གཉེན་པོ་བསྟེན་ཚུལ་གྱི་ཉམས་དབྱངས།

༼ཏ༽

༄༅། །གཉེན་པོ་བསྟེན་ཚུལ་གྱི་ཉམས་དབྱངས་བཞུགས།། 

༄༅། །ན་མོ་གུ་རུ་བྷྱཿ སེམས་ཀྱི་རང་སོ་མ་ཚུགས་པས། །ཅི་བྱས་སེམས་ལ་བདེ་དུས་མེད། །ཆོས་རྣམས་སེམས་སུ་མ་ཤེས་པས། །ཀུན་བརྟགས་ཀྱི་མཚན་མ་སྣ་ཚོགས་སུ། །འཁྲུལ་སྣང་ཁྱོད་ལ་ཡིད་མ་ཆེས། །ད་སྤྲང་པོའི་མཚན་མ་ལ་རྟོག་ཉན་མེད། །མཉམ་གཞག་དང་རྗེས་ཐོབ་བྱང་ཆུབ་ཀྱི་ལམ། །ལམ་དེ་ཀུན་ཕྱག་རྒྱ་ཆེན་པོའི་ངང༌། །ཁ་ཟས་བདུད་རྩིར་མ་ཤེས་པས། །ཟས་བཟང་ངན་གྱི་བླང་དོར་གང་ཡང་སྐྱེ། །ཟས་དངོས་སྣང་མེད་ཁྱོད་ལ་ཡིད་མ་ཆེས། །ད་སྤྲང་ཟས་དཀའ་ལས་ཀྱིས་ཚོལ་ཉནའང་མེད། །ཟས་ཁ་ལ་གང་བབ་ཕུང་པོའི་གསོས། །ཟས་དེ་ཀུན་ཀྱང་ཕྱག་རྒྱ་ཆེན་པོའི་ངང༌། །སྣང་བ་དཔེ་ཆ་རུ་མ་ཤེས་པས། །ཐ་སྙད་ཀྱི་མཐའ་ལ་ཐུག་པ་མེད། །གཞུང་ཚིག་དང་ཡི་གེ་ལ་ཡིད་མ་ཆེས། །ད་སྤྲང་པོ་གཞུང་བཤད་བྱེད་ཉན་འང་མེད། །གདམས་ངག་ཚིག་རེ་ཙམ་སྣོད་ལྡན་གྱི་སྣོད། །དོན་དེ་ཀུན་ཕྱག་རྒྱ་ཆེན་པོའི་ངང༌། །སེམས་འཁོར་འདས་ཀྱི་མངའ་བདག་ཏུ་མ་ཤེས་པས། །མངའ་རིས་སློབ་འཁོར་ལ་མངོན་ཞེན་བྱས། །བློ་ཕར་ཤོར་གྱི་མི་ལ་ཡིད་མ་ཆེས། །ད་སྤྲང་པོ་མ་ཐུལ་བ་འདུལ་ཉནའང་མེད། །རྗེས་དྲན་དྲུག་པོ་བྱང་ཆུབ་ཀྱི་གྲོགས། །དེ་ཀུན་ཀྱང་ཕྱག་རྒྱ་ཆེན་པོའི་ངང༌། །དབྱངས་ཕྱག་རྒྱ་ཆེན་པོའི་ངང་དྲུག་འདི། །བློ་སྐྱོ་བའི་ཚེ་ན་བླངས་པ་ཡིན། །སེམས་གཉེན་པོ་བསྟེན་ནས་བླངས་པ་ཡིན། །རྗེ་བཙུན་རིན་པོ་ཆེའི་མགུར་ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*