །སྙིང་རྗེ་གཏིང་ནས་སྐྱེས་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །རྒོལ་བའི་ཀླན་ཀ་བྱུང་བ་དང༌། །གཏན་ཚིགས་ཁོང་ནས་ཤར་བ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །བསོད་ནམས་ཆུ་མིག་རྡོལ་བ་དང༌། །ཟས་ནོར་ཞེན་པ་ལོག་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ཚུལ་འཆོས་སྤྱོད་པ་དོར་བ་དང༌། །ཅི་དགའི་སྤྱོད་པ་བྱེད་པ་གཉིས། །དེ་གཉིས་དུས་མཉམ་གཅིག་ཏུ་བྱུང༌། །ཐོས་དང་ཤེས་རབ་འཛོམ་ཡང་འཚལ། །ལུང་དང་རིགས་པར་འཛོམ་ཡང་འཚལ། །བླ་མ་བརྒྱུད་པར་འཛོམ་ཡང་འཚལ། །གདམས་ངག་ཉམས་ལེན་འཛོམ་ཡང་འཚལ། །དད་པ་བརྩོན་འགྲུས་འཛོམ་ཡང་འཚལ། །ཡོན་ཏན་གྲགས་པར་འཛོམ་ཡང་འཚལ། །ཤེས་རབ་མེད་པའི་ཐོས་པ་དེས། །གོ་རྟོགས་སྐྱེ་བར་མི་གདའ་ན། །ལུང་གིས་མ་ཟིན་རིག་པ་དེས། །ངེས་ཤེས་སྐྱེ་བར་མི་གདའ་ན། །བརྒྱུད་པ་མེད་པའི་བླ་མ་དེས། །བྱིན་རླབས་འབྱུང་བར་མི་གདའ་ན། །བརྩོན་འགྲུས་མེད་པའི་དད་པ་དེས། །ལག་ཏུ་ལོན་པར་མི་གདའ་ན། །ཉམས་ལེན་མེད་པའི་གདམས་ངག་དེས། །རང་ལ་ཕན་པར་མི་གདའ་ན། །གྲགས་པ་མེད་པའི་ཡོན་དན་དེས། །གཞན་ལ་ཕན་པར་མི་གདའ་ན། །སྒོང་མེད་བྱ་དེ་གང་ནས་བྱུང༌། །བྱ་མེད་སྒོ་ང་ཅི་ལས་བྱུང༌། །བྱ་དང་སྒོ་ང་གང་སྔའོ། །རང་བཞིན་སྐྱེ་བ་མེད་པ་ལ། །རྐྱེན་གྱིས་བྱེད་པར་མི་འདུག་ན། །རྒྱུ་དང་འབྲས་བུ་གང་སྔའོ། །སེམས་ཉིད་གདོད་ནས་དག་པ་ལ། །རྣམ་རྟོག་ཡེ་ཤེས་གཉིས་མེད་ན། །སངས་རྒྱས་སེམས་ཅན་གང་སྔའོ། །ཆོས་རྣམས་ཡེ་ནས་མེད་པ་ལ། །འབྲས་བུ་སངས་རྒྱས་མི་འབྱུང་ན། །ཆོས་དང་སངས་རྒྱས་གང་སྔའོ། །དོན་ལ་ཅི་ཡང་མེད་པ་ལ། །འཁྲུལ་དང་མ་འཁྲུལ་གཉིས་མེད་ན། །ཀུན་རྫོབ་དོན་དམ་གང་སྔའོ། །དོན་ལ་སངས་རྒྱས་མེད་པ་ལ། །སྡེ་སྣོད་གསུམ་པོ་སུ་ཡིས་གསུངས། །སྟོན་པས་ཆོས་འགའ་མ་གསུངས་ན། །པུསྟི་གླེགས་བམ་ཇི་ལྟར་ཡིན། །འགག་པ་དངོས་མེད་ཤི་བ་དང༌། །སྐྱེ་བར་འགྱུར་བ་གང་ཐམས་ཅད། །བྱས་པ་དོན་མེད་ཅེས་གསུངས་ན། །ལས་ལས་འབྲས་བུ་ཅང་འབྱུང་ངམ། །རང་བཞིན་གདོད་ནས་མ་སྐྱེས་པ། །འགག་པར་འགྱུར་བ་ཇི་ལྟར་ཡིན། །ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི། །དངོས་པོ་གང་ཡང་ཡོད་པ་མིན། །འགྱུར་བ་མེད་པའི་ཆོས་ཉིད་དེ། །སྐྱེ་འགག་ཡོད་པ་ཇི་ལྟར་ཡིན། །ཆོས་རྣམས་ཐམས་ཅད་བརྫུན་ཡིན་ན། །བློ་ལྟོས་བྱེད་པ་ཇི་ལྟར་ཡིན། །ཆོས་རྣམས་ཐམས་ཅད་བདེན་ཡིན་ན། །ཐམས་ཅད་བསླུ་བ་ཇི་ལྟར་ཡིན། །འཁོར་བ་སྡུག་བསྔལ་ཉིད་ཡིན་ན། །སྡིག་པ་བྱེད་པ་ཤིན་ཏུ་འཁྲུལ། །མཐོ་རིས་ཐར་པ་མེད་གསུངས་ན། །དེ་རྒྱུ་དགེ་བ་བྱེད་པ་འཁྲུལ། །ལས་འབྲས་བདེན་པ་ཉིད་ཡིན་ན། །རང་བཞིན་སྟོང་པ་ཡིན་པ་འཁྲུལ། །ཆུ་ཟླ་ནམ་མཁའི་ཟླ་བ་མིན། །དེ་ལ་མ་ལྟོས་དེ་སྣང་མེད། །དེ་བཞིན་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་བདེན་པ་གཉིས་སུ་གསུངས། །བདེན་པ་གཉིས་ལས་མ་གཏོགས་པའི། །ཆོས་དེ་འཐད་པར་མི་འགྱུར་ཏེ། །རང་བཞིན་བདེན་མིན་བརྫུན་མིན་པས། །བདེན་པ་གཉིས་སུ་འཛིན་པ་འཁྲུལ། །འདོད་ཡོན་སྲེད་པའི་ཆ་ཆུ་ལ། །ངོམས་པའི་དུས་གཅིག་མི་གདའ་ན། །མཛེ་པོས་མེ་ལོང་བལྟས་པ་བཞིན། །ཞེན་པ་ལོག་ན་ངོམས་པ་ལགས། །དུཿཁ་ཆུ་བོའི་གཉེར་མ་ལ། །སངས་པའི་དུས་གཅིག་མི་གདའ་ན། །ཐབས་ཀྱིས་མེ་བསད་དུ་བ་བཞིན། །སྡིག་ལས་ལོག་ན་སངས་པ་ཡིན། །སྐྱེ་རྒ་ན་འཆིའི་ཆུ་བོ་ལས། །ཐར་པའི་དུས་གཅིག་མི་གདའ་ན། །ཆུ་ལ་ཟམ་པ་བཙུགས་པ་བཞིན། །སྐྱེ་མེད་རྟོགས་ན་ཐར་པ་ལགས། །འཁོར་བའི་རྒྱ་མཚོ་ཆེན་པོ་ལ། །བསྐམ་པའི་དུས་གཅིག་མི་གདའ་ན། །སྲིད་པའི་ཉི་བདུན་ཤར་བ་བཞིན། །འདོད་སྲེད་ལོག་ན་སྐམ་པ་ཡིན། །འདུས་བྱས་བྱ་བའི་ལས་དཀའ་ལ། །ཟིན་པའི་དུས་གཅིག་མི་གདའ་ན། །ཆུ་དག་འོལ་ཁ་བསྒྱུར་བ་བཞིན། །ཅོག་གིས་བཞག་ན་ཟིན་པ་ལགས། །གཏི་མུག་མུན་པ་ཐིབས་པོ་ལ། །སངས་པའི་དུས་གཅིག་མི་གདའ་ན། །མུན་ཁུང་ནང་དུ་སྒྲོན་མེ་བཞིན། །ཡེ་ཤེས་ཉི་མ་ཤར་ན་སངས། །བདག་མེད་ཡེ་ཤེས་ཉི་མ་ལ། །འཆར་བའི་དུས་གཅིག་མི་གདའ་ན། །ཉི་མ་འཆར་བའི་སྐྱ་རེངས་བཞིན། །ཆོས་མཆོག་རྒྱུད་ལ་སྐྱེས་ན་འཆར། །རྣམ་རྟོག་ཉོན་མོངས་ཟུག་རྔུ་ལ། །འབྱིན་པའི་དུས་གཅིག་མི་གདའ་ན། །སྨན་པ་མཁས་པས་མདེའུ་བཏོན་བཞིན། །གཉེན་པོ་སྟོབས་དང་ལྡན་ན་འབྱིན། །བདག་འཛིན་སེར་སྣའི་མདུད་པ་ལ། །གྲོལ་བའི་དུས་གཅིག་མི་གདའ་ན། །དར་གྱི་མདུད་པ་བཀྲོལ་བ་བཞིན། །ལོངས་སྤྱོད་སྒྱུ་མར་ཤེས་ན་གྲོལ། །ཁམས་གསུམ་འཁོར་བའི་བཙོན་དོང་ནས། །ཐར་པའི་དུས་གཅིག་མི་གདའ་ན། །བཙོན་བུ་དོང་ནས་བཏོན་པ་བཞིན། །གཟུང་འཛིན་ལྕགས་སྒྲོག་གྲོལ་ན་ཐར། །མྱ་ངན་འདས་པའི་གྲོང་ཁྱེར་དུ། །ཕྱིན་པའི་དུས་གཅིག་མི་གདའ་ན། །འགྲོན་པོ་ལམ་དུ་ཞུགས་པ་བཞིན། །ཐར་པའི་ལམ་སྣ་ཟིན་ན་ཕྱིན། །བླ་མ་དགེ་བའི་བཤེས་གཉེན་དང༌། །མཇལ་བའི་དུས་གཅིག་མི་གདའ་ན། །རྟག་ཏུ་ངུ་དང་ཆོས་འཕགས་བཞིན། །སྔོན་སྦྱངས་ལས་འཕྲོ་ཡོད་ན་མཇལ། །གདམས་ངག་བདུད་རྩིའི་ཆུ་རྒྱུན་ལ། །འཐུང་བའི་དུས་གཅིག་མི་གདའ་ན། །སྐོམ་པས་བཏུང་བ་རྙེད་པ་བཞིན། །སྣོད་ལྡན་བྱ་བ་བཏང་ན་འཐུང༌། །གཉིས་མེད་ཕྱག་རྒྱ་ཆེན་པོ་ལ། །རྟོགས་པའི་དུས་གཅིག་མི་གདའ་ན། །རྔ་མོ་བུ་དང་འཕྲད་པ་བཞིན། །སེམས་ངོ་ཤེས་ན་རྟོགས་པ་ལགས། །ཐ་སྙད་ཚིག་གི་ལོ་མ་ལ། །འཛད་པའི་དུས་གཅིག་མི་གདའ་ན། །ཀ་ཆ་ཟད་པའི་ཡོ་ལང་བཞིན། །རྣམ་རྟོག་ཟད་ན་འཛད་པ་ལགས། །རང་རྒྱུད་ཀོ་བ་གྱོང་པོ་ལ། །ཐུལ་བའི་དུས་གཅིག་མི་གདའ་ན། །ཆུ་སེར་ཅན་ལ་ཀླད་ཆུ་བཞིན། །ཆོས་བཞིན་བྱེད་ན་ཐུལ་བ་ལགས། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ལ། །ཐོབ་པའི་དུས་གཅིག་མི་གདའ་ན། །བསོད་ནམས་བསགས་པའི་རྒྱལ་སྲིད་བཞིན། །ཚོགས་གཉིས་རྫོགས་ན་ཐོབ་པ་ལགས། །ཐོས་བསམ་བྱས་པའི་གྲྭ་པ་རྣམས། །མདོ་རྒྱུད་དགོངས་པ་ལངས་ལགས་སམ། །སྒྲོ་འདོགས་ཆོད་པ་མེད་ཉེན་ཆེའོ། །ཐ་སྙད་ཕྱོགས་སུ་མི་བཏང་འཚལ། །ཟིན་བཤད་མཛད་པའི་སྟོན་པ་ཀུན། །རང་ལ་ངེས་ཤེས་བདོག་ལགས་སམ། །དམ་པའི་གདམས་ངག་རྩད་ཆོད་ཅིག །མཁས་པ་ཐ་མལ་འཆི་ཉེན་གདའོ། །ཉམས་ལེན་མཛད་པའི་སྒོམ་ཆེན་ཀུན། །བྲེ་མོའི་ལས་ལ་མ་དགའ་མཛོད། །ལྟོ་རྒྱབ་གདུང་བ་མ་ཆེ་མཛོད། །བསམ་གཏན་རོ་ལ་མ་ཆགས་མཛོད། །སྡིག་ལས་ལོག་པའི་ཆོས་པ་ཀུན། །མདོ་རྒྱུད་ལྟ་རྟོགས་བག་རེ་མཛོད། །སྐབས་སུ་བླ་མའི་ཆགས་ཕྱིར་འབྲང༌། །རྟག་ཏུ་རང་གི་སེམས་ལ་ལྟོས། །དགེ་བའི་ཕྱོགས་ལ་གཡེལ་བ་ན། །འཆི་བའི་འགྱུར་བ་ཡིད་ལ་གྱིས། །ཡུལ་ལ་ཆགས་སྡང་སྐྱེས་པ་ན། །ཆོས་ཀྱི་ཆོས་ཉིད་ཡིད་ལ་གྱིས། །འཁོར་དང་ཟང་ཟིང་འབྲེལ་པ་ན། །བདུད་ཀྱི་བསླུ་བྲིད་ཤེས་པར་གྱིས། །ཇི་ལྟར་བྱས་ཀྱང་མ་བདེ་ན། །འཁོར་བའི་ཉེས་དམིགས་ཡིད་ལ་གྱིས། །ཆོས་ཀྱིས་འདི་དང་ཕྱི་མར་བདེ། །སྲིད་པ་བར་དོར་བདེ་བ་སྟེ། །སྐྱེ་བ་ཕྱི་མར་བདེ་བ་ཡིན། །སྐྱེ་བ་མེད་པས་ཤིན་ཏུ་བདེ། །རང་བདེ་གཞན་བདེ་གཉིས་ཀ་བདེ། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །མི་ལུས་གཙང་མ་ཐོབ་དུས་སུ། །ལྷ་ཆོས་མི་བགྱིད་ཇི་ལྟར་ལགས། །བླ་མ་དམ་པ་བསྟེན་བསྟེན་ནས། །མཉེས་པར་མི་བགྱིད་ཇི་ལྟར་ལགས། །གདམས་ངག་ཟབ་མོ་ཞུ་ཞུ་ནས། །ཉམས་སུ་མི་ལེན་ཇི་ལྟར་ལགས། །ཆོས་ལ་ངེས་ཤེས་སྐྱེས་སྐྱེས་ནས། །སླར་ལ་ལྡོག་པ་ཇི་ལྟར་ལགས། །ལར་རང་ཡུལ་སྤོངས་ལ་བྱེས་སུ་སྡོད། །ཡུལ་དང་བྲལ་ཡང་འགྱོད་པ་མེད། །བློ་ཕུགས་དཀར་པོའི་ཆོས་ལ་གཏོད། །དམྱལ་བར་སྐྱེས་ཀྱང་འགྱོད་པ་མེད། །ཡི་དམ་གཙོ་བོར་བླ་མ་བསྟེན། །ཡོ་བྱད་ཟད་ཀྱང་འགྱོད་པ་མེད། །བླ་མ་བསྙེན་བཀུར་གང་ཡིན་བྱ། །ཐུགས་མི་འདོགས་ཀྱང་འགྱོད་པ་མེད། །ལུང་དང་བསྟུན་པའི་མན་ངག་ཞུ། །ཉམས་ལེན་མ་བྱུང་འགྱོད་པ་མེད། །དགེ་སྦྱོར་གཙོ་བོར་བྱ་བ་ཐོང༌། །དངོས་གྲུབ་མ་ཐོབ་འགྱོད་པ་མེད། །སོ་ནམ་གཙོ་བོར་དམ་ཚིག་སྲུངས། །གྲོགས་ཀྱིས་ཁྲེལ་ཡང་འགྱོད་པ་མེད། །ཚོགས་བསོགས་མི་ཚེ་ཆོས་ལ་སྐྱོལ། །ཤི་བར་གྱུར་ཀྱང་འགྱོད་པ་མེད། །རང་རེ་མི་འགྱོད་ཙམ་རེ་མཛོད། །གཞན་གྱིས་འཕྱས་ཀྱང་འགྱོད་པ་མེད། །གྲོགས་ལ་མ་དགའ་གཅིག་པུར་སྡོད། །ནད་གཡོག་མེད་ཀྱང་འགྱོད་པ་མེད། །ལྟ་རྟོགས་གཙོ་བོར་སེམས་ལ་ལྟོས། །གོ་རྟོགས་ཆུང་ཡང་འགྱོད་པ་མེད། །ནད་དང་མཐུན་པའི་ཁ་ཟས་བསྟེན། །ན་ཚ་བྱུང་ཡང་འགྱོད་པ་མེད། །རྟེན་དང་མཐུན་པའི་སྤྱོད་པ་གྱིས། །ཚུལ་འཆོས་སོང་ཡང་འགྱོད་པ་མེད། །གཞན་སྐྱོན་མ་རྟོག་རང་སྐྱོན་རྟོག །ཤ་ཚ་ཆུང་ཡང་འགྱོད་པ་མེད། །བསམ་མནོའི་གཙོ་བོར་གཞན་ཕན་སོམས། །རང་དོན་ཤོར་ཡང་འགྱོད་པ་མེད། །ཉམས་དང་མཐུན་པའི་གླུ་ཆུང་ལོང༌། །ཐོ་ཅོར་ཤོར་ཡང་འགྱོད་པ་མེད། །ཡོ་ལང་བསྲིས་ཀྱི་ཚོད་དང་སྦྱོར། །སྟོན་མོ་ངན་ཡང་འགྱོད་པ་མེད། །རྒྱ་མཚོའི་ནང་དུ་རྡོ་བསྐྱུར་བཞིན། །ཕྱིར་མི་ལྡོག་པའི་ཆོས་ཤིག་འཚལ། །ཏཱ་ལའི་མགོ་བོ་བཅད་པ་བཞིན། །སྐྱེ་བ་མེད་པའི་ཆོས་ཤིག་འཚལ། །མུན་པའི་ཚོགས་ལ་སྣང་བ་བཞིན། །གཉེན་པོར་འགྲོ་བའི་ཆོས་ཤིག་འཚལ། །རིག་བྱེད་བྲམ་ཟེའི་སློབ་མ་བཞིན། །ལུང་གིས་ཟིན་པའི་ཆོས་ཤིག་འཚལ། །གསེར་ལ་ནག་ཚུར་བཏབ་པ་བཞིན། །གྲོགས་སུ་འགྲོ་བའི་ཆོས་ཤིག་འཚལ། །ལྷ་ཁང་ནང་གི་སྒོ་སྲུང་དེ། །བརྡེག་བརྡེག་འདྲ་ལ་མི་བརྡེག་གོ །མངའ་ཐང་རྒྱས་པའི་ཁྱིམ་པ་དེ། །སྐྱིད་སྐྱིད་འདྲ་ཡང་སྡུག་པ་ཡིན། །དཀའ་ཐུབ་བྱེད་པའི་ཆོས་པ་དེ། །སྡུག་སྡུག་འདྲ་ཡང་སྐྱིད་པ་ཡིན། །སྦྱིན་པ་བཏང་བའི་ལོངས་སྤྱོད་དེ། །འཛད་འཛད་འདྲ་ཡང་འཕེལ་བ་ཡིན། །སངས་རྒྱས་སེམས་ཅན་མཉམ་པ་ལ། །སྐྱིད་སྡུག་ཁྱད་རེ་ཆེ་ཞིག་བྱུང༌། །བདག་དང་གཞན་དུ་མཉམ་པ་ལ། །ཆེད་འཛིན་ཁྱད་རེ་ཆེ་ཞིག་བྱུང༌། །དགྲ་དང་བུ་རུ་མཉམ་པ་ལ། །བྱམས་སྡང་ཁྱད་རེ་ཆེ་ཞིག་བྱུང༌། །མི་ལུས་ཐོབ་པར་མཉམ་པ་ལ། །རྒྱལ་ཕམ་ཁྱད་རེ་ཆེ་ཞིག་བྱུང༌། །མི་ལུས་ཐོབ་པའི་སྐྱེས་བུ་ཀུན། །སྡིག་པའི་ལས་ལ་མ་དགའ་མཛོད། །ཚེ་འདིའི་དུཿཁ་མི་བཟོད་པར། །ངན་སོང་དུཿཁ་སྨོས་ཅི་དགོས། །དགེ་བ་བྱེད་པ་ཐམས་ཅད་ལ། །ལྟ་བ་བསྔོ་བས་ཟིན་པར་མཛོད། །ཟག་བཅས་དགེ་བར་མི་གཏང་འཚལ། །འཁོར་བ་པ་ལ་བདེ་བ་མེད། །རང་ལ་དེ་དོན་མི་གནས་པར། །ཞལ་ཏ་བྱས་པའི་ཅི་ལ་ཕན། །ཚེ་འདིའི་འདུ་ཤེས་མ་ལོག་པར། །ཆོས་སྒོར་ཞུགས་པས་ཅི་ལ་ཕན། །སྐྱེ་ཤིའི་འཇིགས་པ་མེད་པ་ལ། །གདམས་ངག་བསྟན་པས་ཅི་ལ་ཕན། །རྣམ་རྟོག་སྐྲ་ལོ་མ་བྲེགས་པའི། །མགོ་སྤུ་བྲེགས་པས་ཅི་ལ་ཕན། །ཐ་མལ་འདུ་ཤེས་མ་བསྒྱུར་བར། །གོས་མདོག་བསྒྱུར་བས་ཅི་ལ་ཕན། །བླ་མ་དམ་པ་མ་བསྟེན་པར། །རང་ཡུལ་སྤངས་པས་ཅི་ལ་ཕན། །གདམས་ངག་ཉམས་སུ་མ་བླངས་པར། །ཐོས་བསམ་བྱས་པས་ཅི་ལ་ཕན། །འཆི་བའི་དུས་ལ་བབས་པ་ན། །ཆོས་མིན་ཕན་པར་མི་གདའོ། །ལར་འདོད་ཅན་བླ་མ་གཡོ་སྒྱུ་ཅན། །ཟབ་མོའི་གདམས་ངག་གནང་དུས་མེད། །དྲང་དོན་བསླུ་བྲིད་བརྫུན་པོ་ཆེ། །ངེས་པའི་དོན་དང་མཇལ་དུས་མེད། །འཁོར་བའི་དུཿཁ་ཚན་པོ་ཆེ། །མྱ་ངན་འདས་པ་ཐོབ་དུས་མེད། །གཏི་མུག་མུན་ནག་ཚབས་པོ་ཆེ། །ཡེ་ཤེས་ཉི་མ་འཆར་དུས་མེད། །སྒྱུ་མ་ལྟ་བུའི་དོན་རྟོགས་ན། །བདེན་ཚིག་རྩད་ནས་ཆོད་པ་ལགས། །སྐྱེ་བ་མེད་པའི་དོན་རྟོགས་ན། །འཁྲུལ་པ་རྩད་ནས་ཆོད་པ་ལགས། །རྒྱུ་དང་འབྲས་བུའི་དོན་རྟོགས་ན། །དྲང་དོན་རྩད་ནས་ཆོད་པ་ལགས། །ནམ་མཁའ་ལྟ་བུའི་དོན་རྟོགས་ན། །ངེས་དོན་རྩད་ནས་ཆོད་པ་ལགས། །སྟོང་པ་ཉིད་ཀྱི་དོན་རྟོགས་ན། །རྣམ་རྟོག་རྩད་ནས་ཆོད་པ་ལགས། །བླ་མ་དམ་པའི་ཐུགས་ཟིན་ན། །གདམས་ངག་རྩད་ནས་ཆོད་པ་ལགས། །ཇི་ཙམ་པ་ཡི་ཆོས་ཤེས་ཀྱང༌། །གདམས་པའི་སྣོད་དང་མི་ལྡན་ན། །ལྟ་བ་རྟོགས་པར་མི་གདའོ། །ཐ་སྙད་སྤྲོས་པ་མ་ཆོད་པའི། །འཇིག་རྟེན་གཡེང་བས་མ་གཡེངས་ཤིང༌། །གཅིག་པུར་སྡོད་ཅིག་མ་ནུས་ན། །དངོས་གྲུབ་ཐོབ་པར་མི་གདའོ། །འཁོར་དང་ཟང་ཟིང་སྤོངས་ལ་ཐོང༌། །དོན་གྱི་བཅུད་ཐིགས་མ་རྟོགས་ན། །ཐ་སྙད་སྤུན་ལ་སྙིང་པོ་མེད། །ཆོས་བརྒྱད་གཡེང་བས་མ་ཁྱེར་བར། །བྱ་བ་ཐོང་ལ་ཉམས་སུ་ལོངས། །ལྟ་བ་སྒོམ་པ་འབྲེལ་ལམ་ལྟོས། །སྤྱོད་པ་དུས་དང་འབྲལ་ལམ་ལྟོས། །གདམས་ངག་ལུང་དང་འབྲེལ་ལམ་ལྟོས། །ཆོས་དང་གང་ཟག་འབྲེལ་ལམ་ལྟོས། །མཉམ་གཞག་རྗེས་ཐོབ་འབྲེལ་ལམ་ལྟོས། །བླ་མ་བརྒྱུད་པར་འབྲེལ་ལམ་ལྟོས། །ལར་མདོ་རྒྱུད་ཚིག་ལ་ཐུག་པ་མེད། །ད་ནི་ཚིག་འཕྲོ་གཅོད་ལས་ཆེ། །དོན་ལ་སྒྲོ་འདོགས་ཆོད་ནས་གདའ། །ད་ནི་ལྟ་འཕྲོ་གཅོད་ལས་ཆེ། །འཇིག་རྟེན་བྱ་བས་དགོས་པ་མེད། །ད་ནི་གཡེང་བ་སྤངས་ལས་ཆེ། །འཆི་བདག་གཤིན་རྗེ་བློ་ལྟོས་མེད། །ད་ནི་ཉམས་སུ་ལེན་ལས་ཆེ། །ནམ་འཆི་ཆ་མེད་བརྩོན་འགྲུས་བསྐྱེད། །སྐྱིད་ན་བླ་མའི་བཀའ་དྲིན་ཡིན། །སྡུག་ན་སྔོན་གྱི་ལས་འཕྲོ་ཡིན། །རྒུད་ན་ཞུམ་པར་མི་བགྱིད་ཅིང༌། །འབྱོར་ན་དྲེགས་པར་མི་བགྱིད་འཚལ། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ལས། །དད་པ་ཅན་གྱི་གང་ཟག་གིས། །སྡིག་ལས་ལྡོག་པ་དེ་ཡིན་མོད། །དགེ་བའི་བྱ་བ་འཇུག་དགོས་ལ། །བྱར་མེད་བློ་དང་ལྡན་དགོས་ཀྱིས། །ཆོས་ཀྱི་བྱ་བའང་ཞོག་ལ་ཐོང༌། །ཆོས་ལ་སྨོད་པ་མ་ལགས་ཏེ། །གང་ཟག་ལ་ཡང་གཤེ་མ་ལགས། །ཆོས་དང་གང་ཟག་འཛོལ་བ་མཐོང༌། །དེ་ཡང་ཇི་ལྟར་མཐོང་ཞེ་ན། །ཐོས་ཆུང་ཤེས་རབ་ཞན་པ་ཡིས། །གང་ཟག་ཆོས་ཀྱིས་བསླུས་པ་མཐོང༌། །རྟོགས་པའི་དོན་དང་མི་ལྡན་པར། །ཆོས་དང་གང་ཟག་སྒྲོ་སྐུར་ཆེ། །རྣམ་རྟོག་སྲིན་བུའི་ཁ་ཆུས་གཏུམས། །ང་བཟང་བདུད་ཀྱི་ལྕགས་ཀྱུས་ཟིན། །དུ་མ་རོ་གཅིག་གནད་དང་བྲལ། །བཀའ་གདམས་ཆོས་ཀྱང་ཞོག་ལ་ཐོང༌། །དགེ་སྡིག་བླང་དོར་མི་བྱེད་པས། །མི་ཤེས་བཞིན་དུ་མཁས་པར་བརྫུ། །དྲོད་མེད་ཐོ་ཅོའི་སྤྱོད་པ་བྱེད། །སླུ་བྱེད་རྒྱལ་ཁམས་བརྫུན་གྱིས་འགེངས། །རྣལ་འབྱོར་ཆོས་ཀྱང་ཞོག་ལ་ཐོང༌། །གསང་སྔགས་ཆོས་སུ་ཁས་བླངས་ནས། །སྨིན་ལམ་དབང་དང་མི་ལྡན་ཞིང༌། །གྲོལ་ལམ་ཐབས་ཀྱི་གནད་དང་བྲལ། །གསང་སྔགས་རྗེ་བཙུན་མ་མཇལ་བས། །ཕྱག་ཆེན་ཆོས་ཀྱང་ཞོག་ལ་ཐོང༌། །ཐེག་ཆེན་ཆོས་སུ་ཁས་བླངས་ནས། །སྙིང་རྗེ་བྱང་ཆུབ་སེམས་དང་བྲལ། །རྩོལ་མེད་གཞི་ཡི་ཆོས་སུ་ལས། །ཆོས་དང་གང་ཟག་འབྲེལ་པ་མེད། །རྫོགས་ཆེན་ཆོས་ཀྱང་ཞོག་ལ་ཐོང༌། །ཕུང་པོ་གཞི་མེད་རི་བོང་རྭས། །ཁྱད་པར་ཁ་མིག་གཉེར་མ་བགྲང༌། །མཚན་གཞི་མེད་པར་མཚན་ཉིད་ཚོལ། །མངོན་པའི་ཆོས་ཀྱང་ཞོག་ལ་ཐོང༌། །འཁྲུལ་སྣང་དངོས་མེད་བསླུ་བ་ལ། །དོན་མེད་འགལ་འགལ་འབྲེལ་རྩིས་བྱེད། །སེམས་ལ་མི་ཕན་འཆི་ཁར་བསླུ། །ཚད་མའི་ཆོས་ཀྱང་ཞོག་ལ་ཐོང༌། །འཁྲུལ་སྣང་བདེན་འཛིན་ཁོང་སྐྲན་ཅན། །སྟོང་ཉིད་ཁས་ལེན་སྙིང་པོར་འཛིན། །ཁྱབ་པ་ཕྱོགས་ཆོས་རྩོལ་སྒྲུབ་ཅན། །དབུ་མའི་ཆོས་ཀྱང་ཞོག་ལ་ཐོང༌། །ཐ་སྙད་ཚིག་ལ་མི་ཚེ་བསྐྱལ། །མཁས་ཀྱང་སེམས་ཀྱི་དོན་མི་ཤེས། །འཆི་ཁང་རྨོངས་པའི་ལུས་སུ་འཆི། །མཚན་ཉིད་ཆོས་ཀྱང་ཞོག་ལ་ཐོང༌། །སློབ་དཔོན་མཚན་ཉིད་མི་ལྡན་པར། །གསུམ་ལྡན་ཆོས་ཀྱིས་འབྲེལ་པར་བྱེད། །འདོད་ཆེན་ཆོས་ལ་རིན་ཐང་འདེབས། །དམ་མེད་བླ་མའི་ཇོ་མོ་སྤྱད། །ཐབས་མེད་སྦྱོར་སྒྲོལ་གཉིས་ལ་ཞེན། །སྔགས་པའི་ཆོས་ཀྱང་ཞོག་ལ་ཐོང༌། །ཚུལ་འཆོས་ལུས་ངག་བཙོན་དུ་འཛིན། །སེམས་ཉིད་ལྟ་སྒོམ་དོན་དང་བྲལ། །དོན་མེད་དཀའ་ཐུབ་ངོ་ལྐོག་ཅན། །བཙུན་པའི་ཆོས་ཡང་ཞོག་ལ་ཐོང༌། །ཐོས་བསམ་མ་བྱས་གླེན་སྒོམ་བྱེད། །སྡོད་ན་ཚེམས་དྲུབས་མཁར་ལེན་བྱེད། །གྲོང་དུ་འགྲོ་ན་ཚུལ་འཆོས་བྱེད། །ཐུན་ཞབས་བྱིང་རྨུགས་གཉིད་དུ་གཏོང༌། །ལྟ་ན་ཁུར་གྱི་འོག་ཏུ་ལྟ། །ཁུར་ཅན་མཚམས་ཀྱི་ནང་དུ་གཏོང༌། །ཁུར་མེད་སྒོ་ཡི་ཕྱི་རུ་སྡོམ། །དད་ཟས་ནོར་གྱིས་ཚ་སྲིང་གསོ། །སྒོམ་ཆེན་ཆོས་ཀྱང་ཞོག་ལ་ཐོང༌། །ཆོས་ཟབ་བཤད་ན་གོ་བ་མེད། །འབྲེལ་མེད་ལོང་གཏམ་བཞད་གད་དང༌། །སླུ་བྱེད་བྲོ་དང་གླུ་ལ་དགའ། །ཁ་ཆོས་ཁ་ལྟ་གཡོ་སྒྱུ་ཅན། །ཡ་མ་ཁ་མཆུ་ཕྲ་མ་སྐྱེལ། །ཐོབ་ན་ཁྱིམ་མཚེས་ནང་ནོར་བརྐུ། །བྱར་མེད་ཁྱིམ་སོ་རླུང་ལ་བསྐུར། །ཉ་མའི་ཆོས་ཀྱང་ཞོག་ལ་ཐོང༌། །ཁེ་གྲགས་འཐབ་རྩོད་འཚོ་སྐྱོང་དང༌། །ཚོལ་ཁྲོ་དུཿཁ་བྱུར་གྱི་ཚང༌། །དགེ་བའི་ཆོས་ལ་རྒྱབ་ཀྱིས་ཕྱོགས། །དོན་མེད་མི་ཚེ་སྡུག་ལ་སྐྱེལ། །འགྲོ་ས་ངན་སོང་གསུམ་ལས་མེད། །ཁྱིམ་པའི་ཆོས་ཀྱང་ཞོག་ལ་ཐོང༌། །དང་པོ་སྡིག་གི་བྱ་བ་ཐོང༌། །བར་དུ་འཇིག་རྟེན་བྱ་བ་ཐོང༌། །ཐ་མ་ཆོས་ཀྱི་བྱ་བ་ཐོང༌། །བྱ་བཏང་རྣལ་འབྱོར་བློ་རེ་བདེ། །ནོར་སོགས་སྒོམ་ཆེན་ཁྱིམ་པ་ཡིན། །མཚན་བཅས་སྒོམ་པ་རྣམ་རྟོག་ཡིན། །ལུས་ངག་དགེ་སྦྱོར་ཚུལ་འཆོས་ཡིན། །བྱར་མེད་ཚོགས་དྲུག་ལྷུག་པར་ཞོག །ཆགས་ན་ལྷ་ལ་ཆགས་ཀྱང་འཆིང༌། །འདོད་ན་སངས་རྒྱས་འདོད་ཀྱང་འཁྲུལ། །ཞེན་ན་ཆོས་ལ་ཞེན་ཀྱང་བསླུ། །རིག་པ་དབྱིངས་ཀྱི་ངང་ལ་ཐིམ། །གོ་བ་རྣམས་ལ་གདམས་ངག་ཡིན། །སེམས་སྟོང་པའི་ནང་ན་རིག་པ་འཕྱོ། །གཟུང་འཛིན་མཚན་མ་རང་སར་གྲོལ། །ཕྱོགས་རིས་ཞེ་འདོད་མིང་ཡང་མེད། །ལྟ་བ་ཐག་ཆོད་བློ་རེ་བདེ། །སྒོམ་མེད་ནང་ན་ཡེངས་མེད་འཕྱོ། །རྣམ་རྟོག་མཚན་མ་རང་སར་གྲོལ། །བྱིང་རྒོད་གཉིས་ཀྱི་མིང་ཡང་མེད། །སྒོམ་པ་ཐག་ཆོད་བློ་རེ་བདེ། །འགག་མེད་ནང་ན་ཤུགས་འབྱུང་འཕྱོ། །ཚུལ་འཆོས་མཚན་མ་རང་སར་གྲོལ། །བླང་དོར་བྱ་བའི་མིང་ཡང་མེད། །སྤྱོད་པ་ཐག་ཆོད་བློ་རེ་བདེ། །སྐྱེ་མེད་ངང་ནས་འཆི་མེད་འཕྱོ། །རེ་དོགས་མཚན་མ་རང་སར་གྲོལ། །འདི་དང་ཕྱི་མ་མིང་ཡང་མེད། །འབྲས་བུ་ཐག་ཆོད་བློ་རེ་བདེ། །ལྟ་བ་གཟའ་གཏད་མེད་པ་འབྱུང༌། །འཁྲུལ་པ་འཇིག་ན་འདི་ཡིས་འཇིག །ཞེ་འདོད་ཕྱོགས་རིས་མི་བདོག་པས། །གཟུང་འཛིན་མི་གནོད་ངོ་མཚར་ཆེ། །སྒོམ་དུ་མ་བཅོས་ཤུགས་བྱུང་འབྱུང༌། །ལམ་ས་ཆོད་ན་འདི་ཡིས་ཆོད། །དམིགས་པ་གཏད་རྒྱུ་མི་བདོག་པས། །བྱིང་རྒོད་མི་གནོད་ངོ་མཚར་ཆེ། །སྤྱོད་པ་འགག་མེད་ཤུགས་བྱུང་འབྱུང༌། །ཞེན་པ་བཟློག་ན་འདི་ཡིས་བཟློག །དགག་སྒྲུབ་འདུ་ཤེས་མི་བདོག་པས། །བླང་དོར་མི་གནོད་ངོ་མཚར་ཆེ། །འབྲས་བུ་མ་བཙལ་ལྷུན་གྲུབ་འབྱུང༌། །ཐ་སྙད་ཆོས་སྐུ་འདི་ཡིས་ཐོབ། །སྤངས་ཐོབ་འདུ་ཤེས་མི་བདོག་པས། །རེ་དོགས་མེད་པ་ངོ་མཚར་ཆེ། །རེས་འགའ་ནམ་མཁའི་མཐོངས་ན་བདེ། །མཐའ་དབུས་མེད་པའི་ངང་ལ་བདེ། །རེས་འགའ་རྒྱ་མཚོའི་གཏིང་ན་བདེ། །གཡོ་འགུལ་མེད་པའི་ངང་ལ་བདེ། །རེས་འགའ་ཉི་ཟླའི་སྟེང་ན་བདེ། །གསལ་འགྲིབ་མེད་པའི་ངང་ལ་བདེ། །རེས་འགའ་ཆུ་བོའི་གཞུང་ན་བདེ། །རྒྱུན་ཆད་མེད་པའི་ངང་ལ་བདེ། །རེས་འགའ་བླ་མའི་དྲུང་ན་བདེ། །གདམས་ངག་སྤྲོས་པ་གཅོད་ཅིང་བདེ། །རེས་འགའ་རི་ཁྲོད་གནས་ན་བདེ། །གཅིག་པུར་ཉམས་ལེན་བྱེད་ཅིང་བདེ། །རེས་འགའ་ཚོང་འདུས་དབུས་ན་བདེ། །སྣང་བ་ལམ་དུ་ཁྱེར་ཞིང་བདེ། །རེས་འགའ་རྣལ་འབྱོར་གྲལ་ན་བདེ། །ཉམས་མྱོང་རྟོགས་པ་བསྡུར་ཞིང་བདེ། །རེས་འགའ་མཛེ་སྦྲང་གསེབ་ན་བདེ། །རོ་སྙོམས་སྤྱོད་པ་བྱེད་ཅིང་བདེ། །རེས་འགའ་རྒྱལ་ཁམས་ཡངས་ན་བདེ། །ཕྱོགས་མེད་གཅིག་སྡོམ་བྱེད་ཅིང་བདེ། །རྟག་ཏུ་གནས་ལུགས་སྟེང་ན་བདེ། །ཕྱོགས་རིས་མེད་པའི་ངང་ལ་བདེ། །དང་པོ་གྲོས་རེ་ལེགས་ཤིག་བྱུང༌། །བར་དུ་སོ་རེ་བསོད་ཅིག་བྱུང༌། །ཐ་མ་བློ་རེ་བདེ་ཞིག་བྱུང༌། །བྱ་བ་བཏང་བས་ལམ་སྣ་ཟིན། །ཅོག་གེ་བསྡད་པས་ལམ་ས་ཆོད། །མགོ་བོ་གཏུམས་པས་རྒྱང་མིག་གསལ། །སེམས་ཅན་དམྱལ་བའི་གཡང་ས་ཡང༌། །འོག་མིན་ཆོས་ཀྱི་ཕོ་བྲང་ཡིན། །ཚ་གྲང་གཉིས་ཀྱི་སྡུག་བསྔལ་ཡང༌། །སྤྲོས་དང་བྲལ་བའི་ཆོས་སྐུ་ཡིན། །ཕྱི་པ་མུ་སྟེགས་གྲུབ་མཐའ་ཡང༌། །སྙིང་པོ་དོན་གྱི་དབུ་མ་ཡིན། །བླ་མ་དམ་པའི་གདམས་ངག་ཀྱང༌། །སྒྱུ་མས་སྒྱུ་མ་བསླུ་བ་ཡིན། །རང་གི་རྟོགས་པ་ཉམས་མྱོང་ཡང༌། །ཆུ་ལ་རི་མོ་བྲིས་པ་ཡིན། །ལམ་ལྔ་ས་བཅུ་ཤར་བ་ཡང༌། །རི་བོང་རྭ་གཉེར་བགྲང་བ་བཞིན། །ཕུན་སུམ་ཚོགས་པའི་སངས་རྒྱས་ཀྱང༌། །དོན་ལ་མེད་པའི་མིང་ཙམ་ཡིན། །རིག་པས་གྲུབ་པའི་ཆོས་ཉིད་ཀྱང༌། །སྙིང་པོ་མེད་པའི་ཆུ་སྡོང་ཡིན། །བྱར་མེད་གནས་ལུགས་རྟོགས་པ་དང༌། །ངེས་ཤེས་མེད་པའི་ཁ་ལྟ་གཉིས། །འདྲ་ནི་འདྲ་སྟེ་ནོར་དོགས་ཡོད། །དབང་པོ་རྒྱ་ཡན་གདམས་ངག་དང༌། །ཚོགས་དྲུག་ཡན་པར་ཤོར་བ་གཉིས། །འདྲ་ནི་འདྲ་སྟེ་ནོར་དོགས་ཡོད། །ཞེན་ལོག་ཤུགས་ཀྱིས་བྱུང་བ་དང༌། །ཐོ་ཅོ་སྨྱོན་པའི་སྤྱོད་པ་གཉིས། །འདྲ་ནི་འདྲ་སྟེ་ནོར་དོགས་ཡོད། །རེ་དོགས་གཏིང་ནས་ཟད་པ་དང༌། །ཁོང་སྐྲན་ཅན་གྱི་འདོད་མེད་གཉིས། །འདྲ་ནི་འདྲ་སྟེ་ནོར་དོགས་ཡོད། །དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས། །ཉམས་མྱོང་གླུ་རུ་བླངས་པ་ཡིན། །མདོ་རྒྱུད་གཉིས་ལ་བརྟེན་པ་ཡིན། །ཚིག་གི་སྡེབ་སྦྱོར་བྱས་པ་ཡིན། །སྙན་ངག་རྒྱན་གྱིས་སྤྲས་པ་ཡིན། །མཁས་པའི་ང་རྒྱལ་གཅོག་པ་ཡིན། །དད་ཅན་སྤྲོ་བ་བསྐྱེད་པ་ཡིན། །ཞེས་མགུར་དུ་གསུངས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*