གསང་སྔགས་ནང་གི་ཉམས་ལེན།

༼ཏ༽

༄༅། །གསང་སྔགས་ནང་གི་ཉམས་ལེན་ཞུགས།།

༄༅། །རྡོ་རྗེ་འཆང་ཆེན་བླ་མ་རྗེ། །ཐེག་པ་གསུམ་གྱིས་འགྲོ་བ་འདུལ། །ཞབས་ཀྱི་པདྨར་སྤྱི་བོས་འདུད། །དམ་ཚིག་ཅན་གྱི་ཚུལ་རྡོར་ལ། །གསང་སྔགས་ནང་གི་དགོངས་པ་དང༌། །ཉམས་ལེན་བསྡུ་ན་འདི་ཙམ་ཡིན། །མི་བརྗེད་སེམས་ལ་གསལ་བར་ཞུ། །དངོས་གྲུབ་རྩ་བ་བླ་མ་ལ། །ཞབས་ཏོག་གསུམ་གྱིས་མཉེས་པ་དང༌། །ལུས་དང་སྲོག་ལ་ལྟོས་མེད་པའི། །ཅི་གསུངས་བཀའ་ལས་མི་འདའ་འཚལ། །སྣོད་བཅུད་ལྷ་དང་གཞལ་ཡས་ཁང༌། །ཐ་མལ་འདུ་ཤེས་གཏན་བྲལ་བས། །ཡི་དམ་ངོ་བོར་གསལ་བ་ཡི། །བསྐྱེད་པའི་རིམ་པ་བརྟེན་ཡང་འཚལ། །དག་པ་ལྷ་ཡི་རྣལ་འབྱོར་ལ། །ཡང་དག་བདེན་འཛིན་ཞིག་པ་ཡི། །སྣང་སྟོང་དབྱེར་མེད་འཇའ་འདྲ་བའི། །གཉིས་སུ་མེད་པར་རྟོགས་ཀྱང་འཚལ། །ཐབས་དང་ཤེས་རབ་མཉམ་སྦྱོར་བའི། །ཟག་མེད་བདེ་བའི་མདངས་ཆེན་དེ། །རྒྱལ་བའི་དགོངས་པ་དགའ་བཞིའི་དོན། །རོ་མཉམ་གཅིག་ཏུ་འདྲེས་ཀྱང་འཚལ། །སྣང་སྲིད་དག་པ་ཨེ་ཡི་དབྱིངས། །ཝྃ་གྱི་རྣམ་པར་ཅིར་ཡང་ཤར། །ཤར་ཡང་ཨེ་ལས་འདས་པ་མེད། །ཟུང་འཇུག་བློ་ལས་འདས་ཀྱང་འཚལ། །གཙང་སྦྲའི་རྟོག་པ་གཞོམ་པ་དང༌། །ཕུང་པོ་ལྔ་དག་རིགས་ལྔའི་སྐུ། །ཐོབ་ཕྱིར་དམ་རྫས་བདུད་རྩིའི་ཚོགས། །མི་འབྲལ་རྒྱུན་དུ་བསྟེན་ཡང་འཚལ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །ཐེག་ཆེན་ལམ་གྱི་ངོ་བོ་ཡིན། །ཀུན་རྫོབ་བྱང་སེམས་མི་ཟགས་པའི། །དམིགས་མེད་བདེ་བ་རྒྱས་ཀྱང་འཚལ། །བདེ་སྟོང་དབྱེ་བ་མེད་པ་སྟེ། །གསང་བ་སྔགས་ཀྱི་ངོ་བོ་ཡིན། །ཀུནྡ་བྱང་སེམས་མི་ཟགས་པའི། །ཆགས་བྲལ་བདེ་བ་རྒྱས་ཀྱང་འཚལ། །ཆོས་སྐུ་མཁའ་ལྟར་དག་པ་སྟེ། །མཐར་ཐུག་རྒྱུད་ཀྱི་ངོ་བོ་ཡིན། །དོན་དམ་བྱང་སེམས་མི་ཟགས་པའི། །མཉམ་རྗེས་མེད་པར་བསྟན་ཀྱང་འཚལ། །འཛག་མེད་གསུམ་གྱི་རྟེན་འབྲེལ་གྱིས། །སྣང་དང་མི་སྣང་དབང་བསྡུས་ནས། །ཕྲིན་ལས་བཞི་ཡི་ལག་ལེན་གྱིས། །གདུལ་བྱ་སྨིན་ཅིང་གྲོལ་ཀྱང་འཚལ། །རྣམ་དག་ཚོགས་གཉིས་རྫོགས་པ་ཡི། །གཞལ་ཡས་ཁང་དང་ཞི་ཁྲོའི་ཚོགས། །ཞིང་ཡང་དག་པར་ལྡན་པ་དང༌། །སྐུ་དང་ཡེ་ཤེས་ཕུན་ཚོགས་འཚལ། ཨི་ཐི།།  ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*