༼ཏ༽
༄༅། །རྨི་ལམ་ཉམས་ལེན་བརྒྱད་ཀྱི་ཉམས་དབྱངས་བཞུགས།།
༄༅། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གྲོང་དང་གནས་གཞི་ཚོང་འདུས་གསུམ། །སེམས་དམུ་རྒོད་རྟ་ཡི་འཕྱོ་ས་ལགས། །ལྷག་མཐོང་གི་སྐྱེས་བུ་ངན་པ་དང༌། །ཞི་གནས་ཀྱི་སྲབ་ཕྱོགས་ཞན་པ་ཡིས། །རྟ་དམུ་རྒོད་ཁ་ལོ་མ་འཆིངས་པ། །ལས་ངན་གྱི་ཐང་ལ་བརྒྱུགས་བརྒྱུགས་ནས། །སྡུག་བསྔལ་གྱི་གཡང་སར་བསྐྱུར་ཉན་ཡོད། །རི་དྭགས་སྨྲས་མ་བྱུང་བ་བཞིན། །དབེན་པར་སྡོད་ལ་ཉམས་སུ་ལོང༌། །མང་པོ་འཚོགས་ན་རྩོད་པ་འཕེལ། །གཉིས་སུ་བསྡད་ན་ལོང་གཏམ་འཕེལ། །གཞོན་ནུ་མ་ཡི་དྭ་བུ་བཞིན། །རང་གཅིག་པུར་སྡོད་ལ་ཉམས་སུ་ལོང༌། །ཕྱོགས་རིས་གྲྭ་པའི་ཉམས་དགའ་དང༌། །དགེ་འདུན་སྡེ་པའི་བརྩི་བཞག་གཉིས། །ཡོན་བདག་ཕོ་མོའི་བསྙེན་བཀུར་གསུམ། །འདི་གསུམ་བདུད་ཀྱི་ཕྱེ་གཏོར་ལགས། །ཆོས་ཆགས་མེད་ཚུལ་དུ་ཉམས་སུ་ལོང༌། །སྣང་བ་ལ་ཞེན་པ་ཆེ་དང་གཅིག །ནོར་རྫས་ལ་འཛིན་པ་ཆེ་དང་གཉིས། །ཟས་སྐོམ་ལ་ཆགས་པ་ཆེ་དང་གསུམ། །འདི་གསུམ་སྒོམ་ཆེན་གྱི་དམུ་ཆུ་ལགས། །ཡིད་འཛིན་མེད་ཀྱི་རྩ་བཤལ་དྲག་ཏུ་ཐོང༌། །ཆོས་བུ་ཆུང་གི་ཚུལ་དུ་ཉམས་སུ་ལོང༌། །དྲན་པ་ཉམས་པའི་ཆང་དང་གཅིག །སྙིང་རྗེ་ཉམས་པའི་ཤ་དང་གཉིས། །གྲགས་པ་ཉམས་པའི་བུད་མེད་གསུམ། །འདི་གསུམ་སྒོམ་ཆེན་གྱི་ཁོང་སྐྲན་ལགས། །ངེས་འབྱུང་གི་མེ་བཙའ་མྱུར་དུ་ཐོབ། །ཆོས་སྨྱོན་པའི་ཚུལ་དུ་ཉམས་སུ་ལོང༌། །ནད་པའི་སྔས་སྲུང་བྱེད་དང་གཅིག །ཕྱུག་པོའི་སྲི་བུ་གསོ་དང་གཉིས། །ལོག་འཚོའི་མངོན་ཤེས་བཤད་དང་གསུམ། །འདི་གསུམ་སྒོམ་ཆེན་གྱི་ལམ་ལོག་ལགས། །བསྙེན་བཀུར་བདུད་དུ་ཤེས་པར་མཛོད། །ཆོས་འདྲིས་མེད་ཚུལ་དུ་ཉམས་སུ་ལོང༌། །ཞི་གནས་རྐྱང་པའི་བདེ་བ་དང༌། །རོ་མྱང་མཚུངས་ལྡན་མ་རིག་པ། །སྙིང་རྗེ་བྲལ་བའི་སྟོང་སྒོམ་གསུམ། །འདི་གསུམ་སྒོམ་ཆེན་གྱི་གོལ་ས་ལགས། །ཁྱུང་ཆེན་མཁའ་ལ་ལྡིང་པ་བཞིན། །ཆོས་ཟུང་འཇུག་གི་ཚུལ་དུ་ཉམས་སུ་ལོང༌། །མོས་གུས་ཅན་གྱི་སློབ་མ་དང༌། །ལས་ཀྱིས་འབྲེལ་བའི་གཉེན་དང་གཉིས། །དམ་ཚིག་ཅན་གྱི་མཆེད་ལྕམ་གསུམ། །སྣང་བ་ཐུགས་ཕྲད་དུ་འགྲོགས་མཛོད་ལ། །འཕྲལ་ལ་གདུང་སེམས་མ་ཆེ་བར། །ཆོས་རྨི་ལམ་ཚུལ་དུ་ཉམས་སུ་ལོང༌། །རྨི་ལམ་ཉམས་ལེན་བརྒྱད་ཀྱི་དབྱངས། །ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།
རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག www.gyalyongsachen.com

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.