ཡེ་ཤེས་རྡོ་རྗེ་ལ་གནང་བའི་ཉམས་དབྱངས།

༼ཏ༽

༄༅། །ཡེ་ཤེས་རྡོ་རྗེ་ལ་གནང་བའི་ཉམས་དབྱངས་བཞུགས།།

༄༅། །ན་མོ་གུ་ར་ཝེ། དུས་གསུམ་གྱི་བླ་མ་ཐམས་ཅད་ལ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ལོ། །ས་སྐྱའི་རྗེ་བཙུན་ཡབ་སྲས་ལ། །སྙིང་ནས་དད་པས་སྐྱབས་སུ་མཆི། །དལ་འབྱོར་སྐྱོན་མེད་དད་པ་ཅན། །ལམ་བསྒྲུབ་པ་ལ་ཡན་ལག་རྣམ་དགུ་དགོས། །བཅུ་གཉིས་ཚང་ན་སངས་རྒྱས་འོང༌། །གང་ཟག་རྣམ་གཉིས་གང་དུ་སོང༌། །ཡན་ལག་དགུ་པོ་བཤད་ཙ་ན། །བླ་མ་སྨིན་བྱེད་དམ་ཚིག་གསུམ། །ཐོས་རྒྱ་དང་མན་ངག་བརྩོན་འགྲུས་གསུམ། །གནས་དང་ཆ་རྐྱེན་གྲོགས་དང་གསུམ། །དེ་ཚོ་ཡན་ལག་རྣམ་དགུ་ལགས། །དང་པོ་བླ་མ་ཚོལ་བ་ན། །ཁོང་ཐོས་རྒྱ་ཅན་ལ་མན་ངག་མེད། །མན་ངག་ཅན་ལ་མཁྱེན་རྒྱ་མེད། །གཉིས་པོ་ཚང་ལ་བསྒྲུབ་ཚུགས་མེད། །གསུམ་པོ་ཚང་ལ་ཐུགས་རྗེ་མེད། །བཞི་པོ་ཚང་ལ་བརྩོན་འགྲུས་མེད། །ལྔ་ལྡན་གྱི་བླ་མ་ཚོལ་ཚོལ་ནས། །ལམ་བསྒྲུབ་པ་ལ་ལོ་འགའ་འགྱངས་ཏེ་ཐལ། །རང་མ་སྨིན་པར་བསྒྲུབ་ལ་དགོས་རྒྱུ་མེད། །སྨིན་བྱེད་བླ་མ་དམ་པ་འཚལ། །སྨིན་པའི་ཆ་རྐྱེན་བསྒྲིགས་བསྒྲིགས་ནས། །ལམ་བསྒྲུབ་པ་ལ་ལོ་འགའ་འགྱངས་ཏེ་ཐལ། །དམ་ཚིག་མ་བསྲུངས་འབྲས་བུ་མེད། །ཐོས་པ་མེད་ན་ཤེས་རབ་མེད། །མན་ངག་མེད་ན་སྙིང་པོ་མེད། །དེ་གསུམ་གྱི་ཆ་རྐྱེན་བསྒྲིགས་བསྒྲིགས་ནས། །ལམ་བསྒྲུབ་པ་ལ་ལོ་འགའ་འགྱངས་ཏེ་ཐལ། །སྔར་འགྱངས་ཏེ་དོན་མེད་དུ་མ་གྱུར་ལགས། །བདག་གང་ཟག་ཆ་རྐྱེན་གསུམ་ཡང་ཚང༌། །དགོས་པའི་ཡན་ལག་རྣམ་དགུ་འཕྲོད། །ད་བརྩོན་འགྲུས་ལྕག་གིས་བསྐུལ་བྱས་ནས། །བསྒྲུབ་པ་ལ་ལེ་ལོ་མི་བགྱིད་འཚལ། །ལམ་བསྒྲུབ་པར་འདོད་པས་དབེན་གནས་བཙལ། །དབེན་པར་བསྡད་ན་རྐུན་པོ་འབྱུང༌། །ཚོགས་པའི་དབུས་སུ་གཡེང་བས་ཁྱེར། །གང་སྡོད་ཀྱི་བསམ་མནོ་བཏང་བཏང་ནས། །གྲབས་ལ་ཟད་དུ་མ་འཇུག་པར། །དབེན་པར་སྡོད་པའི་ཡོ་བྱད་ཀུན། །ཚོགས་པར་བྱས་ལ་དབེན་པ་བཙལ། །གང་དུ་བསྡད་ཀྱང་གཡེང་བ་སྐྱུངས། །བསྒྲུབ་པའི་ནན་ཏན་མ་ཤོལ་ཅིག །ཡོ་བྱད་མང་ན་གཡེང་བ་ཆེ། །ཡོ་བྱད་ཉུང་ན་མཐུན་རྐྱེན་ཞན། །འདི་གཉིས་ཀྱི་བསམ་མནོ་བཏང་བཏང་ནས། །ལམ་བསྒྲུབ་པ་ལ་གཡེལ་དུ་མ་གཞུག་ཅིག །ཡོ་བྱད་ཡོད་ན་ཚོགས་སོག་བྱ། །ཡོ་བྱད་སྣ་ཚོགས་མ་ཚོགས་ཀྱང༌། །ཡོ་བྱད་ཅི་སྙེད་ཀྱི་ཟས་གོས་སྤྱད། །དམན་པའི་སྤྱོད་པས་རང་སེམས་འདུལ། །དམན་སྤྱོད་ཀྱང་ཐོ་ཚོར་སོང་བ་མཆིའོ། །གྲོགས་མང་ན་གཡེང་བ་བདུད་ཀྱིས་ཁྱེར། །གྲོགས་གཉིས་ཀྱང་གཏམ་གྱིས་བར་དུ་གཅོད། །ཆོས་བཞིན་མཐུན་པའི་གང་ཟག་དང༌། །གཏམ་འཇམ་པོ་མི་ཐོས་ཙམ་དུ་བསྡད། །དེ་འདྲའི་གྲོགས་དང་མ་འཕྲད་ན། །གཅིག་པུར་བསྡད་ལ་རང་སེམས་འདུལ། །མཐུན་པའི་ཡན་ལག་བཅུ་གཉིས་ཚང༌། །འགལ་རྐྱེན་གྱི་སྐྱོན་རྣམས་ཐམས་ཅད་སྤོངས། །ད་ལེ་ལོའི་དབང་དུ་མི་གཏང་བར། །བསྒྲུབ་པ་ལ་ནན་ཏན་མཛད་པར་ཞུ། །བསྒྲུབ་པ་འདོད་ན་དལ་བར་སྡོད། །ཆ་རྐྱེན་འགྲིག་ནས་དལ་བར་བསྡད། །ཐོས་བསམ་གྱིས་དུབ་ནས་དལ་བར་བསྡད། །ཡུལ་ཅི་འདྲ་བསམས་ནས་དལ་བར་བསྡད། །ཉིན་བྱ་རྒྱུ་མེད་དེ་ཡུལ་ལ་བལྟ། །སྤྲོས་པ་ལྡན་པས་བསམ་མནོ་བཏང༌། །ཉོན་མོངས་འཁོར་བའི་ཡོན་ཏན་དྲན། །ཡོན་ཏན་འདི་རུ་བཤད་པར་བྱ། །སྒྲིབ་མེད་ཐ་མལ་མིག་གིས་ནི། །དབྱིབས་དང་ཁ་དོག་དུ་མ་ཅན། །གཟུགས་ལ་བལྟས་པས་སྤྲོ་བ་བསྐྱེད། །ནང་དུ་བལྟས་ཤིང་དགའ་བ་བསྐྱེད། །འགགས་མེད་ཐ་མལ་གྱི་རྣ་བ་ཡིས། །སྒྲ་སྣ་ཚོགས་མཉན་པར་ངོ་མཚར་བསྐྱེད། །སྒྲ་སྣ་ཚོགས་མཉན་པས་བློ་གྲོས་འཕེལ། །གཏམ་སྣ་ཚོགས་གཏོང་གིས་སྤྲོ་བ་བསྐྱེད། །འགགས་མེད་ཐ་མལ་གྱི་སྣ་ལྕེ་ཡིས། །ཡུལ་ངོ་མཚར་ཅན་གྱི་དྲི་རོ་སྤྱད། །མྱོང་བ་སྣ་ཚོགས་ངོ་མཚར་སྐྱེས། །གཞན་ལ་བྱིན་ཞིང་སྤྲོ་བ་བསྐྱེད། །ཐ་མལ་ནད་མེད་ལུས་དབང་གིས། །སྐྱོན་མེད་ཀྱི་རེག་བྱ་དུ་མ་ཡིས། །སྤྲོ་བ་བསྐྱེད་ཅིང་གཞན་ལའང་སྦྱིན། །བློ་གཞན་ཡང་སྤྲོ་བ་སྐྱེ་བར་འགྱུར། །སྐྱོན་མེད་ཀྱི་བསམ་མནོ་བཏང་བ་ཡིས། །དུས་གསུམ་གྱི་ཡོན་ཏན་སྣ་ཚོགས་སྐྱེ། །ཤེས་རབ་འཕེལ་ཞིང་སྤྲོ་བར་འགྱུར། །ཉི་མ་རྒས་ཏེ་མལ་དུ་བསྡད། །གཉིད་མེད་ཀྱི་བསམ་མནོ་འཕྱོ་ནས་སོང༌། །ཉིན་བསམ་གྱི་བསམ་མནོ་འཁྲུལ་ནས་འདུག །མཚན་མོར་འཁོར་བའི་ཉེས་པ་དྲན། །ཡུལ་སྤྱད་པས་ཚིམ་པར་མ་མཐོང་སྟེ། །ཚིམ་ཡང་སྙིང་པོ་ཡང་མ་མཐོང༌། །སྙིང་པོ་མེད་པའི་སྙིང་པོ་ཅན། །ཡུལ་སྤྱོད་འདོད་ཀྱི་བསམ་པ་ཐེ་ལེ་ལེ། །ཚིམ་མེད་ཀྱི་ཡུལ་ལ་སྤྱོད་སྤྱོད་ནས། །ཉི་མ་ཀུན་གང་ཐལ་ཚད་ཀྱང་མེད། །ཚིམ་མེད་ཀྱི་དགོས་པ་བསྒྲུབས་བསྒྲུབས་ནས། །ལོ་ཟླ་ཀུན་གར་ཐལ་ཚོད་ཀྱང་མེད། །སྙིང་པོ་མེད་པའི་སྙིང་པོ་བཙལ། །དགོས་པ་མེད་ལ་དགོས་པ་བརྟགས། །དོན་མེད་ཀྱི་སྤུན་མ་གཡེང་གཡེང་ནས། །ཡུལ་གཞན་དུ་གྱུར་པ་མ་ཚོར་རོ། །སྐྲ་དཀར་གྱི་མཆེ་བས་མགོ་བཟུང་ནས། །པགས་པ་ལ་གཉེར་མའི་རོལ་གྱིས་བྲིས། །ཁ་ལ་སོ་མེད་རྙིལ་ལ་ཐུག །ལུས་ལ་སྟོབས་མེད་འཁར་བར་བརྟེན། །ན་ཚོད་དར་མ་ཀུན་གྱིས་བརྙས། །ལུས་རྒས་པ་འཆི་བས་རྩ་ནས་བསྙེན། །རྒས་ཀྱང་ད་དུང་རྟག་བློ་ཅན། །གཞོན་ལ་མ་ཤི་ལྷ་རེ་ཆེ། །རྒན་གཞོན་གང་ཡང་མི་ཕན་པས། །འབྱུང་བ་འཁྲུག་པའི་སྐྱེ་ཤིས་གདུངས། །འགོ་བའི་ལྷ་རྣམས་གཞན་དུ་སོང༌། །གནོད་པའི་འདྲེ་གདོན་དྲུང་དུ་བཏུད། །ལུས་སྟོབས་མེད་ལ་གཞན་གྱིས་བརྟེན། །ཁ་ཟས་དང་བཏུང་བས་སླེས་ལ་བོར། །ལུས་ལ་སྡུག་བསྔལ་དུ་མས་གཙེས། །གཉེན་འདུན་ཡོད་ན་ངུ་འབོད་བྱེད། །འཆི་བདག་གཤིན་རྗེས་རབ་ཏུ་གཙེས། །འཇིག་རྟེན་འདི་ཡི་སྣང་བ་དོར། །ས་ཚིགས་གར་འགྲོ་ཚོད་ཀྱང་མེད། །མུན་པ་ཆེན་པོས་ཀུན་ཏུ་ཁྱབ། །ལས་ཀྱི་གཤིན་རྗེས་རྒྱབ་ནས་འདེད། །ངན་འགྲོ་འཇིགས་པའི་སྒྲ་ཡང་ཐོས། །དེ་ཚེ་བསོད་ནམས་སྐྱབས་ཡིན་ན། །དེ་ཡང་བདག་གིས་མ་བསྟེན་ནོ། །སྔར་ཡང་ཡུལ་ལ་སྤྱད་པ་ཡིས། །ཕན་མེད་གནོད་པ་དུ་མ་བྱུང༌། །འཁོར་བའི་ཉེས་དམིགས་མ་བསམས་པས། །བློ་ཐ་མལ་དུ་བཏང་བ་ཐེ་ལེ་ལེ། །ནམ་ལངས་ཏེ་དབེན་པར་གཅིག་པུར་བསྡད། །མདང་འཁོར་བའི་ཉེས་པ་དྲག་པོ་ཡི། །བསམ་མནོ་ཡར་བཏང་མར་བཏང་ནས། །ཐར་པའི་གནས་ལ་འདོད་པ་སྐྱེས། །དེ་གང་གིས་བསྒྲུབ་སྙམ་བསམ་པ་ཡིས། །ཤེས་རབ་ཐབས་དང་སྤྱོད་པ་གསུམ། །ལེགས་པར་བསམས་ན་གྲོལ་བ་ལས། །ཐོག་མར་ཤེས་རབ་ཀྱི་ལྟ་བ་སྐྱེས། །སྔར་བཞིན་ཉིན་གྱི་བསམ་མནོ་འཁྲུལ། །ཡུལ་སྣ་ཚོགས་རབ་བཀྲའི་ངོ་མཚར་ཅན། །ངོ་མཚར་ཅན་ལ་བལྟས་པ་ཡིས། །སྙིང་པོ་མེད་པའི་སྙིང་པོ་མཐོང༌། །ཡང་དག་དོན་གྱི་སྙིང་པོ་རྙེད། །ཡུལ་ལ་བལྟས་པས་ངོས་གཟུང་མེད། །སྙིང་པོ་མེད་དེ་གང་དགར་ཞོག །གཟུགས་ལ་བལྟས་པས་ངོས་གཟུང་མེད། །གཟུགས་གཟུང་མེད་ཀྱི་ངང་ལ་ལྷུག་པར་ཞོག །གཟུགས་སྣང་བ་མེ་ལོང་གི་གཟུགས་བརྙན་འདྲ། །སྒྱུ་མ་ལྟ་བུར་གང་དགར་ཞོག །སྒྲ་མཉན་པས་ངོས་གཟུང་མ་རྙེད་དེ། །ཅི་གྲག་བྲག་ཅ་འདྲ་བར་འདུག །སྒྲ་སྐྱེ་བ་མེད་པར་བརྟགས་པ་ཡི། །གྲག་སྟོང་གི་ངང་ལ་ལྷུག་པར་ཞོག །བསྣམ་པ་དང་རེག་པ་མྱང་བ་གསུམ། །ཡུལ་སྐྱེ་བ་དང་འགགས་པར་མཐོང་བ་ན། །མྱོང་བ་སྣང་བ་གཟུགས་བརྙན་ཙམ། །རིག་སྟོང་གི་ངང་ལ་ལྷུག་པར་ཞོག །སེམས་བསམ་པས་བསམ་རྒྱུ་མ་རྙེད་དེ། །གང་བསམས་ཀྱང་སྐྱེ་འགག་མི་རྙེད་པས། །མཐའ་དབུས་མེད་དེ་ནམ་མཁའ་འདྲ། །སྐྱེ་མེད་ཀྱི་ངང་ལ་ལྷུག་པར་ཞོག །ཡུལ་མཐོ་བ་དང་དམའ་བ་གང་ཡང་མེད། །སྐྱེ་བ་དང་འགག་པ་གང་ཡང་མེད། །བཟང་པ་དང་ངན་པ་གང་ཡང་མེད། །ཆོས་མཉམ་པ་ཉིད་ཀྱི་ངང་ལ་ཞོག །མདང་བསམས་པའི་བསམ་མནོ་འཁྲུལ་ནས་འདུག །མ་སྐྱེས་པ་ལ་སྐྱེ་བར་བསམ། །ན་རྒ་མེད་པར་དེ་ཉིད་བསམ། །འགག་པ་མེད་ལ་འགག་པར་བསམ། །ཆོས་ཐོག་མར་སྐྱེ་བ་མེད་པ་ལ། །གནས་པ་དང་འགག་པ་ག་ལ་སྲིད། །སྐྱེ་འགག་མེད་པར་བསམ་པ་ཡི། །རྣམ་རྟོག་འཕེལ་བས་ཞོག་ལ་ཐོང༌། །གཞོག་པ་རང་ཡང་ཞོག་ལ་ཐོང༌། །འཇོག་པ་རང་ཡང་རྣམ་རྟོག་ཡིན། །རང་བྱུང་གི་གནས་ལུགས་མ་རྟོགས་ཤིང༌། །འཛིན་མེད་ཀྱི་གདམས་ངག་མ་གོམས་པས། །ཇི་ལྟར་བསམས་ཀྱང་འཛིན་པར་སོང༌། །འཛིན་མེད་བསམས་ཀྱང་འཛིན་པར་སོང༌། །གསལ་བ་མ་འགགས་ཀྱི་བདག་མེད་ཡིན། །ཟུང་འཇུག་གི་གནས་ལུགས་རྟོགས་པར་ཤོག །བསྒོམ་པ་བགྱི་བའི་རྩེ་གཅིག་དེ། །བརྩོན་འགྲུས་ལྡན་པའི་ལག་ན་གདའ། །བྱིང་རྒོད་ཀྱི་དགྲ་ལ་མ་བསྐུར་བར། །ཞི་གནས་དང་ལྷག་མཐོང་ལམ་དུ་གྱིས། །དེ་སྒྲུབ་པའི་གདམས་ངག་ཟབ་མོ་དེ། །གསང་སྔགས་རྒྱུད་སྡེའི་ནང་ན་ཡོད། །གསང་སྔགས་གླུ་རུ་མི་བླང་གིས། །མན་ངག་ཀུན་རང་གི་སེམས་ལ་ཆོངས། །སྤྱོད་པ་སྤྱད་པར་འདོད་པ་ཡིས། །སོ་སོར་ཐར་པ་རིགས་བདུན་པོ། །བྱང་ཆུབ་སེམས་དཔའི་རྒྱན་ཞིག་གོ །དེ་སྒྲུབ་པ་ལ་ནན་ཏན་བསྐྱེད་པ་ཡིས། །ལུས་ངག་ཐོ་ཅོར་མི་འགྱུར་བ། །སངས་རྒྱས་ཀྱི་གསུང་དང་མི་འགལ་བ། །འགྲོ་བ་གཤེ་སྐུར་མི་འདེབས་པ། །ཐ་མལ་དུ་ཡན་པར་མི་གཏོང་བ། །འདི་ཕན་ཡོན་ཆེ་ཡིས་ནན་ཏན་སྐྱེད། །རྩ་བ་ཡིན་གྱིས་མ་གཡེལ་ཞིག །གཞི་དེ་དང་ལྡན་པའི་གང་ཟག་ལ། །གསང་སྔགས་ཀྱི་སྤྱོད་པ་རྣམ་གསུམ་ཡོད། །སྤྲོས་བཅས་དེ་འབྱོར་པ་དཀའ་ཡི་ཤོལ། །སྤྲོས་མེད་དམ་ཤིན་ཏུ་སྤྲོས་མེད་དེ། །གང་འགྲུབ་ལྟོས་ལ་ནན་ཏན་སྐྱེད། །ཚིག་འདི་ཚོ་བཞིན་དུ་བསྒྲུབ་བྱས་ན། །སངས་རྒྱས་དེ་རང་གི་ལག་ན་འདུག །ཡུན་མི་རིང་བར་རང་གི་ལག་ན་འདུག །ཚེགས་མེད་དུ་འབྲས་བུ་འགྲུབ་པ་ཡིན། །དཔལ་ས་སྐྱའི་རི་སྒང་ནུབ་ཕྱོགས་སུ། །ཁམས་གཡེང་བར་འདོད་དེ་ཕྱིན་ཙམ་ན། །དད་པ་ཅན་ཡེ་ཤེས་རྡོ་རྗེ་འོང༌། །གནས་ལུགས་ཀྱི་དོན་དང་མི་འགལ་བར། །བསམས་ན་རྟོགས་པ་སྐྱེ་བ་ཡི། །དོན་ལྡན་གྱི་ཚིགས་བཅད་བྲིས་ཤིག་ཟེར། །རིག་འཛིན་གྲགས་པ་ཁྲིད་དེ་འོང༌། །ཁྱོད་ཡི་གེའི་རྐྱེན་གྱིས་བྲིས་ཤིག་བྱས། །སྐབས་སུ་བཀླགས་ན་རྟོགས་པ་སྐྱེ། །བསམ་མནོ་བཏང་ན་སེམས་ལ་ཕན། །གཞན་ལ་ཕན་པ་འོང་སྲིད་ཀྱི། །གླུ་མགུར་གྱི་རྟ་ལ་བསྐྱོན་ལ་ལོང༌། །རྗེ་བཙུན་ཆེན་པོ་ལྟ་བུར་བྱིན་གྱིས་རློབས། །འདི་བྲིས་དགེ་བ་བདག་གིས་གང་ཐོབ་དེས། །མཁའ་མཉམ་སེམས་ཅན་ཇི་སྙེད་ཐམས་ཅད་ཀྱིས། །བླ་མེད་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*