གནས་བསྟོད་ཀྱི་ཉམས་དབྱངས།

༼ཏ༽

༄༅། །གནས་བསྟོད་ཀྱི་ཉམས་དབྱངས་བཞུགས།།

༄༅། །དུས་གསུམ་གྱི་བླ་མ་དམ་པ་དང༌། །ཡི་དམ་གྱི་ལྷ་ལ་སྐྱབས་སུ་མཆི། །སྐབས་སུ་རྣམ་རྟོག་ཡིན་པ་ཡི། །བསམ་མནོ་འཕྱོས་པའི་ལོ་རྒྱུས་ཡིན། །ཆོས་བྱེད་པར་འདོད་པའི་དད་ཅན་དང༌། །ཆོས་ལ་ཞུགས་པའི་དད་ཅན་གཉིས། །དེ་གཉིས་ལ་བསམ་མནོ་བཏང་པ་ཡིས། །རྣམ་རྟོག་ཁ་འབྱམ་དུ་མ་སྐྱེས། །དང་པོ་དད་ཅན་མང་མོད་ཀྱི། །དད་པ་ལ་ལ་ཅོལ་ཆུང་ཡིན། །དད་པ་ལ་ལ་ཐོ་ཅོ་ཡིན། །དད་པ་ལ་ལ་འདྲེ་གདོན་ཡིན། །དད་པ་ལ་ལ་སྙིང་ནས་ཡིན། །དང་པོ་ཅོལ་ཆུང་གི་དད་པ་དེ། །དད་པ་སྐྱེས་ནས་ཅོ་སྤུ་བྲེག །དད་པ་ལོག་ནས་མི་ཆོས་བྱེད། །ཕར་ལོག་ཚུར་ལོག་དུ་མ་བྱེད། །ལེགས་པར་བརྟགས་ནས་མི་བྱེད་པ། །དེ་ཅོལ་ཆུང་གི་དད་པ་མ་ལགས་སམ། །དད་པ་ལ་ལ་ཐོ་ཅོ་སྟེ། །དང་པོར་དགེ་བཤེས་མི་བརྟག་པར། །གང་ཡང་རུང་བའི་སྒོ་རུ་ཞུགས། །ཆོས་ཅི་བྱ་ཆ་མེད་ཐོ་ཅོར་ཤོར། །རེས་འགའ་རི་གསུམ་གྱི་རྩེ་ལ་བསྡད། །དབེན་པར་བསྡད་ནས་བསྒོམ་རྒྱུ་མེད། །རེས་འགའ་ལུང་གསུམ་གྱི་མདོ་རུ་བསྡད། །ཚོགས་པའི་གསེབ་ཏུ་ཐོ་ཅོག་ཤོར། །མཁས་བཙུན་རྣམས་ཀྱིས་ཁྲེལ་ཏེ་མཆིས། །དེ་ཐོ་ཅོའི་དད་པ་མ་ལགས་སམ། །དད་པ་ལ་ལ་འདྲེ་གདོན་ཏེ། །ཆོས་ལ་ཞུགས་ནས་ཐོ་ཅོ་བྱེད། །སྐྱེ་བོ་རྣམས་ཀྱི་རོལ་མོ་བ། །དམ་པ་རྣམས་ཀྱི་གཏིང་བསླད་པ། །རང་གཞན་གཉིས་ཀ་ཕུང་བའི་རྒྱུ། །ཆོས་ལ་སྙད་བཏགས་སྨྱོན་པ་ཡིན། །དེ་འདྲེ་གདོན་གྱི་དད་པ་མ་ལགས་སམ། །སྙིང་ནས་ཀྱི་དད་པ་བྱ་བ་དེ། །དང་པོ་དྭང་བའི་དད་པ་སྐྱེས། །ཆོས་བྱེད་པར་འདོད་པའི་བསམ་པ་ཡིས། །མྱུར་དུ་ཙབ་ཙོབ་མ་ལགས་པར། །ཐོག་མར་དགེ་བའི་བཤེས་གཉེན་བཙལ། །ཚུལ་ཁྲིམས་དང་སྡོམ་པར་ལྡན་པ་ཅན། །མདོ་རྒྱུད་ཀྱི་དོན་ལ་སྦྱངས་པ་ཅན། །བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཅན། །དེ་གང་ན་འདུག་པའི་དྲུང་དུ་བསྙག །དེས་ཇི་སྐད་གསུངས་པའི་སྤྱོད་པ་བྱ། །ཆོས་ལ་ཞུགས་པའི་དད་ཅན་དེ། །ལ་ལ་ཚུལ་ཁྲིམས་ཅི་ཚུགས་བསྲུང༌། །ཐོས་པ་མེད་ན་སྙིང་པོ་མེད། །ལ་ལ་མི་ཚེ་ཐོས་པར་འབྱམ། །སྒོམ་མེད་ཡིད་ལ་ཅི་ཞིག་བྱ། །ལ་ལ་ཐོས་པ་མེད་པར་བསྒོམ། །ཐོས་པ་མེད་པར་ཅི་བསྒོམ་མེད། །ལ་ལ་དེ་མེད་ལས་ཐབས་བྱེད། །ཆོས་བརྒྱད་ཀྱི་སོ་ནམ་ཅི་ཞིག་བྱེད། །ལ་ལ་དད་ཅན་སྒྲུབ་གནས་ཚོལ། །དེ་ཞིབ་ཏུ་བཤད་ན་འདི་ལྟར་ཡིན། །ལ་ལ་རྡོ་རྗེ་གདན་དུ་འགྲོ། །རྡོ་རྗེ་གདན་དུ་མུ་སྟེགས་མང༌། །དེ་དག་ལ་ཡང་གྲུབ་པ་མེད། །ལམ་ཁར་མི་རྐུན་འཇིགས་པ་མང༌། །ཨོལ་པ་ཅད་ནས་འགྱོད་གྲིར་འཆི། །ལ་ལ་ཏི་སེའི་གངས་ལ་འགྲོ། །ཏི་སེའི་གངས་ལ་འབྲོག་པ་མང༌། །འབྲོག་པས་མི་དགེ་སྣ་ཚོགས་བྱེད། །རང་གངས་ལོག་གིས་བསད་ནས་འགྱོད་གྲིར་འཆི། །ལ་ལ་ཙ་རི་ཙ་གོང་འགྲོ། །ཡུལ་ཕྱོགས་ཀླ་ཀློ་མོན་གྱིས་ཁེངས། །ཆོས་ཀྱི་སྒྲ་སྐད་མིང་ཡང་མེད། །རང་འདྲེ་གདོན་གྱིས་བསད་ནས་འགྱོད་གྲིར་འཆི། །དེ་ལ་སོགས་ཏེ་མཐའ་ཡས་མོད། །སྒྲུབ་གནས་མང་པོར་མི་འཚོལ་བར། །མཐུན་རྐྱེན་འགྲིག་པའི་དབེན་ས་རུ། །རིམ་གཉིས་གདེངས་དང་ལྡན་པར་བསྒོམ། །རང་གང་དུ་གནས་པ་འོག་མིན་གནས། །གྲོགས་སུ་དང་འགྲོགས་ཀྱང་ཡི་དམ་ལྷ། །ཅི་ཟ་དང་ཅི་འཐུང་བདུད་རྩིའི་ཟས། །ཕྱི་རོལ་དུ་སྒྲུབ་གནས་མི་འཚོལ་བ། །གསང་སྔགས་ཟབ་མོའི་དམ་ཚིག་ཡིན། །དེ་གླུ་རུ་མི་ལེན་ཤོལ་ལ་ཞོག །ང་སྡོད་སའི་དཔལ་ལྡན་ས་སྐྱ་འདི། །འོག་མིན་གྱི་གནས་དང་མཐུན་པར་འདུག །ཤར་གྲྭ་ཆུང་གངྒཱ་གླང་པོའི་སྣ། །ཟུང་འཇུག་གིས་འགྲོ་བ་འདྲེན་པ་པོ། །རྗེ་མི་བསྐྱོད་རྡོ་རྗེའི་བཞུགས་གནས་ཡིན། །ལྷོ་ཁའུ་གཙང་པོ་རིན་ཆེན་རྟ། །འགྲོ་བའི་བསམ་པ་འགེངས་པ་ཅན། །རྗེ་རིན་ཆེན་འབྱུང་གནས་ཀྱི་བཞུགས་གནས་ཡིན། །ནུབ་ཆུ་མིག་རྫིང་ཁ་རྨ་བྱའི་མདོངས། །འགྲོ་བ་ཆོས་ལ་འདྲེན་པ་པོ། །རྗེ་འོད་དཔག་མེད་པའི་བཞུགས་གནས་ཡིན། །བྱང་སྤུན་པོ་རི་འདི་མཁའ་ལྡིང་གཤོག །འགྲོ་བའི་དོན་རྣམས་སྒྲུབ་བྱེད་པ། །རྗེ་དོན་ཡོད་གྲུབ་པའི་བཞུགས་གནས་ཡིན། །ས་དཀར་པོ་སེང་གེའི་གདོང་པ་འདྲ། །དཔལ་ལྡན་ས་སྐྱ་སེང་གེའི་ལུས། །འགྲོ་དྲུག་གི་བསམ་པ་འགེངས་པ་པོ། །རྗེ་རྡོ་རྗེ་འཆང་གི་བཞུགས་གནས་ཡིན། །དེ་འདྲའི་འོག་མིན་གནས་མཆོག་ན། །ང་རྡོ་རྗེ་འཆང་གི་རྣལ་འབྱོར་བདེ། །སྤྲོས་པ་ཆོད་པའི་རྣལ་འབྱོར་བདེ། །རིག་སྔགས་ཀྱི་གོ་ཆ་སྲ་བས་བདེ། །མན་ངག་གི་མཛོད་དང་ལྡན་པས་བདེ། །ལྟ་བའི་གདེངས་དང་ལྡན་པས་བདེ། །དམ་ཚིག་གི་རྭ་བས་ཆོད་པས་བདེ། །བདག་གཅིག་པུའི་ཁ་ཕོ་མ་ལགས་ཏེ། །འདི་བཞིན་ཀུན་ལ་བདོག་ལགས་པས། །ཡུལ་ཀུན་ཏུ་འཁྱམས་ཤིང་མ་འགྲོ་བར། །དལ་འབྱོར་དོན་མེད་མ་བཏང་ཞིང༌། །ལུས་སྲོག་དོན་མེད་དུ་མ་བཏང་བར། །རང་རྟོགས་ཚད་ཡོད་ན་དབེན་པར་སྡོད། །རྟོགས་ཚད་མེད་ན་བླ་མ་བསྟེན། །གང་ལྟར་ཡང་སྒྲུབ་ལ་བརྩོན་པར་མཛོད། །དད་པ་ཆུད་ཟོས་སུ་མ་བཏང་བར། །བསམ་མནོ་འཕྱོ་བའི་གླུ་ཆུང་འདི། །དད་ཅན་ཡེ་ཤེས་རྡོ་རྗེར་ཁྱེར། །གཞུངས་པ་བསྒོམ་སྟོན་ལ་ཡང་སྤྲིང༌། །གླུ་མགུར་གྱི་རྟ་ལ་བསྐྱོན་ཅིང་ལོང༌། །ཨི་ཐི།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*