ཁམས་བདེ་དྲི་བའི་ཉམས་དབྱངས།

༼ཏ༽

༄༅། །ཁམས་བདེ་དྲི་བའི་ཉམས་དབྱངས་བཞུགས།།

༄༅། །རྗེ་བླ་མ་རྣམས་ཀྱི་ཞབས་ལ་འདུད། །གནས་སྐབས་ཀྱི་ལོ་རྒྱུས་བཤད་ཙམ་ན། །བདག་ལས་ཀྱི་འབྲེལ་བ་མང་ལགས་པས། །ནང་ནུབ་ཏུ་ཕྲད་ཀྱང་ཁམས་བདེ་འདྲི། །ཡུལ་གཞན་དུ་ཕྱིན་ཀྱང་ཁམས་སོ་འདྲི། །ཡུལ་གཞན་ནས་ལོག་ཀྱང་ཁམས་སོ་འདྲི། །ཁམས་སོ་བདེ་ན་དགའ་ལགས་ཏེ། །ཁམས་བདེ་བའི་རྟེན་འབྲེལ་ཉུང་བར་གདའ། །སྒྱུ་མའི་ལུས་ལ་ནད་གཞི་མང༌། །བརྗོད་པའི་ངག་ལ་འཛར་འཛེར་མང༌། །གསལ་བའི་སེམས་ལ་སྡུག་བསྔལ་མང༌། །ཡུལ་ཆགས་སྡང་གཉིས་ཀྱིས་ལུས་སེམས་ཕྲོགས། །རྣམ་རྟོག་གི་ལས་ལ་ཟིན་དུས་མེད། །དེ་འཁོར་བར་སྐྱེས་པས་ཉེས་པ་ཡིན། །འཁོར་བ་ལས་ཐར་ན་དགའ་ལགས་ཏེ། །འཁོར་བ་ལས་ཐར་པའི་རྟེན་འབྲེལ་ཉུང༌། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །སྐྱེ་མེད་སྟོང་པ་ཡིན་མོད་ཀྱང༌། །འཁྲུལ་པའི་བག་ཆགས་མཐུག་པ་དང༌། །དངོས་འཛིན་རྩད་ནས་མ་ཆོད་པས། །ཁམས་གསུམ་འཁོར་བའི་ཁོང་སྟོང་དུ། །དུག་ལྔ་དུག་གསུམ་གྱི་འཚུབ་མ་ལངས། །ལས་ངན་སྣ་ཚོགས་ཀྱི་བུད་ཤིང་ལ། །སྡུག་བསྔལ་སྣ་ཚོགས་ཀྱི་མེ་ཆེན་འབར། །གཉུག་མ་རང་སེམས་ཀྱི་སྡོང་པོ་ཚིག །བྱང་ཆུབ་ཀྱི་མྱུ་གུ་ཐལ་བར་བཏང༌། །རིགས་དྲུག་སྡུག་བསྔལ་གྱི་འཁོར་ལོ་དེ། །མགལ་མེ་བཞིན་དུ་རྒྱུན་དུ་འཁོར། །སྐྱེ་རྒ་ན་འཆིའི་དཔྱངས་ཐག་ལ། །དུས་ཡང་ནས་ཡང་དུ་འཇུ་ཡིན་གདའ། །ཐར་དུས་མེད་པའི་བརྩོན་དོང་ན། །རང་སེམས་བཅིངས་པའི་བཙོན་རེ་སྡུག །ཐར་པའི་དུས་མེད་སྙིང་རེ་རྗེ། །སྙིང་རེ་རྗེ་སྟེ་བྱ་ཐབས་མེད། །བྱ་ཐབས་ཡོད་དེ་བྱེད་མཁན་མེད། །ཨེ་མའོ་འགྲོ་བ་ཉོན་རེ་མོངས། །དཔལ་ལྡན་ས་སྐྱའི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་མགུར་ཨི་ཐི།།  །།སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །རྗེ་བླ་མས་བྱིན་གྱིས་བརླབ་ཏུ་གསོལ། །བདག་དབེན་པར་བསྡད་ནས་བསམ་མནོ་བཏང༌། །ད་ཅི་ཡི་བསམ་མནོ་འཁྲུལ་ནས་འདུག །བདག་མི་བདེ་མ་མཆིས་བདེ་མོར་གདའ། །དལ་འབྱོར་རྙེད་དཀའ་ཐོབ་སྟེ་བདེ། །ཐེག་ཆེན་གྱི་ཆོས་དང་མཇལ་ཏེ་བདེ། །ཡང་དག་གི་བླ་མ་བསྟེན་ཏེ་བདེ། །གསང་སྔགས་ཀྱི་ཆོས་དང་ཕྲད་དེ་བདེ། །རྒྱུད་ཚུལ་བཞིན་དུ་སྨིན་པར་བགྱིས་ཏེ་བདེ། །དམ་ཚིག་དང་སྡོམ་པ་བསྲུངས་ཏེ་བདེ། །ལམ་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམས་ཏེ་བདེ། །ཟབ་མོའི་སྤྱོད་པ་བསྒྲུབས་ཏེ་བདེ། །ཡུལ་སྣང་བས་སེམས་ལ་གནོད་པ་མེད། །ཡུལ་སྙིང་པོ་མེད་དེ་བརྫུན་པར་འདུག །གཟུགས་མེ་ལོང་གྱི་གཟུགས་བརྙན་འདྲ་བ་ལ། །ཞེན་པ་བརྩམས་ཀྱང་སྙིང་པོ་མེད། །ཡུལ་གསུམ་ཀྱང་དེ་དང་འདྲ་བར་འདུག །སྒྲ་ཐོས་ཚད་བྲག་ཅ་འདྲ་བ་ལ། །ཆགས་སྡང་བརྩམས་ཀྱང་སྙིང་པོ་མེད། །ཅི་བསམས་ཀྱང་སྒྱུ་མར་བློ་ཐག་ཆོད། །སྒྱུ་མའི་ངང་ལ་བདེ་བར་འདུག །སྒྱུ་མ་བཙལ་བས་བརྗོད་དུ་མེད། །བརྗོད་བྲལ་གྱི་ངང་ལ་བདེ་མོར་འདུག །འཁོར་བ་བཙལ་ཀྱང་མ་རྙེད་པ། །དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན། །གཉིས་མེད་ཀྱི་ངང་ལ་བདེ་མོར་འདུག །སྡུག་བསྔལ་བཙལ་ཀྱང་མ་རྙེད་པ། །བདེ་བ་ཆེན་པོའི་རང་བཞིན་ཡིན། །ཟུང་འཇུག་གི་ངང་ལ་བདེ་མོར་འདུག །འཁོར་བ་སྤང་དུ་མེད་པ་ལ། །སྤང་བློ་མ་སྐྱེས་རྣལ་འབྱོར་པ། །སངས་རྒྱས་བསྒྲུབ་ཏུ་མེད་པ་ལ། །བསྒྲུབ་བློ་མ་སྐྱེས་རྣལ་འབྱོར་པ། །འཁོར་འདས་མེད་པར་གོ་བ་དེ། །འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ཡིན། །དབྱེར་མེད་ཀྱི་ངང་ལ་བདེ་མོར་གདའ། །འདི་ལྟར་ཤེས་པའི་རྣལ་འབྱོར་པས། །བསྒྲུབ་རྒྱུ་མེད་ཀྱང་བསྒྲུབ་ལ་བརྩོན། །བསྒོམ་རྒྱུ་མེད་ཀྱང་བསྒོམ་ལ་བརྩོན། །བསྲུང་རྒྱུ་མེད་ཀྱང་དམ་ཚིག་བསྲུང༌། །དེ་ལྟར་ཤེས་ན་བདེ་སྟེ་མཆིས། །མི་བདག་ཀྱང་དེ་གའི་ངང་ལ་གདའ། །བུ་ཁྱོད་ཀྱང་དེ་གའི་ངང་ལ་ཞོག །ཐོབ་མེད་བྱང་ཆུབ་ཐོབ་ནས་མཆིས། །བསྒྲུབ་རྒྱུ་མེད་པའི་སངས་རྒྱས་དེ། །རང་གི་སེམས་ལ་ཡོད་པ་ཡིན། །བློ་མི་བདེ་མ་མཆིས་བདེ་མོར་མཆིས། །རྗེ་བཙུན་གྱི་མན་ངག་དམ་པ་འདི། །ཡེ་ཤེས་རྡོ་རྗེས་བསྐུལ་ནས་ཀྱང༌། །བདག་གིས་འབད་དེ་བྲིས་པ་ཡིན། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །ལྕགས་མོ་ཡོས་ལོ་དབྱར་ཟླ་འབྲིང་པོ་ལ། དཔལ་ས་སྐྱའི་གཙུག་ལག་ཁང་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ཁམས་བསངས་ལ་མཛད་དོ།།  །།བདག་ཅག་དམ་པའི་ལྷ་ཆོས་བྱེད་པ་ལ། །རྒྱབ་རྟེན་དུ་དཀོན་མཆོག་གིས་ཆོག་པར་བྱུང༌། །སྡོད་ས་རུ་སྤྱིལ་བུས་ཆོག་པར་བྱུང༌། །སྡོད་གྲོགས་སུ་ཡི་དམ་གྱིས་ཆོག་པར་བྱུང༌། །སྨྲ་གྲོགས་སུ་བཟླས་པས་ཆོག་པར་བྱུང༌། །འཇིགས་གྲོགས་སུ་ཡི་དམ་གྱིས་ཆོག་པར་བྱུང༌། །ཆོག་པ་དྲུག་རྗེ་བཙུན་རིན་པོ་ཆེའི་གསུང་ངོ༌། །ཨི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*