བྱང་ཆུབ་སེམས་དཔའི་སྡོམ་པ་གསལ་བར་སྟོན་པ་ཤློ་ཀ་ཉི་ཤུ་པའི་རྣམ་པར་བཤད་པ།

༼ཏ༽

༄༅། །བྱང་ཆུབ་སེམས་དཔའི་སྡོམ་པ་གསལ་བར་སྟོན་པ་ཤླཽ་ཀ་ཉི་ཤུ་པའི་རྣམ་པར་བཤད་པ་བཞུགས།།

༄༅། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དོན་སྟོན་དོན་བྱེད་བླ་མའི་ཚོགས་རྣམས་ལ། །ཐལ་སྦྱར་སྤྱི་བོས་གུས་པར་ཕྱག་འཚལ་ནས། །རྒྱལ་སྲས་རྣམས་ཀྱི་སྡོམ་པ་ཉི་ཤུ་པའི། །རྣམ་བཤད་འཛེམ་པ་སྤངས་ནས་བྲི་བར་བྱ། །དེ་ལ་གཞུང་འདིའི་བསྡུས་པའི་དོན་ནི་གཉིས་ཏེ། སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་དང༌། བསྲུང་བའི་ཚུལ་ལོ། །དང་པོ་ལ་དྲུག སྡོམ་པ་བླང་བའི་སྔོན་དུ་འགྲོ་བ་དང༌། སྡོམ་པ་རང་གི་ངོ་བོ་དང༌། དགོས་པ་དང༌། བླང་བའི་བསམ་པ་དང༌། བླང་བའི་ཡུལ་དང༌། བླངས་བའི་ཕན་ཡོན་ནོ། །བསྲུང་བའི་ཚུལ་ལ་གཉིས། སྡོམ་པ་སྤྱིར་བསྟན་པ་དང༌། སོ་སོའི་མཚན་ཉིད་དོ། །དེ་ལ་བཞི། ཕམ་པ་ལྟ་བུའི་ཆོས་དང༌། ཉམས་པ་བཅོས་པའི་ཆོ་ག་དང༌། ཉེས་བྱས་ཀྱི་རིགས་གང་ཡིན་པ་དང༌། ཉེས་པ་མེད་པའི་གནས་སྐབས་བསྟན་པའོ། །དང་པོ་ལ་གཉིས། ཕམ་པ་འབྱུང་བའི་རྒྱུ་དང༌། ཕམ་པ་དངོས་སོ། །ཉམས་པ་བཅོས་པ་ལ་བཞི། ཕམ་པ་བཅོས་པ་དང༌། ཟག་པ་འབྲིང་བཅོས་པ་དང༌། ཆུང་ངུ་བཅོས་པ་དང༌། ཉེས་བྱས་བཅོས་པའོ། །ཉེས་བྱས་ཀྱི་རིགས་གང་ཡིན་པ་ལ་གཉིས། དགེ་བ་ཆོས་སྡུད་དང་འགལ་བ་སུམ་ཅུ་རྩ་བཞི་དང༌། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་སོ། །དང་པོ་ལ་དྲུག སྦྱིན་པ་དང་འགལ་བ་བདུན་དང༌། ཚུལ་ཁྲིམས་དང་འགལ་བ་དགུ་དང༌། བཟོད་པ་དང་འགལ་བ་བཞི་དང༌། བརྩོན་འགྲུས་དང་འགལ་བ་གསུམ་དང༌། བསམ་གཏན་དང་འགལ་བ་གསུམ་དང༌། ཤེས་རབ་དང་འགལ་བ་བརྒྱད་དོ། །སྦྱིན་པ་དང་འགལ་བ་ལ་ལྔ། ཟང་ཟིང་གི་སྦྱིན་པ་དང་འགལ་བ་དང་གཅིག སེར་སྣའི་གཉེན་པོ་ལས་ཉམས་པ་གཅིག་དང༌། མི་འཇིགས་པའི་སྦྱིན་པའི་རྗེས་སུ་མི་མཐུན་པ་གཉིས་དང༌། གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པ་གཉིས་དང༌། ཆོས་ཀྱི་སྦྱིན་པ་མི་བྱེད་པ་གཅིག་གོ །ཚུལ་ཁྲིམས་དང་འགལ་བའི་ཉེས་པ་ལ་གསུམ། གཞན་དོན་གཙོར་གྱུར་པ་དང་འགལ་བ་དང༌། རང་དོན་གཙོར་གྱུར་པ་དང་འགལ་བ་དང༌། གཉི་ག་མཉམ་པའི་ཚུལ་ཁྲིམས་དང་འགལ་བའོ། །དང་པོ་ལ་བཞི། སྡོམ་པ་ཉམས་པ་མི་འདོར་བ་དང༌། བཅས་པ་ཐུན་མོང་ལས་འདའ་བ་དང༌། ཐུན་མོང་མ་ཡིན་པ་འཛིན་པ་དང༌། གཞན་དོན་དུ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལས་འདའ་མི་ནུས་པའོ། །རང་དོན་གཙོར་གྱུར་པ་དང་འགལ་བ་ལ་གསུམ། ལོག་པར་འཚོ་བ་དང༌། སྤྱོད་ལམ་ལས་ཉམས་པ་དང༌། སྲིད་པའི་རོ་ལ་བརྐམ་པའོ། །གཉི་ག་མཉམ་པ་ལས་ཉམས་པ་ལ་གཉིས། རང་གི་བསྔགས་པ་བསྲུང་བ་དང༌། གཞན་འཛིན་པའི་སྦྱོར་བ་རྩུབ་མོ་སྐྲག་པའོ། །བཟོད་པ་དང་འགལ་བ་ལ་བཞི། བཟོད་པའི་རྒྱུ་ལ་མི་སློབ་པ་དང༌། རང་གི་མི་འགོག་པ་དང༌། གཞན་གྱི་མི་འགོག་པ་གཉིས་ཀྱིས་ཁྲོ་བོའི་རྒྱུན་མི་འགོག་པ་དང༌། གཉེན་པོ་ལ་མི་འབད་པའོ། །བརྩོན་འགྲུས་དང་འགལ་བ་ལ་གསུམ། ལུས་ཀྱི་ལས་དམན་པ་དོར་བ་དང༌། སེམས་ཀྱི་ལས་དམན་པ་དོར་བ་དང༌། ངག་གི་ལས་དམན་པ་དོར་བའོ། །བསམ་གཏན་དང་འགལ་བ་ལ་གསུམ། སྦྱོར་བའི་ཉེས་པ་དང༌། དངོས་གཞིའི་ཉེས་པ་དང༌། རྗེས་ཀྱི་ཉེས་པའོ། །ཤེས་རབ་དང་འགལ་བ་ལ་གཉིས། ཡུལ་དམན་པ་དང་འབྲེལ་བའི་ཉེས་བྱས་དང༌། ཡུལ་དམ་པ་དང་འབྲེལ་བའི་ཉེས་བྱས་སོ། །དང་པོ་ལ་བཞི། ཐེག་པ་དམན་པའི་དོན་སྤོང་བ་དང༌། གཞུང་ལ་བརྟེན་པ་དང༌། ཕྱི་རོལ་གྱི་གཞུང་ལ་བརྟེན་པ་དང༌། དོན་ལ་བརྟེན་པའོ། །ཡུལ་དམ་པ་དང་འབྲེལ་བའི་ཉེས་པ་ལ་བཞི་སྟེ། ཤེས་རབ་ཀྱི་ཡུལ་སྤོང་བ་དང༌། འབྲས་བུ་ལ་ལོག་པར་སྒྲུབ་པ་དང༌། ཐོས་པའི་རྒྱུ་ལ་མི་འཇུག་པ་དང༌། ཐོས་པའི་ཡུལ་ལ་ལོག་པར་སྒྲུབ་པ་གཉིས་ཀྱི་རྒྱུ་ལས་ཉམས་པའོ། །སེམས་ཅན་དོན་བྱེད་དང་འགལ་བ་ལ་གཉིས། དོན་བྱ་བའི་སྤྱི་དང་འབྲེལ་བ་དང༌། དོན་བྱ་བའི་ཁྱད་པར་དང་འབྲེལ་བའོ། །དང་པོ་ལ་གཉིས། དོན་མི་སྒྲུབ་པ་དང༌། གནོད་པ་མི་སེལ་བའོ། །དེ་ལ་གཉིས། སྡུག་བསྔལ་མི་སེལ་བ་དང༌། དེའི་རྒྱུ་མི་སེལ་བའོ། །དང་པོ་ལ་གཉིས། སྡུག་བསྔལ་གྱི་བྱེ་བྲག་མི་སེལ་བ་དང༌། སྡུག་བསྔལ་སྤྱི་མི་སེལ་བའོ། །དོན་བྱ་བའི་ཁྱད་པར་དང་འབྲེལ་པ་ལ་གཉིས། ཕན་མི་འདོགས་པའི་ཉེས་པ་དང༌། ཚར་མི་གཅོད་པའི་ཉེས་པའོ། །དང་པོ་ལ་དྲུག སྔར་རང་ལ་ཕན་བཏགས་པ་དང༌། ཡིད་མི་བདེ་བ་དང༌། བཀྲེན་པ་དང༌། རང་གི་འཁོར་དང༌། ཕྱོགས་གཅིག་པ་དང་འགྲོགས་པ་དང༌། ཡོན་ཏན་དང་ལྡན་པ་ལ་སོགས་པར་བསྒྲུབ་པའོ། །ཚར་མི་གཅོད་པ་ལ་གཉིས། ཆོས་མིན་སྤྱོད་པ་ཚར་མི་གཅོད་པ་དང༌། བསྟན་པ་དང་ཞེ་འགྲས་པ་དབང་དུ་མི་བྱེད་པའོ། །བསྡུས་པའི་དོན་ཏོ།།  །།ད་ནི་གཞུང་གི་དོན་བཤད་པར་བྱ་སྟེ། དེ་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་འདི་ཅིའི་ཕྱིར་བཤད་ཅེ་ན། སྡོམ་པ་མ་ཐོབ་པ་ཐོབ་པར་བྱ་བ་དང༌། ཐོབ་པ་མི་ཉམས་པར་བསྲུང་བར་བསྟན་པའི་ཕྱིར་བཤད་དོ། །འདི་ལྟར་སྡོམ་པ་མ་ཐོབ་པ་ཐོབ་པར་བྱ་བའི་ཕྱིར་སྡོམ་པ་ཡང་དག་པར་བླང་བ་འདི་ལ་སོ་སོར་ཐར་པ་རིགས་བདུན་པོ་གང་རུང་རྟེན་དུ་དགོས་སམ་མི་དགོས་ཤེ་ན། འདི་ལ་ཁ་ཅིག་ཐོབ་པའི་རྟེན་དུའང་དགོས་ལ་གནས་པའི་རྟེན་དུའང་ཡིན་ནོ་ཞེས་ཟེར་རོ། །ཁ་ཅིག་ཐོབ་པའི་རྟེན་དུ་དགོས་ཀྱི་གནས་པའི་རྟེན་དུ་མི་རུང་ངོ་ཞེས་ཟེར་ཏེ། གཉི་གའང་རིགས་པ་མ་ཡིན་ཏེ། ཐོབ་པ་དང་གནས་པ་གཉིས་ཀའི་རྟེན་མ་ཡིན་ནོ། །དེ་ལ་དང་པོ་སྡོམ་པའི་རྟེན་མ་ཡིན་ཏེ། སོ་སོར་ཐར་པ་ནི་གླིང་གསུམ་དུ་སྐྱེས་པའི་སྐྱེས་པ་དང་བུད་མེད་མ་ཡིན་པ་ལ་མི་སྐྱེ་ལ། བྱང་ཆུབ་ཀྱི་སེམས་ནི་འགྲོ་བ་ཐམས་ཅད་ལའང་སྐྱེ་སྟེ། མདོ་ལས། ལྷའི་བུ་ལ་སོགས་པ་སོ་སོར་ཐར་པའི་སྡོམ་པའི་སྣོད་མ་ཡིན་པའང་གང་དག་སེམས་མ་བསྐྱེད་པ་དེ་དག་ནི་བསྐྱེད་པར་བྱའོ་ཞེས་གསུངས་པ་དང༌། བདུད་སྡིག་ཅན་བཅོམ་ལྡན་འདས་ཀྱི་དྲུང་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནས། བཅོམ་ལྡན་འདས་ཀྱིས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཆོས་ཀྱི་སྣང་བ་ཐོབ་ཅེས་བྱ་བར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །ཞེས་ནམ་མཁའ་མཛོད་ཀྱི་མདོ་ལས་གསུངས་པའི་ཕྱིར་དང༌། སོ་སོར་ཐར་པ་མ་བླངས་པའི་སེམས་ཅན་གྱི་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་བསམ་པ་སྐྱེས་པ་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཡོད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པའི་རྟེན་དུའང་མི་བཏུབ་སྟེ། སོ་སོར་ཐར་པ་ནི་ཤི་འཕོས་པས་གཏོང་ཡང་འདི་མི་གཏོང་ལ། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་ཀྱང་ཡིད་ཀྱི་གསུམ་མ་གཏོགས་པའི་ལུས་ངག་གི་བདུན་པོ་གཞན་དོན་དུ་སྤྱད་ཀྱང་ལྟུང་བའི་གཟུགས་བརྙན་དུ་གསུངས་ལ། སྲོག་གཅོད་པ་ལ་སོགས་པ་ལྟུང་བའི་དངོས་གཞི་ཡན་ལག་ཚང་བ་སྤྱད་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་མི་འཆོར་བའི་ཕྱིར་དང༌། བསླབ་པ་ཀུན་ལས་བཏུས་པ་ལས་ཀྱང༌། སོ་སོར་ཐར་པའི་སྡོམ་པ་སྔོན་དུ་སོང་བའི་རབ་ཏུ་བྱུང་བའི་ཕྱོགས་ལ་དགོངས་ཏེ། ཅི་སྟེ་སེམས་ཅན་གྱི་དོན་དུ་འགྱུར་བར་མཐོང་ན་བསླབ་པ་དབུལ་ལོ་ཞེས་སོ་སོར་ཐར་པའི་སྡོམ་པ་ཕུལ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་པར་གསུངས་པ་དང༌། ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང༌། ཉན་ཐོས་ཀྱི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པའི་བསམ་པ་ཡང་གཞན་སྦྱོར་བ་ཡང་གཞན་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རྡོ་རྗེ་རྩེ་མོ་ལས། སྡོམ་པ་གསུམ་ལ་གནས་པ་ནི། །དང་པོ་ཁྲུས་སུ་བཤད་པ་ཡིན། །ཞེས་གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཐར་བ་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་གསུངས་པ་དང་འགལ་ལོ་ཞེ་ན། དེའི་དོན་ནི་འདི་ཡིན་ཏེ། སྤྱིར་སོ་སོར་ཐར་པ་ཞེས་བྱ་བའི་རང་གི་ངོ་བོ་ནི་གཞན་ལ་གནོད་པ་བྱེད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ལ། དེའི་སྟེང་དུ་ཕན་འདོགས་པར་འདོད་ཅིང་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ཞིང༌། རིག་པ་འཛིན་པ་ནི་རིག་པ་འཛིན་པ་ཡིན་ནོ། །དེ་ལ་སོ་སོར་ཐར་པ་ནི་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང༌། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། འདིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི་སྡོམ་པ་ཐོབ་པ་དང༌། གནས་པ་གཉིས་གའི་རྟེན་དུ་རུང་གི་སྔ་མ་ནི་དེ་ལྟ་མ་ཡིན་པས། རྡོ་རྗེ་རྩེ་མོའི་དགོངས་པ་ནི། བྱང་ཆུབ་སེམས་དཔའི་སོ་ཐར་རོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་དེ་བླང་བའི་ཆོ་ག་གཞན་ཞིག་ཡོད་དམ། སོ་སོར་ཐར་པའི་སྡོམ་པ་བླང་བའི་ཆོ་ག་ཉིད་ཅེ་ན། སྔར་སོ་སོར་ཐར་པ་ཐོབ་ན་ཕྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་སུ་སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་གནས་འགྱུར་ལ། སྔར་མ་ཐོབ་ན་ནི་བྱང་ཆུབ་སེམས་དཔའི་སྨོན་པའི་སེམས་བསྐྱེད་ཀྱི་དུས་ཉིད་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཐོབ་པ་ཡིན་ནོ། །རྣམ་པར་སྤྲོས་པས་ཆོག་གོ །གཞུང་གི་དོན་ལ་འཇུག་པར་བྱ་སྟེ། སྡོམ་པ་ཡང་དག་པར་བླང་བའི་སྔོན་དུ་འགྲོ་བའི་ཆོ་ག་ནི། སངས་རྒྱས་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་ཅི་ནུས་མཆོད། །ཅེས་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐོག་མར་ཕྱག་བྱས་ལ་ཅི་ནུས་པས་མཆོད་དོ། །དངོས་སུ་འབྱོར་པའི་མཆོད་པ་དང༌། བློས་སྤྲུལ་པའི་མཆོད་པ་རྒྱ་ཆེན་པོ་དང༌། ཡང་བློས་སྤྲུལ་པའི་རིན་པོ་ཆེ་སྣ་བདུན་དང༌། ཉེ་བའི་རིན་པོ་ཆེ་བདུན་དང༌། ཡོངས་སུ་གཟུང་བ་མེད་པའི་མཆོད་པ་དང༌། སྟོང་ཉིད་སྙིང་རྗེའི་བླ་ན་མེད་པའི་མཆོད་པ་དབུལ། བླ་མ་ལ་ཡང་ཕྱག་དང་ཅི་འབྱོར་པས་མཆོད་དོ། །སྡོམ་པ་རང་གི་ངོ་བོ་ནི། ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁྲིམས། །ཞེས་པ་སྟེ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་བྱང་སེམས་ཐམས་ཅད་ཀྱི་ཁྲིམས་ནི་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། དེ་བསྲུང་བར་འདོད་པའི་སྔོན་དུ་བླང་བའོ། །དགོས་པ་ནི། བསོད་ནམས་ཀུན་གྱི་གཏེར་གྱུར་གང༌། །ཞེས་པ་སྟེ། བདག་དང་གཞན་གཉིས་ཀ་ཚེ་འདི་དང་ཕ་རོལ་གཉིས་ཀར་བདེ་བ། མཐོ་རིས་དང་ཐར་པ་ཐོབ་པར་བྱེད་པ། དགོས་འདོད་ཐམས་ཅད་འབྱུང་བའི་མི་ཟད་པའི་གཏེར་ཆེན་པོ་དང་འདྲ་བའི་བྱང་ཆུབ་ཀྱི་སེམས་ཏེ། ཕན་ཡོན་གཞན་ཡང་བློའི་ཡུལ་དུ་བྱའོ། །བླང་བའི་བསམ་པ་ནི། དེ་ནི་བསམ་པ་དམ་པ་ཡིས། །ཞེས་བྱ་བ་སྟེ། དེ་ལ་དེ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོ་སྟེ། དེའི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་དགོད་པར་བྱའོ་ཞེས་དམ་འཆའ་བ་སྟེ། ཇི་སྐད་དུ། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་སོ། །དེ་ཡང་དབྱེ་ན་གཉིས་ཏེ། སྨོན་པ་དང༌། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ། །སྨོན་པ་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་འདོད་པ་ཙམ་དམ་འཆའ་བ་སྤྱོད་པའི་གྲོགས་དང་མ་འབྲེལ་བ་ཡིན་ནོ། །འཇུག་པ་ནི་སྤྱོད་པའི་གྲོགས་དང་འབྲེལ་པར་ཁས་བླངས་ནས་སྤྱོད་པའོ། །དེ་ཡང་མདོ་ལས། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་རིན་པོ་ཆེའི་ངོ་བོ་མི་འདོར་ལ། གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབུལ་བ་ཐམས་ཅད་སེལ་ཏོ། །དེ་བཞིན་དུ་བྱང་ཆུབ་ཏུ་སྨོན་པའི་སེམས་ཀྱང་བསྒྲུབ་པའི་ནན་ཏན་དང་བྲལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །བསླབ་པ་ཀུན་ལས་བཏུས་པ་ལས་འཇུག་པའི་སྐབས་ནས་སྤྱོད་པ་དང་ལྡན་པར་སེམས་བསྐྱེད་པ་དེ་བཞིན་དུའོ་ཞེས་གསུངས་སོ། །སྨོན་འཇུག་གི་ཁྱད་པར་གཞན་ལས་བཤད་པ་རྣམས་ཀྱང་ཞིབ་ཏུ་རྟོགས་པར་བྱའོ། །བསམ་པ་དམ་པས་ཞེས་པ་ནི་འཇིག་རྟེན་འདིའི་བློ་དམན་པ་རྣམས་དང་བྲལ་བ་མྱ་ངན་ལས་འདས་པ་བདག་དང་སེམས་ཅན་གྱི་དོན་དུ་འདོད་པས་བླང་བར་བྱའོ། །བླང་བའི་ཡུལ་ནི། བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་པ་སྟེ། སྡོམ་པ་ལ་གནས་པ་ནི་ལྟུང་བ་མི་འབྱུང་ཞིང་བྱུང་ཡང་ཕྱིར་བཅོས་པའི་ཐབས་དང་ལྡན་པ་དང༌། སྤྱོད་པའི་ཡུལ་མཐའ་དག་ལ་མཁས་པ་དང་བཅས་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། དེའི་མ་མོ་ལ་མཁས་པ་དང༌། ནུས་པ་དང་ལྡན་པ་སྟེ། སྡོམ་པ་འབོགས་ནུས་པ་དང༌། གཞན་ཡང་མི་དད་པའི་དབང་དུ་བྱས་ཏེ། དད་པ་མེད་པས་བསླབ་པ་ལ་མི་མོས་པ་དང༌། མི་འཇུག་པ་དང༌། མི་དད་པ་མ་ཡིན་པ་དང༌། ཆགས་པ་ཅན་གྱི་དབང་དུ་བྱས་ཏེ་བརྐམ་ཆགས་ཅན་དང༌། ཆགས་པས་ཟིལ་གྱིས་གནོན་པ་དང༌། འདོད་པ་ཆེ་བ་དང༌། ཆོག་མི་ཤེས་པ་མ་ཡིན་པ་དང༌། འཆལ་པའི་དབང་དུ་བྱས་པ་སྟེ་ཚུལ་ཁྲིམས་ཉམས་པ་དང༌། བསླབ་པ་ལ་མི་གུས་པ་དང༌། ལྷོད་པ་མ་ཡིན་པ་དང༌། བཟོད་པ་མེད་པའི་དབང་དུ་བྱས་ཏེ་ཁྲོ་བོ་དང༌། ཁོན་དུ་འཛིན་པ་དང༌། མི་བཟོད་པ་ཤས་ཆེ་བ་དང༌། ཕ་རོལ་གྱི་ཉེས་པ་མི་བཟོད་པ་མ་ཡིན་པ་དང༌། ལེ་ལོ་ཅན་གྱི་དབང་དུ་བྱས་ཏེ་ལེ་ལོ་ཅན་དང༌། སྙོམས་ལས་ཅན་དང༌། ཤས་ཆེར་གཉིད་དང་གློས་འབེབས་པ་དང༌། ཉལ་བའི་བདེ་བ་དང་དུ་ལེན་པ་དང༌། འདུ་འཛིའི་གཏམ་གྱིས་དུས་ཡོལ་བར་བྱེད་པ་མ་ཡིན་པ་དང༌། རྣམ་པར་གཡེང་བའི་དབང་དུ་བྱས་ཏེ་སེམས་གཡེང་བ་དང༌། བ་འཇོ་བ་ཙམ་དུའང་དགེ་བ་ལ་རྩེ་གཅིག་ཏུ་བསྒོམ་མི་ནུས་པ་མ་ཡིན་པ་དང༌། ཤེས་རབ་ཆུང་བའི་དབང་དུ་བྱས་ཏེ་གསུང་རབ་ལ་རང་གིས་མི་ཤེས་པ་དང༌། བསླབས་ཀྱང་མི་ཤེས་པའི་རྨོངས་པ་དང༌། རྒྱ་ཆེ་བ་མི་བཟོད་པ་སེམས་ཞུམ་པ་དང༌། བྱང་ཆུབ་སེམས་དཔའི་མདོ་སྡེའམ། མ་མོ་ལ་སྐུར་པ་འདེབས་པ་མ་ཡིན་པ་དང༌། ངག་གི་རྣམ་པར་རིག་བྱེད་ཀྱི་བརྡ་དང་མཐུན་ཞིང་དོན་གོ་བར་ནུས་པའི་ཁྱིམ་པའམ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ལས་ནོད་པར་བྱའོ། །དེ་ལས་བླང་བར་བྱ་ཞེས་པ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ། །དེ་དག་གིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་བསྟན་ཏེ། དེ་ལ་གཉིས། སྨོན་པ་བླང་བ་དང༌། འཇུག་པ་བླང་བའོ། །དང་པོ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། གསོལ་བ་གདབ་པ་དང༌། ཚོགས་བསགས་པ་དང༌། སྐྱབས་འགྲོ་ཁྱད་པར་ཅན་བྱ་བའོ། །དེ་ལ་གསོལ་བ་གདབ་པ་ནི་བླ་མ་དང་དཀོན་མཆོག་ལ་མཆོད་པའི་ཕྱིར་མཆོད་པ་བཤམས་ལ། དགེ་བའི་བཤེས་གཉེན་ཁྲི་མཐོན་པོ་ལ་བཞུགས་སུ་གསོལ་ལ། དེའི་ཞབས་ལ་ཕྱག་འཚལ་ནས། བསམ་པ་འདི་ལྟ་བུ་བསྐྱེད་པར་བྱ་སྟེ། དོན་དམ་པར་སྲིད་ཞི་མཉམ་ཡང་ཀུན་རྫོབ་ཏུ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་ལ། ཐམས་ཅད་མཁྱེན་པའི་བདེ་བ་བླ་ན་མེད་པའི་གནས་ཐོབ་པར་བྱ་དགོས་ལ། དེ་ཡང་འཁོར་བ་སྡུག་བསྔལ་གྱི་རང་བཞིན་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་གཙེས་པ་བཤད་ཅིང་སྐྱོ་བ་བསྐྱེད་ལ། དེའི་རྒྱུ་ལས་དང་ཉོན་མོངས་པ་ཡིན་ལ། དེའི་རྒྱུ་དངོས་པོ་ལ་མངོན་པར་ཞེན་པ་ཡིན་པས་དེ་སྤང་དགོས་ལ། དེའང་རྟེན་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་མེད་ན་མ་ཡིན་པས་དེ་བསྐྱེད་པའི་དོན་དུ་བླ་མ་ལ་གསོལ་བ་གདབ་སྙམ་དུ་བསམ་པ་དང༌། ནུས་པ་དང་ལྡན་པ་རང་མི་ལུས་ཐོབ་སྟེ། སངས་རྒྱས་ཀྱི་ལམ་བསྒྲུབ་པའི་སྐལ་བ་ཡོད་པ་ལ་དགའ་བ་དང༌། སངས་རྒྱས་ལ་དད་པ་དང༌། སངས་རྒྱས་པས་ཀྱང་དགེ་བའི་བཤེས་གཉེན་མཆོག་ཡིན་ཏེ། བདག་ལ་ཉེ་བར་ཕན་འདོགས་ཤིང་སྐྱོབ་པ་ཡིན་པས་སངས་རྒྱས་པས་ལྷག་པར་བསམས་ལ། གསོལ་བ་གདབ་སྟེ། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་མཛད་དུ་གསོལ་ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །གཉིས་པ་ཚོགས་བསགས་པ་ནི། དཀོན་མཆོག་ལ་ཕྱག་བྱ། དངོས་སུ་འབྱོར་པའི་མཆོད་པ་དབུལ་ལོ། །དེ་ནས་བློས་སྤྲུལ་པའི་མཆོད་པ་རྒྱ་ཆེན་པོས་མཆོད་དོ། །དེ་ནས་འཁོར་ལོ་དང༌། ནོར་བུ་དང༌། རྟ་དང༌། གླང་པོ་དང༌། ཁྱིམ་བདག་དང༌། སྐྱེས་བུ་དང༌། བཙུན་མོ་སྟེ་རིན་པོ་ཆེ་སྣ་བདུན་དང༌། ཁང་བཟངས་དང༌། ཚལ་དང༌། རལ་གྲི་དང༌། མལ་ཁྲི་དང༌། ལྷྭམ་དང༌། གོས་དང༌། ཀླུའི་པགས་པ་སྟེ་ཉེ་བའི་རིན་པོ་ཆེ་སྣ་བདུན་དང༌། འཁོར་ལོས་སྒྱུར་བའི་མཆོད་པ་དབུལ་བ་སྟེ། ཆོ་ག་ནི་ཐམས་ཅད་ཡིད་ཀྱིས་བྱ་བའམ། མཆོད་པ་སྤྲིན་གྱི་གཟུངས་ཀྱི་གསང་སྔགས་ནས་བཤད་པ་བཞིན་ནོ། །དེ་ནས་ཡོངས་སུ་གཟུང་བ་མེད་པའི་མཆོད་པ་དབུལ་ལོ། །དེ་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡུད་ཙམ་བསྒོམས་ཏེ། བླ་ན་མེད་པའི་མཆོད་པ་དབུལ་ལོ། །དེ་ནས་བླ་མའི་ཞབས་ལ་གཏུགས་ཏེ་ཕྱག་བྱས་ནས། ཅི་འབྱོར་པའི་ཡོན་བླ་མ་ལ་དབུལ་བ་ནི་ཚོགས་བསགས་པའོ། །གསུམ་པ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ་ནི། སྐྱབས་སུ་མ་སོང་བའི་ཉེས་དམིགས་དང༌། སོང་བའི་ཕན་ཡོན་བཤད་དེ། དང་པོ་སངས་རྒྱས་པར་མི་ཆུད་པ་དང༌། སོ་སོར་ཐར་པའི་སྡོམ་པ་མི་སྐྱེ་བ་དང༌། བྱང་ཆུབ་ཀྱི་རྒྱུའི་དགེ་བ་ལ་མི་དབང་བ་ལ་སོགས་པའང་བརྗོད། ཕན་ཡོན་ནི་སངས་རྒྱས་པར་ཚུད། དམ་པའི་གྲངས་སུ་བགྲང༌། སྡོམ་པ་ཐམས་ཅད་སྐྱེ། སྲུང་བ་ཆེན་པོར་འགྱུར་བ་ལ་སོགས་པ་བརྗོད་ལ་སྤྲོ་བ་བསྐྱེད་ལ། བདག་གིས་སངས་རྒྱས་ལ་སྟོན་པ་དང༌། ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པ་དང༌། ཕྱིར་མི་ལྡོག་པའི་དགེ་འདུན་ལ་གྲོགས་སུ་བཟུང་ལ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་སངས་རྒྱས་ཐོབ་པར་བྱས་ལ། འགྲོ་བ་ཐམས་ཅད་ཀྱི་སྡུག་བསྔལ་བསལ་སྙམ་དུ་དམ་བཅའ་བ་དང༌། ངག་ཏུ་ཡང༌། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་དེ་དམ་འཆའ་རུ་གཞུག་གོ །དེ་ལྟར་སྐྱབས་སུ་འགྲོ་བའི་བསླབ་བྱ་རྣམས་ཀྱང་སློབ་དཔོན་གྱིས་བརྗོད་པར་བྱའོ། །དངོས་གཞི་ནི་གཉིས། བསམ་པ་དང༌། དམ་བཅའ་བའི་ཚིག་ཏུ་བརྗོད་པའོ། །དང་པོ་ནི་མདུན་གྱི་ནམ་མཁར་རང་གི་ཡི་དམ་གྱི་ལྷ་ཡོད་པ་བསྟན་པའི་གཙོ་བོ་ཡིན་པས་ཤཱཀྱའི་རྒྱལ་པོ་བསམས་ལ། དེའི་ཡོན་ཏན་དྲན་པར་བྱ་སྟེ། དང་པོར་ཐུགས་རྗེས་འགྲོ་བ་མཐའ་དག་གི་དོན་དུ་ཐུགས་བསྐྱེད་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ཏེ་ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་ཏེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐུགས་སུ་ཆུད་ནས་འགྲོ་བ་མཐའ་དག་ཐུགས་རྗེས་འདྲེན་པ་ཡིན་ནོ་ཞེས་དཔག་ཏུ་མེད་པའི་ཡོན་ཏན་དྲན་པར་བྱས་ལ། བདག་གིས་ཀྱང་འགྲོ་བའི་མགོན་སྐྱབས་དེ་ལྟ་བུ་ཐོབ་ན་ཅི་མ་རུང་ཞེས་ཏེ་དོན་དུ་གཉེར་བའི་འདོད་པ་བསྒོམ་པའོ། །དེ་ནས་སངས་རྒྱས་དེ་རྒྱུ་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། དེའང་སྙིང་རྗེ་ལས་སྐྱེ་ཞིང༌། དེའང་བྱམས་པ་ལས་འབྱུང་བས། བྱམས་པ་བསྒོམ་པར་བྱ་སྟེ། བྱམས་པ་དེའང་ཡིད་དུ་འོང་བ་དང་དྲིན་དྲན་པ་ལས་འབྱུང་བས། དྲིན་དྲན་པར་བྱས་ཏེ། བདག་གི་མ་འདིས་བདག་ལྟོ་ན་གནས་པ་དང༌། ཆུང་བ་དང༌། བྱིས་པ་དང༌། ཆེར་སྐྱེས་པའི་དུས་རྣམས་སུ་ཕན་གདགས་པའི་རྣམ་པ་ཐམས་ཅད་བཤད་ལ་དྲན་པར་བྱས་ལ། མ་དེ་ཡང་སྐྱེ་བ་འདིར་མ་ཟད་མ་འདིས་བདག་གི་མ་བྱས་པའི་གྲངས་ནི་བསྔོ་བར་མི་ནུས་ཏེ། སའི་དཀྱིལ་འཁོར་ཐམས་ཅད་རྒྱ་ཤུག་གི་ཚི་གུ་ཙམ་དུ་བགྲང་བར་ནུས་སྲིད་ཀྱི། མའི་གྲངས་ནི་བགྲང་བར་མི་ནུས་སོ། །དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་མ་བྱས་ཏེ། རེ་རེའང་གྲངས་ཀྱང་སྔ་མ་བཞིན་ནོ། །མ་བྱས་པ་བཞིན་དུ་ཕ་དང༌། ཕུ་ནུ་དང༌། བུ་དང༌། བུ་མོ་དང༌། ཁྱིམ་ཐབ་དང༌། སྣག་གི་གཉེན་ལ་སོགས་པར་མ་གྱུར་པ་མེད་དེ། དེ་དག་ཀྱང་བདག་ལ་སྙིང་བརྩེ་བ་དང་བཅས་པས་ཡིད་དུ་འོང་བཞིན་དུ་བྲལ་བ་ཡིན་ནོ་ཞེས་ཐམས་ཅད་ལའང་བཤེས་ཀྱི་འདུ་ཤེས་དང་ལྡན་པས་དྲིན་དྲན་པར་བྱས་ལ། འདི་ཐམས་ཅད་བདེ་བ་དང་ཡིད་བདེ་བ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་པའི་བྱམས་པ་བསྒོམ་དུ་གཞུག དེ་དང་ལྡན་ནས་ཀྱང་ཕྱོགས་ཆ་མེད་པའི་སྙིང་རྗེ་བསྒོམ་སྟེ། བདག་གི་བཤེས་འཁོར་བ་ནས་འཁོར་བར་འཁྱམ་པ་དེ་དག་བདེ་བ་འདོད་དུ་ཟིན་ཀྱང་རྒྱུ་མ་རིག་པ་ལ་སོགས་པས་འབྲས་བུ་འགྲོ་བ་ལྔའི་འཁོར་བར་འཁོར་ཞིང་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བས་འདི་དག་གི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་འབྲལ་བར་འདོད་པ་མི་བཟོད་པའི་རང་བཞིན་ཅན་གྱི་སྙིང་རྗེ་བསྒོམ་པའི་ཐབས་ཞིབ་ཏུ་བཤད་ལ་བསྒོམ་པར་བྱའོ། །དེ་ནས་བྱང་ཆུབ་ཀྱི་སེམས་བསྒོམ་སྟེ་སེམས་ཅན་འདི་རྣམས་བཤེས་སུ་མ་གྱུར་པ་མེད་པ་འདི་རྣམས་སྡུག་བསྔལ་དང་བྲལ་བར་བྱས་ལ་བདེ་བ་ལ་བཞག་དགོས་པས། དེའང་རེ་ཞིག་བདེ་བ་མངོན་མཐོ་ལ་བཀོད་ཀྱང་མི་ཕན་གྱི་གཏན་དུ་བདེ་བ་སངས་རྒྱས་ལ་དགོད་དགོས་ཀྱི། དེ་ཡང་བདག་ད་ལྟར་སེམས་ཅན་རྣམས་སངས་རྒྱས་པས་མངོན་མཐོ་ལ་དགོད་པའི་ནུས་པ་ཡང་མེད་པས། བདག་གིས་བཅོམ་ལྡན་འདས་འདི་ལྟ་བུ་ཐོབ་པར་བྱས་ལ། སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པར་བྱ་སྙམ་དུ་བསམ་པ་སྦྱང་བར་བྱའོ། །དམ་བཅའ་བ་ཚིག་ཏུ་བརྗོད་པ་ནི། བསམ་པ་དེས་ཀུན་ནས་བསླངས་ཏེ་འདི་སྐད་བརྗོད་པར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་གཞན་དག་ཏུ་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བྱ་བ་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བའི་སླད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་དུ་དམ་བཅའ་བ་ཁས་བླང་བའོ། །རྗེས་ཀྱི་བྱ་བ་ནི་བསླབ་བྱ་རྣམས་བརྗོད་པ་སྟེ། དེ་ལ་ལྔ་སྟེ། གཏོང་བའི་རྒྱུ་དོར་བ་དང༌། མི་ཉམས་པའི་རྒྱུ་ལ་བསླབ་པ་བཞི་སྟེ། རྒྱུན་ཏུ་སྦྱང་བ་དང༌། ཕན་ཡོན་དྲན་པར་བྱ་བ་དང༌། སྤེལ་བའི་རྒྱུ་ལ་བསླབ་པ་དང༌། སྐྱེ་བ་གཞན་དུ་དྲན་པའི་རྒྱུ་ལ་བསླབ་པའོ། །གཏོང་བའི་རྒྱུ་དོར་བ་ནི་སེམས་ཅན་བློས་དོར་བ་སྟེ། སེམས་ཅན་འགའ་ཞིག་གིས་བདག་སུན་ཕྱུང་བ་ན། ད་ནི་ཁྱོད་གཏན་དུ་བསྟེན་པ་དང༌། ཁྱོད་ཀྱི་དོན་བསྒྲུབ་པ་དོར་བར་བྱ་སྙམ་དུ་བློས་སྤངས་ནས་ཐུན་ཚོད་ལས་འདའ་ན་བྱང་ཆུབ་ཀྱི་སེམས་འཆོར་བས་དེ་སྤང་ངོ༌། །དེ་ཡང་སེམས་ཅན་བདག་ལ་ལོག་པར་བསྒྲུབ་པ་དག་མཐོང་ན། ད་ལྟར་ཁྱོད་བདག་གིས་གཟུང་བར་མ་ནུས་ཀྱང་ནམ་ཞིག་ན་བདག་མཐུ་དང་ལྡན་ཞིང་ཁྱོད་འོས་སུ་གྱུར་པའི་དུས་སུ་གཟུང་ངོ་སྙམ་དུ་བསམ་མོ། །མི་ཉམས་པའི་རྒྱུ་ལ་བཞིའི་དང་པོ་རྒྱུན་དུ་སྦྱང་བ་ནི། ཆོ་ག་རྒྱས་པའམ་ཡང་ན་བསྡུས་པ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བསམ་པ་བསྐྱེད་ཕྱིར་གུས་པར་བྱའོ། །གཉིས་པ་ཕན་ཡོན་དྲན་པར་བྱ་བ་ནི། སྡོང་པོ་བཀོད་པ་ལ་སོགས་པ་ནས་གསུངས་པ་དཀར་པོའི་ཆོས་ཐམས་ཅད་ཀྱི་ས་བོན་ཡིན་པ་དང༌། སྡིག་པ་ཐམས་ཅད་སྲེག་པ་དུས་མཐའི་མེ་དང༌། དགོས་འདོད་ཐམས་ཅད་འབྱུང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པས་སྤྲོ་བར་བྱས་ལ་མི་ཉམས་པར་བྱའོ། །སྤེལ་བའི་རྒྱུ་ལ་བསླབ་པ་ནི་ཚོགས་བསག་ལ་འབད་པར་བྱའོ། །སྐྱེ་བ་གཞན་ལ་དྲན་པའི་རྒྱུ་ལ་བསླབ་པ་ནི། ནག་པོའི་ཆོས་བཞི་སྤང་བ་དང༌། དཀར་པོའི་ཆོས་བཞི་བསྟེན་པ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། མཁན་པོ་དང་སློབ་དཔོན་དང་བླ་མ་དང་སྦྱིན་གནས་བསླུ་བ་དང༌། གཞན་འགྱོད་པ་མེད་པ་ལ་འགྱོད་པ་ཉེ་བར་བསྒྲུབ་པ་དང༌། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་བརྗོད་པ་མ་ཡིན་པ་དང་སྙན་པ་མ་ཡིན་པ་དང་ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང༌། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་པའི་བསམ་པའོ་ཞེས་གསུངས་སོ། །དེ་དག་ཐག་བསྲིང་བ་དཀར་པོའི་ཆོས་བཞི་ནི། དེ་ཉིད་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། སྲོག་གི་ཕྱིར་རམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་རྫུན་གྱི་ཚིག་མི་སྨྲ་བ་དང༌། སྒྱུ་དང་གཡོ་མེད་པས་སེམས་ཅན་གྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོད་པ་དང༌། སེམས་ཅན་གང་དག་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཀྱང་ཉི་ཚེ་བའི་ཐེག་པ་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། འོད་སྲུངས་བཞི་པོ་འདི་དག་གོ །ཞེས་གསུངས་སོ། །མདོར་ན་སྨོན་པ་གཏོང་བའི་རྒྱུ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་བཏང་བ་ཡིན་ནོ། །མན་ངག་བརྒྱུད་པ་ལས། སྔར་གྱི་སེམས་ཅན་བློས་སྤངས་པ་དང༌། ནག་པོའི་ཆོས་བཞིའོ་ཞེས་ཐོས་སོ། །སྨོན་པའི་སེམས་གཟུང་བའི་ཆོ་གའོ། །འཇུག་པའི་སྡོམ་པ་གཟུང་བའི་ཆོ་ག་ལའང་གསུམ། སྦྱོར་བ། དངོས་གཞི། མཇུག་གོ །སྦྱོར་བ་ལ་བཅུ་སྟེ། གསོལ་བ་གདབ་པ་དང༌། བར་ཆད་ཐུན་མོང་བ་འདྲི་བ་དང༌། ལྟུང་བའི་ལྕི་ཡང་བརྗོད་པ་དང༌། ཉམས་པའི་ཉེས་དམིགས་བརྗོད་པ་དང༌། མ་ཉམས་པའི་ཕན་ཡོན་དང༌། ཚོགས་བསག་པ་དང༌། བར་ཆད་ཐུན་མོང་མ་ཡིད་པ་འདྲི་བ་དང༌། བསྐུལ་བ་དང༌། བསམ་པ་ཁྱད་པར་ཅན་བསྐྱེད་པ་དང༌། བསླབ་པ་མདོར་བརྗོད་པའོ། །དང་པོ་ནི། འདོད་པའི་ལྷ་བསམ་པ་དང༌། དེ་ཐོབ་པའི་ཐབས་སུ་དྲིན་དྲན་པ་དང༌། བྱམས་པ་དང་སྙིང་རྗེ་བསྒོམས་ལ། བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ལ་དགོད་པའི་ཐབས་སུ་བསླབ་པ་གཟུང་དགོས་པས་བླ་མ་ལ་གསོལ་བ་གདབ་སྙམ་དུ་བསམས་ཏེ། སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་བླ་མ་ལ་ཕྱག་འཚལ་ཏེ། འདི་སྐད་དུ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ནོད་པར་འཚལ་གྱིས། དེ་ལ་ནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག་གསན་ཅིང་སྩལ་བའི་རིགས་སོ་ཞེས་ལན་གསུམ་དུ་བརྗོད་པར་བྱའོ། །གཉིས་པ་ནི། སྡོམ་པ་ལེན་པར་འདོད་པ་དེ་ལ་སློབ་དཔོན་གྱིས་འདི་སྐད་བརྗོད་པར་བྱ་སྟེ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག ཁྱོད་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ནོད་པ་གཞན་དང་འགྲན་པ་མ་ཡིན་ནམ། གཞན་གྱིས་རང་དབང་མེད་པར་ལེན་དུ་བཅུག་པ་མ་ཡིན་ནམ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ཐོས་སམ། ཤེས་སམ། དད་དམ། ཅུང་ཟད་ཅིག་བསྲུང་བར་ནུས་སམ། སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་འདོད་དམ། མ་གྲོལ་བ་རྣམས་དགྲོལ་བར་འདོད་དམ། དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བར་འདོད་དམ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དམ། སངས་རྒྱས་ཀྱི་གདུང་མི་གཅད་པར་ཁྱེད་ཀྱི་སེམས་བརྟན་པ་དང་ཡིད་བརྟན་པར་བྱའམ་ཞེས་བརྗོད་པར་བྱའོ། །གསུམ་པ་ནི། ཕམ་པ་དང༌། ཟག་པ་འབྲིང་དང༌། ཆུང་ངུ་དང༌། ཉོན་མོངས་པ་དང༌། ཉོན་མོངས་པ་མེད་པའི་ཉེས་བྱས་རྣམས་འོག་ནས་འབྱུང་བ་བཞིན་རྒྱས་པར་བརྗོད་ལ། དེ་དག་སྤོང་བ་ཡང་དག་པར་ལེན་ནུས་སམ་ཞེས་འདྲི་བར་བྱའོ། །བཞི་པ་ནི། ནམ་མཁའི་སྙིང་པོའི་མདོ་ལས། རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ལས་དང་པོ་པ་འཁྲུལ་པ་རྣམས་དགེ་བའི་རྩ་བ་སྔོན་བསྐྱེད་པ་རྣམས་ཐལ་བར་རློག་སྟེ། ཕམ་པར་འགྱུར་ཅིང་ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོ་འཁོར་བ་ནས་འཁོར་བར་འགྱུར་ཏེ། དགེ་བའི་བཤེས་གཉེན་དང་བྲལ་བར་འགྱུར་རོ་ཞེས་གསུངས་པ་དང༌། གཞན་ཡང་དྲན་པ་ཉེ་བར་གཞག་པ་དང༌། ཆོས་ཡང་དག་པར་སྡུད་པ་དང༌། བློ་གྲོས་རྒྱ་མཚོ་དང༌། སའི་སྙིང་པོ་འཁོར་ལོ་བཅུ་པ་དང༌། སྨན་གྱིས་བླའི་མདོ་ལས་གསུངས་པའི་ཉམས་པའི་ཉེས་དམིགས་གཞན་དག་ཀྱང་བརྗོད་དོ། །ལྔ་པ་ནི། བྱང་ཆུབ་སེམས་དཔའི་ས་ལས་བྱང་ཆུབ་སེམས་དཔའ་གང་གིས་སྨོན་པ་མ་བཏང་ཞིང༌། ཕམ་པ་ལྟ་བུ་མ་སྤྱད་ན་ཚེ་བརྗེས་ནས་འགྲོ་བ་གང་དུ་འཁོར་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བླང་བ་སྤོང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཚེ་རྗེས་ནས་བརྗེད་ནའང་དེ་དག་དགེ་བའི་བཤེས་གཉེན་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་དག་པར་ནོད་པར་ཟད་ཀྱི། གསར་དུ་ལེན་པ་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཡང་མ་ཉམས་པའི་ཕན་ཡོན་མན་ངག་བརྒྱུད་པ་དག་ལས་འདི་སྐད་ཀྱང་ཐོས་ཏེ། བྱང་ཆུབ་མྱུར་དུ་ཐོབ་པ་དང༌། སངས་རྒྱས་ཀྱི་དགོངས་པ་དང༌། རང་དང་ཚུལ་ཁྲིམས་མཉམ་པའི་ལྷག་པའི་དགེ་བའི་བཤེས་གཉེན་གྱི་ཐད་དུ་སྐྱེ་བ་དང༌། ཐམས་ཅད་དུ་རང་བྱུང་གི་ཚུལ་ཁྲིམས་དང་འགྲོགས་པ་དང༌། བདག་དང་གཞན་གྱི་རྒྱུད་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་རྒྱས་པར་བྱེད་པ་དང༌། དགའ་བཞིན་དུ་ཚེའི་དུས་བྱེད་པ་དང༌། དེ་དག་ཏུ་ངན་འགྲོའི་རྒྱུན་གཅོད་པ་དང་བདུན་ནོ་ཞེས་པའོ། །དྲུག་པ་ནི། ཕྱག་དང་མཆོད་པ་དང༌། བླ་མ་ལ་ཕྱག་བྱ་བ་རྣམས་སྔར་སྨོས་པ་བཞིན་ནོ། །བདུན་པ་ནི། བླ་མ་དེས་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བམ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ལེན་པར་འདོད་དམ་ཞེས་དྲིས་ལ། དེས་ཀྱང་བྱང་ཆུབ་སེམས་དཔའ་ལགས་སོ། །བྱང་ཆུབ་ཏུ་སྨོན་ལམ་བཏབ་ལགས་སོ། །སྡོམ་པ་ལེན་པར་འཚལ་ལོ་ཞེས་བརྗོད་དོ། །བརྒྱད་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་མངོན་སུམ་དུ་བྱས་ཏེ་བསམ་པ་དྭང་བ་བསྐྱེད་ལ། སྐུ་གཟུགས་མདུན་དུ་བྱས་ནས་དེ་ལ་མཆོད་དོ། །དེ་ལ་འདུད་པའི་ཚུལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་དོ། །རིགས་ཀྱི་བུ་དགོངས་སུ་གསོལ། རིགས་ཀྱི་བུས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་ནོད་དུ་གསོལ། ཤིན་ཏུ་མྱུར་བར་སྩལ་དུ་གསོལ། ཞེས་ལན་གསུམ་བརྗོད་དོ། །དགུ་པ་ནི། མདུན་གྱི་ནམ་མཁའ་ལ་ལྷག་པའི་ལྷ་བསྒོམས་ལ། དེའི་ཡོན་ཏན་དྲན་པ་དང༌། དྭང་བ་དང༌། འདོད་པ་དང༌། དེའི་ཐབས་སུ་དྲིན་དྲན་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པར་སྔར་སྨོན་པ་དང་མཐུན་པར་བསྒོམས་ལ། སེམས་ཅན་སངས་རྒྱས་ལ་བཀོད་པའི་ཐབས་སུ་བདག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་ངོ་སྙམ་དུ་བསམས་ཏེ། ད་ནི་རིང་པོ་མི་ཐོགས་པར་བསོད་ནམས་ཀྱི་གཏེར་ཆེན་པོ་བླ་ན་མེད་པ་ཟད་མི་ཤེས་ཤིང་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་དེ་བདག་ལ་སྐྱེའོ་ཞེས་དགའ་བའི་སེམས་བསྐྱེད་པར་བྱའོ། །བཅུ་པ་ནི། བླ་མས་སློབ་མ་ལ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ལེན་འདོད་དམ་ཞེས་དྲིས་ལ། དེས་ཀྱང་འཚལ་ལོ་ཞེས་བརྗོད་པར་བྱའོ། །དངོས་གཞི་ནི། དེ་ནས་སློབ་མས་སྡོམ་པ་ལེན་པའི་སེམས་བསྐྱེད་ལ། སློབ་དཔོན་གྱིས་རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་རྣམས་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་རྣམས་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་རྣམས་དང༌། ད་ལྟ་ཕྱོགས་བཅུ་དག་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་གང་ཡིན་པ་དང༌། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་རྣམས་དང༌། བསླབ་པའི་གཞི་གང་དག་དང༌། ཚུལ་ཁྲིམས་གང་དག་ལ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པར་འགྱུར་བ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་དག་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། ད་ལྟར་ཡང་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། ཚུལ་ཁྲིམས་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་དེ་ང་ལས་ནོད་དམ་ཞེས་ལན་གསུམ་དུ་དྲིས་ལ། ལེན་པ་དེས་ཀྱང་ནོད་ལགས་སོ་ཞེས་ལན་གསུམ་བརྗོད་པས་བླངས་བར་འགྱུར་རོ། །མཇུག་གི་ཆོ་ག་ལ་དྲུག་སྟེ། མཁྱེན་པར་གསོལ་བ་དང༌། ཡེ་ཤེས་གཟིགས་པ་ལ་འཇུག་པའི་ཕན་ཡོན་དང༌། སྡོམ་པ་གྱ་ཚོམ་དུ་མི་བསྒྲགས་པ་དང༌། བསླབ་པའི་གནས་ཐམས་ཅད་བརྗོད་པ་དང༌། བཀའ་དྲིན་དྲན་པའི་མཆོད་པ་དང༌། དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ནི། ནོད་པ་པོ་མ་ལངས་པར་འབོགས་པ་པོ་ལངས་ཏེ། སྐུ་གཟུགས་ཀྱི་སྤྱན་སྔར་ཕྱོགས་བཅུའི་སངས་རྒྱས་དམིགས་ལ། ཕྱོགས་བཅུར་ཕྱག་བྱ་ཞིང་སྙིམ་པས་མེ་ཏོག་གཏོར་ལ་འགྲེང་སྟེ་ཐལ་མོ་སྦྱར་ནས་འདི་སྐད་དུ་མཁྱེན་པར་གསོལ་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་པ་འདི་བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལན་གསུམ་གྱི་བར་དུ་ནོད་ལགས་ཏེ། བདག་མིང་འདི་ཞེས་བགྱི་བས་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ་བདག་དཔང་དུ་གྱུར་པ་འཕགས་པ་དཀོན་མཆོག་ལྐོག་ཏུ་གྱུར་ཀྱང༌། ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་བཞུགས་པ་མཁྱེན་པར་གསོལ་ལོ་ཞེས་ལན་གསུམ་བརྗོད་པར་བྱའོ། །གཉིས་པ་ནི། སློབ་དཔོན་གྱིས་སློབ་མ་ལ་འདི་ལྟར་བསྒོ་བར་བྱ་སྟེ། དེ་ཚེ་དེ་ལ་དགེ་བའི་ཕྱིར། །རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །དགེ་བའི་ཐུགས་ཀྱི་རྟག་པར་ཡང༌། །བུ་སྡུག་འདྲ་བར་དགོངས་པར་འགྱུར། །ཞེས་པ་སྟེ། འདི་ནི་ཆོས་ཉིད་ཡིན་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བའི་ལས་ཡོངས་སུ་རྫོགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་དེ་བཞིན་གཤེགས་པ་རྣམས་དང༌། ས་ཆེན་པོར་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་བཞུགས་ཤིང་འཚོ་སྐྱོང་བ་རྣམས་གང་གིས་དེ་དག་གིས་འདི་སྙམ་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་སྙམ་དུ་དགོངས་པར་འགྱུར་ཏེ། དེ་ལྟ་བུའི་ལྟས་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་ལ་དགོངས་པར་འགྱུར་ཏེ། ཡེ་ཤེས་ཀྱི་གཟིགས་པ་འཇུག་གོ །དེ་དག་ཡེ་ཤེས་ཀྱི་གཟིགས་པ་དེས་འདི་ལྟར་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལེགས་པར་མནོས་སོ་ཞེས་བྱ་བ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་འགྱུར་ཏེ། དེ་དག་ཐམས་ཅད་དེ་ལ་བུ་དང་འདྲ་བ་དང༌། སྤུན་དང་འདྲ་བར་དགོངས་པ་ཟབ་མོ་སོ་སོ་ནས་ཐུགས་བརྩེ་བར་མཛད་དོ། །དེ་ལྟར་དགོངས་པ་ཟབ་མོ་སོ་སོ་ནས་ཐུགས་བརྩེ་བ་མཛད་པ་དེ་ལྟར་བྱང་ཆུབ་སེམས་དཔའི་དགེ་བའི་ཆོས་རྣམས་རྒྱ་ཆེར་འཕེལ་བར་འགྱུར་ཏེ། ཉམས་པར་མི་འགྱུར་བར་ཤེས་པར་བྱའོ། །ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མཁྱེན་པར་གསོལ་བ་དེ་ཡང་ཐུགས་སུ་ཆུད་པར་རིགས་པར་བྱའོ། །ཞེས་གོ་བར་བྱའོ། །གསུམ་པ་ནི། སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་བཟུང་ཞིང་ཀུན་ཆུབ་པར་བྱས་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྡང་ཞིང་མ་དད་པའི་སེམས་ཅན་རྣམས་ལ་གྱ་ཚོམ་དུ་བསྒྲག་པར་མི་བྱ་ཞིང་ཤེས་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་གིས་ཐོས་ནས་མ་མོས་ཤིང་མི་ཤེས་པའི་སྒྲིབ་པ་ཆེན་པོས་བསྒྲིབས་པས་བསྐུར་པ་འདེབས་པའི་ཕྱིར་ཏེ། དེ་ལ་སྐུར་པ་འདེབས་པ་ནི་སྡོམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དང་ལྡན་པར་འགྱུར་བ་ཙམ་དུ་དེ་ནི་སྡིག་པའི་ཚིག་དང༌། སྡིག་པའི་ལྟ་བ་དང༌། སྡིག་པའི་ཀུན་ཏུ་རྟོག་པ་དེ་དག་ཇི་སྲིད་དུ་ཐམས་ཅད་ཀྱི་ཐམས་ཅད་མ་སྤངས་པའི་བར་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་དཔག་ཏུ་མེད་པ་དེ་ཙམ་ཁོ་ན་དང་ལྡན་པར་འགྱུར་ཏེ་ཞེས་བརྗོད་དོ། །བཞི་པ་ནི། ཕམ་པའི་གནས་དང་འདྲ་བ་དང༌། ཉེས་བྱས་རྣམས་རྒྱ་ཆེར་བསྟན་ཏེ་བསླབ་བྱ་ངོ་ཤེས་པར་བྱའོ། །ལྔ་པ་ནི། དེ་ནས་ཡིད་ཤིན་ཏུ་དགའ་བས་མཆོད་པ་རྒྱ་ཆེན་པོ་དང༌། ཕྱག་ལ་སོགས་པ་རྒྱས་པར་བྱའོ། །དྲུག་པ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ཡན་ཆད་དུ་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང༌། ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བའི་འདིས་དགེ་བའི་བཤེས་གཉེན་དང༌། ཕ་དང་མ་དང་སྔོན་དུ་འགྲོ་བར་བྱས་པའི་སེམས་ཅན་ཐམས་ཅད་འཁོར་བ་ལས་ཐར་ཏེ། བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་བསྔོའོ། །སློབ་དཔོན་ལས་སྡོམ་པ་བླང་བའི་ཆོ་གའོ། །ཡང་ན་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་མ་རྙེད་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་རྩ་རུ་བདག་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་སྟེ། དེའི་སྤྱན་སྔར་བླ་གོས་ཕྲག་པ་གཅིག་ཏུ་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་པར་འཚལ་ཏེ། དེ་དག་གིས་སྤྱན་སྔར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའི་གཞི་ཐམས་ཅད་དུ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐམས་ཅད་དེ་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང༌། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་གང་ལས་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསླབ་པ་དང༌། མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་འགྱུར་བ་དང༌། ཕྱོགས་བཅུ་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པ་ཐམས་ཅད་བདག་གིས་ཡང་དག་པར་བླང་ངོ་ཞེས་ལན་གསུམ་དུ་བརྗོད་དེ་ལྡང་བར་བྱའོ། །གསོལ་བ་གདབ་པ་ལ་སོགས་པ་ཡིད་ཀྱིས་བྱ་སྟེ། ཐམས་ཅད་ཀྱང་སྔ་མ་བཞིན་དུ་རིགས་པར་བྱའོ། །སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་རྣམས་བརྗོད་ཟིན་ཏོ། །འདི་ལྟར་རྣམ་པར་རྟོག་སྟེ་སྡོམ་པ་ཡང་དག་པར་བླང་བའི་ཆོ་ག་འདི་རྣམ་པ་ཐམས་ཅད་དུ་དགོས་སམ་མི་དགོས། རྣམ་པ་ཐམས་ཅད་དུ་དགོས་ན་རང་བཞིན་གྱིས་བྱང་སེམས་སྐྱེས་པའི་གང་ཟག་བཤད་ཅིང་མཐོང་བས་དེ་དག་ལ་མི་དགོས་ལ། རྣམ་པ་ཐམས་ཅད་དུ་མི་དགོས་ན་ཆོ་ག་བཤད་པ་རྣམས་ལ་དོན་མེད་དོ་སྙམ་ན། དེ་ནི་འདི་ལྟར་ཡིན་ཏེ། ཆོ་ག་བཤད་པའི་དགོས་པ་ནི་སེམས་མ་བསྐྱེད་པ་བསྐྱེད་པར་བྱ་བ་དང༌། རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱང་ངོ་ཚ་དང་ཁྲེལ་ཡོད་པ་དང་ལྡན་པར་འགྱུར་བས་སྐྱེས་པ་རྣམས་ཀྱང་བརྟན་པར་བྱ་བའི་དོན་དུ་ཆོ་ག་བཤད་པ་ཡིན་ཏེ། རྣམ་པར་སྤྲོ་བར་ཡང་བྱའོ། །དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་བསླབ་པར་བྱ་བ་རྣམས་ལ་བསླབ་པ་ལས། དང་པོ་བསླབ་བྱ་བསྡུས་ཏེ་བསྟན་པ་ལས། །གཞན་རྣམས་དང་ནི་བདག་ལའང་རུང༌། །སྡུག་བསྔལ་ཡིན་ཡང་གང་ཕན་དང༌། །ཕན་དང་བདེ་བ་རྣམ་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་ཏེ། དེ་ལ་ཕན་པ་ནི་ཚེ་ཕྱི་མ་ལ་ཕན་པའོ། །བདེ་བ་ནི་ཚེ་འདི་ལ་བདེ་བའོ། །བྱ་སྟེ་ཞེས་བྱ་བ་ནི་ཕན་པ་དང་བདེ་བ་གཉིས་ཀ་བྱ་ཞིང༌། མི་བདེ་བ་དང་གནོད་པ་གཉིས་ཀ་སྤང་བར་བྱའོ། །དེ་ལ་རང་དང་གཞན་གཉིས་ཀ་ལ་ཕྱི་མ་ལ་ཕན་པར་འགྱུར་ན། ཚེ་འདིར་མི་བདེ་ཡང་དེ་སྤྱད་པར་བྱ་སྟེ། དཔེར་ན་སྨན་པས་ནད་ཚད་པ་ན་བ་ལ་སྨན་ཁ་བ་དང་རྩ་གཏར་བ་བཞིན་ནོ། །ཚེ་འདིར་བདེ་ཡང་ཕྱི་མ་ལ་མི་ཕན་ན་དེ་ནི་མི་བྱ་སྟེ། དཔེར་ན་ཁ་ཟས་མཆོག་དུག་གིས་སྦགས་པ་ལྟ་བུ་དང༌། ཚད་པ་ན་བ་ལ་གཉིད་དང་ཆང་གཏོང་བ་བཞིན་ནོ། །དེ་བས་ན་སྙིང་རྗེ་དང་ལྡན་པ་རྣམས་ཀྱི་བྱ་བའི་ཆ་དང་བྱ་བ་མ་ཡིན་པ་ཆ་ཤེས་པར་བྱའོ། །འདི་སྐད་བསྟན་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་ལྟུང་བ་མེད་པ་དང༌། ལྟུང་བའི་གཟུགས་བརྙན་ནི་སྤྱད་པར་བྱ་ལ། ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་གཉིས་ནི་སྤང་བར་བྱ་བ་ཡིན་ནོ། །དེ་དག་ཀྱང་གང་ཡིན་སྙམ་ན། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་འཛོམ་པའི་དུས་སུ་དགེ་བ་ཆོས་སྡུད་གཙོར་སྤྱད་དོ། །དེ་དང་སེམས་ཅན་དོན་བྱེད་འཛོམ་པའི་དུས་སུ་སེམས་ཅན་དོན་བྱེད་གཙོར་སྤྱད་དེ། དེ་ཡང་སེམས་ཅན་གཞན་ལ་མཚམས་མེད་པ་ལ་སོགས་པ་ཉེས་པ་ཆེན་པོ་ལ་འཇུག་པ་མཐོང་ན། དེ་ལས་བཟློག་པའི་ཐབས་གཞན་ནི་མེད་ན་རང་སྡིག་པས་ངན་འགྲོར་འགྲོ་བའི་སྡིག་པ་ཁྱད་དུ་བསད་ནས་གཞན་སྡིག་པ་ལས་བཟློག་པའི་ཕྱིར་དེ་བསད་ན་དེད་དཔོན་སྙིང་རྗེ་ཆེན་པོ་བཞིན་བསོད་ནམས་འཕེལ་ལོ། །ཐབས་གཞན་ཡོད་བཞིན་དུ་བསད་ན་ནི་ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་བག་ཡངས་ཀྱི་ཉེས་པར་འགྱུར་ལ། ཐབས་མེད་ཀྱང་མ་སྤྱད་ན་ནི་ལྟུང་བ་མེད་པའི་གཟུགས་བརྙན་ཡིན་ལ། སྤྱད་ན་ནི་ལྟུང་བའི་གཟུགས་བརྙན་ཡིན་ནོ། །གཏན་ནས་ཡུལ་མེད་པས་མ་སྤྱད་ན་ནི་ལྟུང་བ་མེད་པ་ཡིན་ལ། ཡུལ་མེད་བཞིན་དུ་བྱས་ན་ནི་ལྟུང་བ་ཉིད་ཡིན་ནོ། །དེ་བཞིན་དུ་འོག་མ་རྣམས་ལའང་ཤེས་པར་བྱའོ། །དེ་བཞིན་དུ་བདག་ནུས་པ་དང་ལྡན་ན་སེམས་ཅན་མང་པོ་སྡུག་བསྔལ་ལས་བསྐྱབ་ཅིང་རྒྱལ་པོ་ཡང་སྡིག་ལས་བསྐྱབ་པའི་ཕྱིར་ཆོས་དང་མི་ལྡན་པའི་རྒྱལ་པོ་ལས་རྒྱལ་སྲིད་འཕྲོག་ཅིང༌། དགེ་འདུན་ལ་སོགས་པའི་ནོར་ཆུད་གསོན་པའི་ཞལ་ཏ་བ་དེ་ཉིད་ལ་བརྩེ་བས་ཕྱིར་འབྱིན་པ་དང༌། རྐུན་པོ་ལ་སོགས་པས་དགེ་འདུན་ལ་སོགས་པའི་ནོར་བརྐུས་པ་མཐོང་ནས། དེ་ལ་ལོག་འཚོ་དེ་ལས་བཟློག་པར་འདོད་པའི་སྙིང་རྗེ་དེ་དག་ལས་འཕྲོག་ནས་དགེ་འདུན་ལ་སོགས་པ་ཉིད་ལ་དབུལ་ཏེ། མ་བྱིན་པར་ལེན་པ་གནང་བ་དང༌། བྱང་ཆུབ་སེམས་དཔའ་བུད་མེད་ཁྱིམ་ཐབ་མེད་པ་འདོད་པས་གཟིར་བ་ལ་འདོད་པ་མ་བསྟེན་ན་བྱང་ཆུབ་སེམས་དཔའ་ལ་སྡང་བས་བསོད་ནམས་མ་ཡིན་པ་འཕེལ་བས། དེ་བཟློག་པའི་ཕྱིར་འཁྲིག་པ་བསྟེན་པ་གནང་བ་དང༌། འདིས་གཞན་དོན་དུ་འགྱུར་ན་འདོད་ལོག་ཀྱང་གནང་བར་མངོན་ནོ། །ཡང་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་སྲོག་ལ་སོགས་པ་བསྐྱབ་པའི་ཕྱིར་དང༌། ཐེག་པ་ཆེན་པོ་ལ་དད་པ་འཕེལ་བར་འགྱུར་ན་ཤེས་བཞིན་གྱི་བརྫུན་གནང་ལ། མི་ཆོས་བླ་མ་ཡང་གནང་བར་མངོན་ནོ། །གཞན་མི་དགེ་བའི་གཉེན་དང་དཔྲལ་བར་འདོད་པ་ཕྲ་མ་གནང་ལ། གཞན་མི་དགེ་བ་ལས་བཟློག་པའི་ཕྱིར་ཚིག་རྩུབ་སྨྲ་བ་དང་སྨ་འབེབས་པར་བྱེད་དོ། །གཞན་དགེ་བ་ལ་དགོད་པའི་ཕྱིར་གླུ་གར་ལ་སོགས་པ་རྒྱལ་བས་གནང་ངོ༌། །ཡིད་ཀྱི་གསུམ་ནི་དགེ་བར་འགྱུར་བའི་སྐབས་མེད་པས་མ་གནང་ངོ༌། །དེ་ལྟར་ན་ལྟུང་བ་མེད་པ་དང་ལྟུང་བའི་གཟུགས་བརྙན་གཉིས་ནི་སྤྱད་བྱ་ཡིན་ལ། ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་གཉིས་ནི་སྤང་བྱ་ཡིན་པས་སྙིང་རྗེ་དང་ལྡན་པ་ལ་གཞན་དོན་དུ་དེ་དག་གནང་ལ། དེས་རང་དོན་དུ་ཡང་ཤེས་པར་ནུས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་གཞན་དོན་འབའ་ཞིག་ཡིན་པའི་ཕྱིར་རྣམ་པར་སྤྲོ་བར་བྱའོ། །སྡོམ་པ་སྤྱིར་བསྲུང་བ་བསྟན་ཟིན་ཏོ།།  །།དེ་ལྟར་སྡོམ་པ་སྤྱིར་བསྲུང་བ་བསྟན་ནས། སོ་སོའི་རང་བཞིན་ལས་ཐོག་མར་ཕམ་པ་ལྟ་བུའི་གནས་བསྟན་པ་ནི་གཉིས་ཏེ། ཕམ་པ་འབྱུང་བའི་རྒྱུ་དང༌། ཕམ་པ་ལྟ་བུ་དངོས་སོ། །དང་པོ་ནི། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པ་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་པོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །ཞེས་གསུངས་ཏེ། ཕམ་པ་དང་འདྲ་བའི་ཉེས་བྱས་ཀྱི་རིགས་ཐམས་ཅད་ཀྱང་སྡོམ་པ་མ་བཟུང་བ་ལ་མི་འཇོག་པས། རྟེན་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པ་དང༌། ཤེས་པ་རང་བཞིན་དུ་མི་གནས་པ་ལ་མི་འཇོག་པས་ཤེས་པ་རྣལ་དུ་གནས་པ་སྟེ། ཐུན་མོང་གི་ཡན་ལག་གཉིས་དང༌། ཉོན་མོངས་པ་དྲག་པོས་ཀུན་ནས་བསླངས་ཏེ་ཕམ་པ་ལྟ་བུ་གང་རུང་གཅིག་སྤྱད་ཀྱང་བྱང་ཆུབ་སེམས་དཔའི་སྡོམ་པ་གཏང་བར་འགྱུར་ན། ཐམས་ཅད་བྱས་ན་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་ཀུན་ནས་དཀྲིས་པ་ཆེན་པོ་གང་ཡིན་སྙམ་ན། ཕམ་པའི་གནས་ལྟ་བུ་གང་རུང་གཅིག་ཀྱང་རྒྱུན་མ་ཆད་པར་སྤྱོད་པ་དང༌། བདག་གིས་བྱ་བའི་ཆ་མ་ཡིན་པ་དང༌། ཆོས་དང་འགལ་བའི་ངོ་ཚ་ཤེས་པ་མེད་ཅིང་དཔྱ་བ་ལ་འཇིགས་པའི་ཁྲེལ་ཡོད་ཅུང་ཟད་ཀྱང་མི་སྐྱེ་བ་དང༌། དེས་མགུ་བར་བྱེད་ཅིང་དེས་དགའ་བར་བྱེད་པ་དང༌། དེ་ཉིད་ལ་ཡོན་ཏན་ཏུ་ལྟ་བ་ནི་ཀུན་ནས་དཀྲིས་པ་ཆེན་པོའོ། །ཉོན་མོངས་པ་འབྲིང་དང་ཆུང་ངུས་ནི་སྡོམ་པ་གཏང་བར་མི་འགྱུར་རོ། །དེ་ལ་འབྲིང་ནི་ཁ་ཅིག་ཉོན་མོངས་པའི་ཁྱད་པར་གསུམ་པོ་གང་རུང་མ་ཚང་བར་འདོད་ལ། ཁ་ཅིག་ནི་རིང་ཞིག་ན་ངོ་ཚ་སྐྱེས་པ་ལ་འདོད་ལ། ཁ་ཅིག་གཞན་གྱིས་བསྐུལ་བ་ལ་མཉན་ནས་ལྡོག་པ་ལ་འདོད་དོ། །ཀུན་ནས་དཀྲིས་པ་ཆུང་ངུ་ནི་ཁ་ཅིག་ཉོན་མོངས་པའི་ཁྱད་པར་གསུམ་ལས་གཉིས་མ་ཚང་བར་འདོད་ལ། ཁ་ཅིག་དེའི་དེ་མ་ཐག་ཏུ་ངོ་ཚ་ཤེས་པ་སྐྱེས་ཏེ་ལྡོག་པར་འདོད་ལ། ཁ་ཅིག་རང་གིས་ཉེས་པར་ཤེས་ནས་ལྡོག་པ་ལ་འདོད་དོ། །ཡང་ཉོན་མོངས་པ་ཆེ་འབྲིང་གསུམ་པོ་འདི་ལ་ནང་གི་ཉོན་མོངས་པའི་རིམ་པ་དང་སྦྱར་ན་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་ཡོད་དེ། སྐྱེས་པ་དང༌། འབབ་པ་དང༌། བབ་པའོ། །དེ་ལ་སྐྱེས་པ་ནི་འདོད་ཆགས་ལ་སོགས་པ་འབྱུང་བ་སྟེ་ཆུང་ངུའོ། །འབབ་པ་ནི་ཉོན་མོངས་པ་དེའི་རྗེས་སུ་སེམས་ཤིང་གཞོལ་བ་སྟེ་འབྲིང་ངོ༌། །བབ་པ་ནི་ཉོན་མོངས་པ་དེའི་དབང་དུ་གྱུར་ནས་སྤྱོད་པ་སྟེ་ཆེན་པོའོ། །ཁ་ཅིག་ན་རེ་མདོ་དཀོན་མཆོག་སྤྲིན་ལས་འདོད་ཆགས་ལ་སོགས་པ་རབ་འབྲིང་གསུམ་དང་སྦྱོར་རོ་ཞེས་ཀྱང་ཟེར་རོ། །ཀུན་ནས་དཀྲིས་པ་ཆེན་པོས་ཕམ་པ་ལྟ་བུ་སྤྱད་ཀྱང་སྡོམ་པ་གཏོང་གི་གཞན་གཏོང་བའི་རྒྱུ་མེད་དམ་སྙམ་ན་ཡོད་དོ། །བྱང་ཆུབ་སེམས་དཔའི་ས་ལ་རྒྱུ་གཉིས་ཀ་ནས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་གཏོང་བར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྨོན་པའི་སེམས་བཏང་བ་དང༌། ཕམ་པ་ལྟ་བུ་ཀུན་ནས་དཀྲིས་པ་ཆེན་པོ་ཀུན་ཏུ་སྤྱད་པའོ་ཞེས་གསུངས་སོ། །འོ་ན་གཞུང་འདིར་སྨོན་པ་བཏང་བས་སྡོམ་པ་གཏང་བར་འགྱུར་བ་ཅིའི་ཕྱིར་མ་བཤད་ཅེ་ན། འདི་བཏང་བས་ནི་གཙོ་བོ་གཏང་བའི་ཕྱིར་གོ་སླ་བས་མ་བསྟན་ཏེ། དཔེར་ན་སངས་རྒྱས་བཏང་བས་དགེ་སློང་གི་སྡོམ་པ་གཏང་བ་ཡིན་ནོ། །ཡང་སེམས་བརྟན་པར་བྱས་པ་ལ་ཕམ་པ་འབྱུང་གི་སྡོམ་པ་ཡང་དག་པར་མ་བླངས་པ་ལས་མི་འབྱུང་བས་སོ། །ཡང་བསླབ་པ་ཕུལ་བས་ཀྱང་སྡོམ་པ་བཏང་བར་དོན་གྱིས་ཤེས་པར་བྱའོ། །དེ་ལྟ་བུའི་སྡོམ་པ་གཏོང་བའི་རྒྱུ་གཉིས་པོ་ཡང་ཐུན་ཚོད་ལས་འདས་པ་གཏོང་བ་དང༌། དངོས་གཞི་གཏང་བར་འདོད་པ་གཉིས་ཡོད་པ་ལས་སྔ་མ་འདི་སྟེ། ཉེ་བར་འཁོར་གྱིས་ཞུས་པ་ལས། ཉེ་བ་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་ཡང་ཕྱེད་ཀྱི་དུས་སུ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཕྱེད་ཀྱི་དུས་སུ་ལྟུང་བ་བྱང་ཡང་ཕྱེ་མ་རེད་ཀྱི་དུས་སུ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཕྱེ་མ་རེད་ཀྱི་དུས་སུ་ལྟུང་བ་བྱུང་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་སྲོད་ལ་ལྟུང་བ་བྱུང་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ནམ་ཕྱེད་ལ་ལྟུང་བ་བྱུང་ཡང་ཐོ་རངས་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ། །གལ་ཏེ་ཐོ་རངས་ལྟུང་བ་བྱུང་ཡང་སྔ་དྲོ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ་ཞེས་གསུངས་སོ། །དེ་ལྟ་བུའི་སྡོམ་པ་གཏོང་བའི་རྒྱུ་གཉིས་པོ་ཡང་དག་པར་མ་སྤྱད་ན་དེའི་ཚེ་བརྗེས་སུ་ཟིན་ཀྱང་སྨོན་ལམ་མམ་སེམས་ཅན་གྱི་དོན་དམ་རྐྱེན་འགའ་ཞིག་གིས་ཀྱང་རུང་སྟེ། འགྲོ་བ་གང་དུ་སྐྱེས་ཀྱང་སྡོམ་པ་བླངས་པ་སྤོང་བར་མི་འགྱུར་ཏེ་དྲན་པ་དང་ལྡན་པར་འགྱུར་རོ། །ཚེ་བརྗེས་ཀྱང་བརྗེས་ན་ཡང་དགེ་བའི་བཤེས་གཉེན་གྱིས་བསྟན་པ་ལ་བརྟེན་ནས་དྲན་པ་གསོ་བའི་ཕྱིར་ཡང་ནས་ཡང་དུ་ཆོད་པར་བྱེད་དུ་ཟད་ཀྱི། གསར་དུ་ལེན་པ་ནི་མ་ཡིན་ནོ། །དེ་ལ་སྨོན་པའི་སེམས་བསྐྱེད་བཏང་བས་སྡོམ་པ་གཏང་བར་ཤེས་པར་བྱ་ན། ཉེས་པ་བཞི་པོ་དེ་དག་གང་ཞེ་ན། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །ཞེས་དང་པོ་བཤད་པའི་དོན་ནི་ཐམས་ཅད་ལ་ཐུན་མོང་གི་ཡན་ལག་བསྒོམ་པ་དང་ལྡན་པ་དང༌། ཤེས་པ་རྣལ་དུ་གནས་པ་དང༌། ཉོན་མོངས་པ་དྲག་པོ་དང་ལྡན་པ་གསུམ་ནི་འོག་མ་རྣམས་ལའང་ཤེས་པར་བྱའོ། །རང་རང་གི་ཡན་ལག་ལས་དང་པོ་ནི་ཡུལ་སྨྲ་ཤེས་ཤིང་དོན་གོ་བའི་མི་ལ་ལོངས་སྤྱོད་ལ་སོགས་པའི་རྙེད་པ་དང་ཕྱག་ལ་སོགས་པའི་བཀུར་སྟི་ལ་ཆགས་པའི་ཡིད་ཅན་གྱིས་བརྗོད་བྱ་བདག་གིས་བསྟོད་སྒྲ་དང་གཞན་གྱིས་སྨད་སྒྲའི་དོན་སྨྲས་པ་དང༌། ཕ་རོལ་པོས་གོ་བ་དང༌། ཁྱད་པར་གྱི་ཡན་ལག་བཞི་ཚང་ནས་སོ། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། །ཞེས་པ་ནི་རང་ལ་སྤྱད་དུ་ཡོད་ཅིང་སྦྱིན་དུ་ཡོད་པའི་ནོར་དང་ཤེས་པའི་ཆོས་དག་ཡུལ་ལྡོག་པ་དང་ནོར་མེད་པས་བཀྲེན་པས་སྡུག་བསྔལ་དང༌། གསོ་བྱེད་མེད་པས་མགོན་མེད་ཅིང་ཕན་འདོགས་ནུས་པ་གཞན་མེད་པས་རྟེན་མེད་པའི་སློང་བ་པོ་དུས་སུ་སློང་ཞིང་སྙིང་ཐག་པས་སློང་བ་ལ་ཉོན་མོངས་པས་ཆོས་དང་ནོར་ཀུན་ནས་དཀྲིས་པས་མི་སྦྱིན་པར་ཐག་བཅད་པ་སྟེ། ཁྱད་པར་གྱི་ཡན་ལག་གསུམ་ཚང་ནའོ། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་ནས་གཞན་ལ་འཚོག་པ་དང༌། །ཞེས་བྱ་བ་ནི་གཞན་གྱིས་ཉེས་པ་བཤགས་ཤིང་ཤད་ཀྱིས་སྦྱངས་ཀྱང་ཁོན་དུ་འཛིན་པ་མི་གཏོང་ཞིང༌། ཚིག་རྩུབ་སྨྲས་པས་ཀྱང་མི་གཏོང་ཞིང་དབྱུག་པ་དང་བོང་བ་ལ་སོགས་པས་སླར་བརྡེག་ཅིང་ཐོ་འཚམ་པ་སྟེ་ཁྱད་པར་གྱི་ཡན་ལག་གཉིས་ཚང་ནའོ། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་པ་ནི་ཉོན་མོངས་པ་ལོག་པར་ལྟ་བས་ཀུན་ནས་བསླངས་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སྐུར་པ་འདེབས་པ་དང༌། བདག་ཉིད་དང་གཞན་གྱི་གཡེམ་ལ་ཆོས་ལྟར་བཅོས་པ་ལ་སོགས་པ་ལོག་ལྟས་ཀུན་ནས་བསླངས་ནས་མོས་ཤིང་དགའ་ལ་གཞན་ལ་སྟོན་ནའོ། །ཕམ་པ་ལྟ་བུའི་ཆོས་བསྟན་ཟིན་ཏོ།།  །།དེ་མ་ཡིན་པའི་སྡོམ་པ་གཏོང་བའི་རྒྱུ་གཞན་ཡོད་དམ་སྙམ་ན། ནམ་མཁའི་སྙིང་པོའི་མདོ་ལས་རྩ་བའི་ལྟུང་བ་ཉི་ཤུ་གསུངས་སོ། །དེ་བཞི་པོ་འདིར་འདུའམ་སྙམ་ན། འགའ་ཞིག་གིས་བཞིར་བསྡུས་པ་སྣང་ཡང་མི་འདུ་སྟེ་མདོ་ཐ་དད་པའི་དགོངས་པ་ཡིན་ནོ། །ད་ནི་ཉམས་པ་བཅོས་པའི་ཐབས་ལ། ཐོག་མར་ཕམ་པའི་གནས་བཅོས་པ་ནི། འདི་ལྟར་དགེ་སློང་སོ་སོར་ཐར་པའི་སྡོམ་པ་ལས་ཕམ་པ་བྱུང་བར་གྱུར་ན་སླར་བླང་བའི་སྐབས་མེད་པ་བཞིན་དུ་འདིར་ཕམ་པའི་གནས་ལྟ་བུ་གང་རུང་ཅིག་ཀུན་ནས་དཀྲིས་པ་ཆེན་པོས་སྤྱད་ན་སྡོམ་པ་ཉམས་པ་སླར་བླང་དུ་ཡོད་དམ་མེད་སྙམ་ན། སླར་བླང་དུ་ཡོད་པས། སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་གསུངས་ཏེ་སྔར་ཐོས་པ་བཞིན་དུ་བླང་བར་བྱའོ། །དགེ་བའི་བཤེས་གཉེན་མེད་ནའང༌། དེ་བཞིན་གཤེགས་པའི་སྤྱན་སྔར་སྔ་མ་བཞིན་དུ་བླང་བར་བྱའོ། །ཟག་པ་འབྲིང་ལས་འབྱུང་བའི་བཤགས་པ་ནི། ཟག་པ་འབྲིང་ནི་གསུམ་ལ་བཤགས། །ཞེས་གསུངས་ཏེ་ཕམ་པ་ལྟ་བུ་ཟག་པ་འབྲིང་གིས་སྤྱད་ན་ཉེས་བྱས་ཀྱི་ལྟུང་བ་ཞེས་བྱ་བར་འགྱུར་ཏེ། ཆུང་ངུ་དང་གཞན་རྣམས་ཀྱང་ཉེས་བྱས་ཏེ། བྱང་ཆུབ་སེམས་དཔའི་ཕྱོགས་ལ་ནི་ཉན་ཐོས་ལྟ་བུར་ལྟུང་བ་སྡེ་ལྔ་མེད་དེ། ཕམ་པ་ལྟ་བུ་དང༌། ཉེས་བྱས་ཞེས་བྱ་བ་གཉིས་སུ་འདུས་སོ། །ཟག་པ་ཆེ་འབྲིང་གི་དབྱེ་བ་སྔར་བཤད་ཟིན་ཏོ། །ཟག་པ་འབྲིང་བཤགས་པའི་ཡུལ་ནི་བླ་མའམ། མཁན་པོའམ། ཉན་ཐོས་ཀྱི་ཐེག་པའམ། བྱང་ཆུབ་སེམས་དཔའི་ཐེག་པའང་རུང་སྟེ། བརྡ་སྤྲོད་ཅིང་འཛིན་ནུས་པ་གསུམ་གྱི་དྲུང་དུ་ཙོག་པུར་བསྡད་ལ། ཐོག་མར་དངོས་པོ་བརྗོད། འདི་སྐད་དུ། བླ་མའམ། མཁན་པོའམ། རིགས་ཀྱི་བུའམ། ཚེ་དང་ལྡན་པ་རྣམས་དགོངས་སུ་གསོལ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བ་ལ་འདི་སྐད་དུ་བརྗོད་པའི་གཞི་ལས་བྱང་ཆུབ་སེམས་དཔའི་འདུལ་བ་དང་འགལ་བའི་ཉེས་བྱས་ཀྱི་ནོངས་པ་བྱུང་སྟེ་ཞེས་བརྗོད་ལ། དེ་དག་ཚེ་དང་ལྡན་པ་རྣམས་ལ་བདག་འཆགས་ཤིང་མཐོལ་ཏེ་མི་འཆབ་བོ། །བཤགས་ཤིང་མཐོལ་བས་བདག་བདེ་བར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་བདེ་བར་གནས་པར་མི་འགྱུར་རོ། །ཞེས་བརྗོད་དོ། །དེས་ཁྱོད་ཀྱིས་འདི་རྣམས་ལ་ཉེས་པར་མཐོང་ངམ་ཞེས་སྨྲས་ན། མཐོང་ངོ་ཞེས་སྨྲ་བར་བྱའོ། །ཕྱིས་ཀྱང་སྡོམ་པར་བྱེད་དམ་ཞེས་སྨྲ་ན། ཆོས་བཞིན་དུ་ཇི་ལྟར་སྟོན་པའི་བསྟན་པ་བཞིན་དུ་འདུལ་བ་བཞིན་དུ་ལེགས་པར་སྤྱི་བོར་ནོད་པར་བགྱིའོ་ཞེས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །ཆུང་ངུའི་བཤགས་པ་ནི། གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་གསུངས་ཏེ། སྔ་མ་ལྟ་བུའི་གང་ཟག་གཅིག་གི་མདུན་དུ་བཤགས་པ་སྔ་མ་ལྟར་བྱའོ། །ཉེས་བྱས་གཞན་བཤགས་པ་ནི། ཉོན་མོངས་མི་མོངས་བདག་སེམས་བཞིན། །ཞེས་གསུངས་ཏེ། འོག་ནས་འབྱུང་བའི་ཉེས་པ་རྣམས་ཀྱང་ཉོན་མོངས་པ་དང་བཅས་པ་དང༌། ཉོན་མོངས་པ་མེད་པའི་ཉེས་བྱས་གཉིས་སོ། །ཉོན་མོངས་པ་དང་བཅས་པའི་ཉེས་པ་ནི། རང་བཞིན་ཞེས་དཔེར་བསྟན་པས་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱའོ། །ཉོན་མོངས་པ་མེད་པའི་ཉེས་པ་ནི། བདག་སེམས་ཞེས་ཏེ་རང་གི་ཡོ་བྱད་ཀྱི་མདུན་དུ་བཤགས་པར་བྱ་སྟེ། རང་གི་སེམས་ཁྲེལ་ཡོད་པ་དང༌། ངོ་ཚ་ཤེས་པ་དང༌། དུལ་བ་དང༌། ཞི་བ་དང༌། ཕྱིས་མི་བྱ་བའི་བསམ་པ་ཅན་དུ་བྱའོ། །བདག་གི་སེམས་ཀྱི་རྗེས་སུ་བཤགས་པ་ནི་ཟག་པ་འབྲིང་མན་ཆད་ཀྱི་བཤགས་པར་ཡང་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མ་མོ་ལས་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་དགེ་སློང་ལ་སོགས་པ་མཐུན་པ་སྟེ། དེ་ལྟ་བུ་མེད་ནའང་བྱང་ཆུབ་སེམས་དཔའ་བསམ་པ་ཐག་པ་ནས་ཕྱིས་ཉེས་པ་མི་འབྱུང་བས་སེམས་བསྐྱེད་ཅིང་ཕྱིས་ཀྱང་བསྡམ་པར་བྱའོ། །དེ་ལྟར་བྱས་ན་ཉེས་པ་ཚང་བར་བཤགས་པར་བྱའོ་ཞེས་གསུངས་པའོ་ཞེས་བཤད་དོ། །ཉེས་པ་རྣམས་བཅོས་པའི་ཆོ་ག་བསྟན་ཟིན་ཏོ།།  །།ད་ནི་ཉེས་བྱས་ཀྱི་རིགས་བཞི་བཅུ་རྩ་དྲུག་གང་ཡིན་པ་རྣམས་བརྗོད་པར་བྱ་སྟེ། དེ་དག་རེ་རེ་ལའང་ཉོན་མོངས་པ་དང་བཅས་པའི་ཉེས་པ་དང༌། ཉོན་མོངས་པ་མེད་པའི་ཉེས་པ་གཉིས་སུ་འདུས་སོ། །དེ་དགེ་བ་ཆོས་སྡུད་དང་འགལ་བ་སུམ་ཅུ་རྩ་བཞིའི་དང་པོ་སྦྱིན་པ་དང་འགལ་བ་བདུན་ཏེ། དེ་ལ་བདུན་གྱི་དང་པོ་ཟང་ཟིང་གི་སྦྱིན་པ་དང་འགལ་བ་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །ཅེས་གསུངས་ཏེ། བྱང་སེམས་ཀྱི་སྡོམ་པ་ལ་གནས་ཤིང༌། ཤེས་པ་རང་བཞིན་དུ་གནས་པས་ཞག་གཅིག་གིས་དཀོན་མཆོག་གསུམ་མམ། དེའི་རྟེན་མཆོད་རྟེན་ནམ་གླེགས་བམ་ལ་སོགས་པའི་དགེ་འདུན་ལ་མཆོད་པ་སྣ་གཅིག་ཙམ་མམ། ཚིགས་བཅད་གཅིག་གིས་བསྟོད་པའམ། ཕྱག་གཅིག་འཚལ་བ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་ཙམ་ཡང་མི་བྱེད་པར་དུས་འདས་ནས་མ་གུས་པ་དང༌། ལེ་ལོས་འདས་ན་ཉོན་མོངས་པ་ཅན་གྱི་ཉེས་པ། བརྗེད་པས་འདས་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །སེམས་འཁྲུལ་པ་དང༌། ས་ཐོབ་པ་དང༌། རང་བཞིན་གྱིས་དགེ་བ་ལ་སྤྲོ་བ་རྣམས་ལ་ཉེས་པ་མེད་དོ། །སེར་སྣའི་གཉེན་པོ་ལས་ཉམས་པ་ནི། འདོད་པའི་སེམས་ཀྱི་རྗེས་སུ་འཇུག །ཅེས་པ་ནི་བྱང་ཆུབ་སེམས་དཔའ་འདོད་པ་ཆེ་ཞིང་ཆོག་མི་ཤེས་པ་རྙེད་པ་དང་བཀུར་སྟི་དང་དུ་ལེན་པ་དེ་སྤང་བའི་ཕྱིར་རོ། །འདུན་པ་མི་སྐྱེད་ན་ཉོན་མོངས་པ་ཅན་གྱི་ལྟུང་བའོ། །གཉེན་པོ་བསྟེན་ཡང་རང་བཞིན་གྱིས་ཉོན་མོངས་པ་ཤས་ཆེ་བས་ཀུན་ཏུ་སྤྱོད་པ་ལ་ཉེས་པ་མེད་དོ། །མི་འཇིགས་པ་སྦྱིན་པའི་མི་མཐུན་པ་གཉིས་ཀྱི་དང་པོའི་ཡུལ་གྱི་སྤྱི་དང་འབྲེལ་པ་ནི། རྒན་པ་རྣམས་ལ་གུས་མི་བྱེད། །ཅེས་པ་སྟེ། རྒན་པོ་ནི་རིགས་དང་ན་སོ་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བའི་འོས་སུ་གྱུར་པ་མཐོང་ན་དེ་ལ་ང་རྒྱལ་ལམ། མནར་སེམས་སམ། ཁོང་ཁྲོ་བས་ནོན་ནས་སྟན་བསྟབས་པ་དང་ཕྱག་འཚལ་བར་མི་བྱེད་ན་ཉོན་མོངས་པ་ཅན་དང༌། སྙོམ་ལས་དང་བརྗེད་པས་ཉོན་མོངས་པ་མེད་པའི་ཉེས་པའོ། །ན་བ་དང་གཞན་ལ་ཆོས་སྟོན་པ་དང༌། རང་ཆོས་ཉན་ནམ། རང་གཞན་སེམས་ཅན་མང་པོའི་སེམས་བསྲུང་བ་དང༌། ཐབས་དེས་འདུལ་ལམ། དགེ་འདུན་གྱི་ནང་ཁྲིམས་བཅས་པ་རྣམས་ལ་ལྟུང་བ་མེད་དོ། །གཉིས་པ་ཡུལ་གྱི་ཁྱད་པར་དང་འབྲེལ་པ་ནི། དྲིས་པ་རྣམས་ལ་ལན་མི་འདེབས། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ་འབེལ་བའི་གཏམ་འདྲི་བ་ལ་ལན་མི་འདེབས་ན་ཀུན་སློང་གི་བྱེ་བྲག་གིས་ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་མེད་པའི་ཉེས་པ་སྔ་མ་བཞིན་ནོ། །གཉིད་ལོག་པ་ལ་སད་པའི་འདུ་ཤེས་ཀྱིས་འདྲི་བ་ལ་ཉེས་པ་མེད་དོ། །གཞན་ཉེས་པ་མེད་པ་རྣམས་སྔ་མ་བཞིན་ནོ། །གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པ་ལ་གཉིས་ལས། ལོངས་སྤྱོད་མི་ལེན་པ་ནི། མགྲོན་པོས་བདག་གིར་མི་བྱེད་ཅིང༌། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་གྱི་ཡུལ་ལ་སོགས་པར་མགྲོན་དུ་བོས་ནས་ང་རྒྱལ་ལམ། ཁྲོ་བའམ། སྡང་བས་ནོན་ཏེ་མི་འགྲོ་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་བརྗེད་པས་མི་འགྲོ་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །སེམས་འཁྲུལ་ལམ། ནའམ། ཐབས་དེས་འདུལ་ལམ། སྔར་བཞིན་ལ་ཁས་བླངས་སམ། དགེ་བ་ལ་རྒྱུན་དུ་བརྩོན་པས་ཡི་དམ་ལ་གནས་སམ། ཆོས་ཉན་པ་དང་འཆད་པའི་བར་ཆད་དུ་འགྱུར་རམ། འཇིགས་པ་ཆེ་བའི་ཡུལ་ཐག་རིང་ངམ། གཞན་གྱི་སེམས་བསྲུང་ངམ། ཐོ་འཚམ་པའི་བསམ་པས་འོས་སུ་དོགས་སམ། སྦྱིན་བདག་འགྱོད་པ་སྐྱེས་སུ་དོགས་སམ། དགེ་འདུན་གྱི་ནང་ཁྲིམས་བཅས་པ་རྣམས་ལ་ཉེས་པ་མེད་དོ། །གཉིས་པ་ནི། གསེར་ལ་སོགས་པ་ལེན་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་གསེར་ལ་སོགས་པའི་ནོར་ཕུལ་བ་ཁོང་ཁྲོ་བ་ལ་སོགས་པས་མི་ལེན་ན་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། སྙོམ་ལས་དང་ལེ་ལོས་མི་ལེན་ན་ཉོན་མོངས་པ་མེད་པའི་ཉེས་པར་འགྱུར་རོ། །དེ་ལ་སེམས་ཆགས་སུ་དོགས་སམ། སྦྱིན་བདག་འགྱོད་པ་སྐྱེས་སུ་དོགས་སམ། སྦྱིན་ཡུལ་འཁྲུལ་དུ་དོགས་སམ། སྦྱིན་པས་སྦྱིན་བདག་དབུལ་དུ་སོང་གི་དོགས་སམ། དགེ་འདུན་གྱིའམ། མཆོད་རྟེན་གྱི་དཀོར་ཡིན་དུ་དོགས་སམ། རྒྱུ་དེས་སེམས་ཅན་གཞན་བསད་པ་ལ་སོགས་པའི་གནོད་པ་བྱུང་དུ་དོགས་སམ། ཐབས་དེས་འདུལ་ལམ་ནང་ཁྲིམས་བཅས་སམ། གཞན་མང་པོའི་སེམས་བསྲུང་བ་རྣམས་ལ་ཉེས་པ་མེད་དོ། །ཆོས་ཀྱི་སྦྱིན་པ་མི་བྱེད་པ་ནི། ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་ཆོས་འདོད་པ་རྣམས་ལ་ཁྲོ་བའི་མནར་སེམས་སམ། ཕྲག་དོག་གིས་ཆོས་མི་སྟོན་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་བརྗེད་པས་ན་ཉོན་མོངས་པ་མེད་པའི་ཉེས་པར་འགྱུར་རོ། །མུ་སྟེགས་ཅན་གླགས་ཚོལ་བ་རྣམས་ཡིན་ནམ། རང་ནའམ། སེམས་འཁྲུལ་ལམ། ཐབས་དེས་འདུལ་ལམ། རང་གིས་ཆོས་མི་ཤེས་སམ། དེ་བླ་མ་ལ་མི་གུས་སམ། དེའི་ལག་ཏུ་སོང་ན་གཞན་སྣོད་མ་ཡིན་པའི་ལག་ཏུ་སོང་དུ་དོགས་སམ། དབང་པོ་རྟུལ་པས་ཆོས་ཐོས་པས་སྐྲག་པའམ། ལོག་ལྟ་སྐྱེས་སུ་དོགས་པ་ཡིན་པས་མ་བཤད་པ་རྣམས་ལ་ཉེས་པ་མེད་དོ། །སྦྱིན་པ་དང་འགལ་བ་བདུན་བསྟན་ཟིན་ཏོ།།  །།ཚུལ་ཁྲིམས་དང་འགལ་བའི་ཉེས་པ་ལ་གསུམ་ལ། གཞན་དོན་གཙོ་བོར་གྱུར་པ་དང་འགལ་བ་ལ་བཞི་ལས། དང་པོ་སྡོམ་པ་ཉམས་པ་འདོར་བ་ནི། ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་ཚུལ་ཁྲིམས་འཆལ་པ་རྣམས་ཀུན་ནས་མནར་སེམས་སམ། ཁྲོ་བ་དང་ལྡན་ནམ། ཁྱད་དུ་གསོད་པ་ལས་ཡལ་བར་འདོར་ན་ཉོན་མོངས་པ་ཅན་དང་ལེ་ལོའམ་བརྗེད་པས་ཁྱད་དུ་གསོད་ན་ཉོན་མོངས་པ་མེད་པའི་ཉེས་པར་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཚུལ་ཁྲིམས་འཆལ་བ་ལ་སོགས་པ་སྡུག་བསྔལ་བ་ཅན་དང༌། དེའི་རྒྱུ་ལ་གནས་པ་རྣམས་ལ་ཁྱད་པར་དུ་སྙིང་རྗེ་སྐྱེའི། སྤྱོད་པ་ཞི་བ་དང་ལྡན་པ་རྣམས་ལ་ནི་དེ་ལྟར་མ་ཡིན་པའི་ཕྱིར་སེམས་འཁྲུལ་ལམ། ཐབས་དེས་འདུལ་ལམ། གཞན་མང་པོའི་སེམས་བསྲུང་ངམ། དགེ་འདུན་གྱི་ནང་ཁྲིམས་བསྲུང་བ་རྣམས་ལ་ཉེས་པ་མེད་དོ། །བཅས་པ་ཐུན་མོང་བ་ལས་འདས་པ་ནི། ཕ་རོལ་དད་ཕྱིར་སློབ་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་བཅོམ་ལྡན་འདས་ཀྱིས་གཞན་གྱི་སེམས་བསྲུང་བའི་ཕྱིར་མ་དད་པ་རྣམས་དད་པར་བྱ་བ་དང༌། དད་པ་རྣམས་ཕྱིར་ཞིང་དད་པར་བྱ་བའི་ཕྱིར་སོ་ཐར་གྱི་འདུལ་བ་ལས་བྱུང་བ་བཞིན་སློབ་སྟེ། ཉན་ཐོས་རྣམས་ནི་རང་དོན་དུ་ཟད་ན་དེ་བས་བྱང་ཆུབ་སེམས་དཔའ་ཆེས་གཞན་དད་པར་བྱ་བ་ལ་བསླབ་དགོས་སོ། །ཀུན་སློང་གི་བྱེ་བྲག་གིས་ཉོན་མོངས་པ་དང་ཉོན་མོངས་པ་མེད་པའི་ལྟུང་བར་འགྱུར་རོ། །ན་བ་ལ་སོགས་པ་ལ་ཉེས་པ་མེད་དེ། སྔ་མ་བཞིན་ནོ། །ཐུན་མོང་མ་ཡིན་པའི་འཇིགས་པ་ནི། སེམས་ཅན་དོན་ལ་བྱ་བ་ཆུང༌། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་དོན་དུ་གོས་དང་ནོར་ལ་སོགས་པའི་རྙེད་པ་མང་པོ་ཉེ་དུར་མི་འོང་བ་ལ་སོགས་པ་ལས་ལེན་ཏེ་ཉན་ཐོས་བཞིན་དོན་ཉུང་བ་དང་བྱ་བ་ཉུང་བ་ལ་བསླབས་ནས་ཀུན་ནས་མནར་སེམས་ལ་སོགས་པས་བསླངས་ན་ཉོན་མོངས་པ་ཅན་དང༌། ལེ་ལོ་ལ་སོགས་པས་བསླངས་ན་ཉོན་མོངས་པ་མེད་པའི་ལྟུང་བར་འགྱུར་རོ། །ན་བ་དང་ཤེས་པ་རྣལ་དུ་མི་གནས་པ་རྣམས་ལ་ཉེས་པ་མེད་དོ། །གཞན་ཉེས་པ་མེད་པ་རྣམས་ནི་གསེར་ལ་སོགས་པ་ལེན་མི་བྱེད་དང་མཚུངས་སོ། །གཞན་དོན་དུ་རང་བཞིན་གྱིས་ཁ་ན་མ་ཐོ་བ་ལས་འདའ་མི་ནུས་པ་ནི། སྙིང་བརྩེར་བཅས་ན་མི་དགེ་མེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའི་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་ཁ་ན་མ་ཐོ་བ་ལ་གཞན་གྱི་དོན་དུ་འགྱུར་ན་ཐབས་མཁས་པས་དེ་དག་ཀུན་ཏུ་སྤྱད་དེ། ཉེས་པར་མི་འགྱུར་བས་བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། སྡོམ་པ་སྤྱིར་བསྟན་པའི་སྐབས་སུ་བསྟན་པ་བཞིན་རྒྱས་པར་ཤེས་པར་བྱའོ། །རྣམ་པར་སྤྲོས་པས་ཆོག་གོ །ཚུལ་ཁྲིམས་ཀྱི་སྤྱི་དོན་གཉིས་པ་རང་དོན་གཙོ་བོར་གྱུར་པ་དང་འགལ་བ་ལ་གསུམ་ལས། དང་པོ་ལོག་པར་འཚོ་བ་ནི། འཚོ་བ་ལོག་པ་དང་དུ་ལེན། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ཚུལ་འཆོས་དང༌། ཁ་གསག་དང༌། གཞོགས་སློང་དང༌། ཐོབ་ཀྱིས་འཇལ་བ་དང༌། རྙེད་པས་རྙེད་པ་ཚོལ་བའོ། །དེ་ལ་དང་པོ་ནི་མ་དུལ་བ་དུལ་བར་འཆོས་པའོ། །གཉིས་པ་ནི་ངག་འཇམ་པོས་འདྲེད་པའོ། །གསུམ་པ་ནི་དངོས་སུ་སློང་བའི་ཚིག་མ་བརྗོད་པར་དངོས་པོ་བདག་ལ་མཁོ་བར་བརྗོད་པའོ། །བཞི་པ་ནི་ཆེ་གེ་མོས་བདག་ལ་འདི་ལྟ་བུ་བྱིན་ཏེ། དེ་ལ་ཡང་བདག་གིས་ཕན་པར་བྱས་སོ་ཞེས་བརྗོད་པའོ། །ལྔ་པ་ནི་ལོངས་སྤྱོད་ཆུང་བ་བཏང་ནས་ལོངས་སྤྱོད་ཆེ་བ་ཐོབ་པར་འདོད་པ་སྟེ། ཐམས་ཅད་ལ་ཡང་འདོད་པའི་སེམས་དང་ལྡན་པ་ཡིན་ལ། དེ་ལ་འཛེམ་པ་མེད་ཅིང་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །དེ་བསལ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་ཉོན་མོངས་པ་ཤས་ཆེ་བས་སྤྱོད་ན་ཉེས་པ་མེད་དོ། །གཉིས་པ་སྤྱོད་ལམ་ལས་ཉམས་པ་ནི། འཕྱར་དང་རབ་ཏུ་དགོད་ལ་སོགས། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རྣམ་པར་མ་ཞི་བས་དགོད་ཅིང་རྩེ་ལ་བདག་གཞན་གཡེང་བར་བྱེད་ན་ཉོན་མོངས་པ་ཅན་དང༌། བརྗེད་པས་བྱས་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །དེ་བསལ་བར་བྱ་བའི་ཕྱིར་འདུན་པ་བསྐྱེད་ཀྱང་ཉོན་མོངས་པ་ཤས་ཆེ་བས་སྤྱོད་པ་དང་གཞན་གྱི་མནར་སེམས་བསལ་བའི་ཕྱིར་དང༌། གཞན་གྱི་མྱ་ངན་བསངས་པའམ། གཞན་དེ་ལ་དགའ་བ་བསྡུ་བར་བྱ་བའམ། གཞན་བྱང་ཆུབ་སེམས་དཔའ་ལ་མི་དགར་དོགས་པའི་སེམས་བསྲུང་བ་ལ་སོགས་པ་ལ་ཉེས་པ་མེད་དོ། །གསུམ་པ། སྲེད་པའི་རོ་ལ་བརྐམ་པ་ནི། འཁོར་བ་གཅིག་པུ་བགྲོད་པར་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ་གཞན་ལ་བྱ་བ་ནི་བསྐལ་པ་གྲངས་མེད་པ་གསུམ་དུ་འཁོར་བར་གནས་པར་བྱ། དགའ་བར་བྱ། ཉོན་མོངས་པ་ལ་མི་སྐྲག་ཅིང་མྱ་ངན་ལས་འདས་པ་ལ་དགའ་བར་མི་བྱའོ་ཞེས་སྙིང་ཐག་པ་ནས་སྟོན་ཅིང་བདག་སྤྱོད་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །འདི་ལྟར་ཉན་ཐོས་བདག་གཅིག་པུ་གྲོལ་བར་འདོད་པས་ཀྱང་མྱ་ངན་ལས་འདས་པ་ལ་དགའ་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་གྲོལ་བར་འདོད་པའི་བློ་གྲོས་ཅན། ཉན་ཐོས་པས་བྱེ་བ་འབུམ་འགྱུར་གྱིས་འཁོར་བ་ན་གནས་བཞིན་དུ་མྱ་ངན་ལས་འདས་པ་ལ་སྤྲོ་བར་བྱ་དགོས་སོ། །དེ་དག་གིས་དོན་ལེགས་པར་རྟོགས་པར་བྱའོ། །སྤྱི་དོན་གསུམ་པ་གཉིས་ཀ་ཆ་མཉམ་ལས། མཉམ་པ་ལ་གཉིས་ལས། དང་པོ་རང་གིས་བསགས་པ་བསྲུང་བ་ནི། གྲགས་པ་མ་ཡིན་མི་སྤོང་བ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་གྱི་ཡིད་དང་འགལ་བ་སྤང་དགོས་ཏེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་གཞན་གྱིས་རང་ལ་མི་སྙན་པ་དང༌། གཏམ་ངན་པར་འགྱུར་བ་ལ་སོགས་པ་མི་འཛེམ་ན་ཉེས་པ་སྟེ། བདག་ལ་ལུས་ངག་གི་སྤྱོད་པ་མ་རངས་པ་མ་ཞི་བའི་ཉེས་པ་ལ་བརྟེན་ཏེ་སྒྲོགས་པ་ལ་མི་འཛེམ། ཁྲེལ་མེད་པས་བསླངས་ན། ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉེས་པ་མེད་པ་ལ་ངན་པར་སྒྲོགས་ཤིང༌། དེ་སྤང་བའི་ཐབས་གཞན་མེད་ན་མི་སྙན་པར་སྒྲོགས་པའི་འཇིག་རྟེན་ལ་ཐབས་ཀྱིས་བདག་ལ་ཉེས་པ་མེད་པར་ཡིད་ཆེས་པར་མ་བྱས་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །མུ་སྟེགས་བྱེད་བདག་ལ་སྡང་བས་བསྒྲགས་པའམ། བརྡ་སྤྲད་ཀྱང་ཡིད་ཆེས་པའི་སེམས་ཅན་མེད་དམ། རབ་ཏུ་བྱུང་བ་ལ་འཚོ་བས་ཕོངས་ཏེ་རབ་ཏུ་བྱུང་ངོ་ཞེའམ། བསོད་སྙོམས་པ་ནི་སྤྲང་པོ་བཞིན་ཞེའམ། དགེ་བ་ལ་སྤྱོད་པ་ཉིད་ལ་མ་དད་པའམ། བླ་མའི་ངག་ཉན་པའམ། ལ་ལ་འཕྲལ་དུ་ཁྲོས་པས་ཉེན་ནམ། གཞན་སེམས་འཁྲུལ་པས་སྨྲས་པ་རྣམས་མ་སྤངས་པ་ལ་ཉེས་པ་མེད་དོ། །གཉིས་པ་གཞན་འཛིན་པའི་སྦྱོར་བ་རྩུབ་མོས་བསྒྲགས་པ་ནི། ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་གཞན་ལ་ཐབས་དྲག་པོས་མ་འོངས་པའི་ཕན་བདེར་འགྱུར་བ་མཐོང་བཞིན་དུ་དེ་ལ་ཡིད་མི་དགའ་བར་འགྱུར་དུ་དོགས་པ་བསྲུང་བས་ཐབས་དེ་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །བདག་ལ་སྡུག་བསྔལ་ཆེ་ཞིང་ཕ་རོལ་པོ་ལ་ཕན་པ་ཆུང་ན་མ་སྤྱད་པ་ལ་ཉེས་པ་མེད་དོ། །ཚུལ་ཁྲིམས་དང་འགལ་བ་དགུ་བསྟན་ཟིན་ཏོ། །བཟོད་པ་དང་འགལ་བ་ལ་གསུམ་ལས། དང་པོ་བཟོད་པའི་རྒྱུ་ལ་མི་སློབ་པ་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལས་གཤེ་བ་ལ་ཕྱིར་གཤེ། ཁྲོ་བ་ལ་ལན་དུ་ཁྲོ། །རྡེག་པ་ལ་ལན་དུ་རྡེག མཚང་འདྲུ་བ་ལན་དུ་མཚང་འདྲུ་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །ཀུ་རེ་དང་གད་མོའི་ཚུལ་དུ་བྱས་པ་ཡང་ཉོན་མོངས་པ་མེད་པའི་ཉེས་པའོ། །ཉོན་མོངས་པ་མེད་པས་དེ་དག་གིས་སེམས་ཅན་གྱི་དོན་དུ་འགྱུར་ན་ཉེས་པ་མེད་དོ། །སྤྱི་དོན་གཉིས་པ་ཁྲོ་བའི་རྒྱུན་མི་འགོག་པ་ལ་གཉིས་ལས། རང་གི་མི་འགོག་པ་ནི། ཁྲོས་པ་རྣམས་ནི་ཡལ་བར་འཇོག །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ་གཞན་ཞེ་སྡང་ན་ཉེས་པ་བྱས་ཀྱང་རུང༌། མ་བྱས་ཀྱང་རུང་སྟེ། ཤད་ཀྱིས་མ་སྦྱངས་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །ལེ་ལོའམ། བག་མེད་པས་མ་སྦྱངས་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །མུ་སྟེགས་ཅན་ནམ། ཐབས་དེས་འདུལ་ལམ། རུང་བ་མ་ཡིན་པའི་སྤྱོད་པ་སྦྱང་བར་འདོད་པ་མ་ཡིན་པ་དང༌། རང་བཞིན་གྱིས་འཐབ་ཀྲོལ་ཅན་ཤད་ཀྱིས་སྦྱངས་པས་ཤད་སྐྱེ་བའམ། ཕ་རོལ་པོ་བཟོད་པ་ཅན་ཁྲོ་བ་མེད་དུ་རེ་བ་ཡིན་ནམ། ཤད་ཀྱིས་སྦྱངས་ན་ཕ་རོལ་པོ་ངོ་ཚ་མེད་པ་ཡིན་ན་ཉེས་པ་མེད་དོ། །གཉིས་པ་གཞན་གྱིས་མི་འགོག་པ་ནི། ཕ་རོལ་ཤད་ཀྱིས་འཆགས་པ་སྤོང༌། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ། གཞན་ཉེས་པ་འབྱུང་བ་བདག་ལ་ཆོས་དང་མཐུན་པས་བཤགས་པ་བྱེད་ཀྱང་ཁྲོ་བའི་སེམས་སམ། ཐོ་འཚམ་པའི་སེམས་ཀྱིས་མི་ཉན་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །མནར་སེམས་མེད་པ་དང༌། མི་བཟོད་པ་ཡིན་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ཐབས་དེས་གདུལ་ལམ། ཆོས་བཞིན་མ་ཡིན་པ་དང༌། དུས་མ་ཡིན་པར་ཡིན་ན་ཉེས་པ་མེད་དོ། །སྤྱི་དོན་གསུམ་པ་གཉེན་པོ་ལ་མི་འབད་པ་ནི། ཁྲོ་བའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་གཞན་ལ་ཁྲོ་བའི་སེམས་བྱུང་ཞིང༌། འཛིན་པ་བརྟན་པས་དྭང་དུ་ལེན་པ་སྤང་པའི་འདུན་པ་མི་སྐྱེ་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །ཡང་ཕྱིར་འདུན་པ་བསྐྱེད་ཅིང་སྤྱོད་ན་ཉེས་པ་མེད་པའོ། །བཟོད་པ་དང་འགལ་བ་བཞི་བསྟན་ཟིན་ཏོ། །བརྩོན་འགྲུས་དང་འགལ་བ་གསུམ་གྱི་དང་པོ། ལུས་ཀྱི་ལས་དམན་པ་དོར་བ་ནི། བསྙེན་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་རིམ་གྲོ་ལ་སོགས་པ་ལ་ཞེན་ཏེ། དེས་ཟང་ཟིང་དང་བཅས་པའི་སེམས་ཀྱིས་འཁོར་སྡུད་ན། ཉོན་མོངས་པ་ཅན་གྱི་ཉེས་པའོ། །ཟང་ཟིང་མེད་པའི་བསམ་པས་རིམ་གྲོ་བདག་གིས་བྱེད་ན་ཉེས་པ་མེད་དོ། །འདི་ལུས་ཀྱི་འགྱུར་བ་ནི། བསྙེན་བཀུར་ལ་སོགས་པ་ལུས་ཀྱིས་ལེན་པའི་ཕྱིར་རོ། །རང་སེམས་ཀྱི་དམན་པ་དོར་བ་ནི། ལེ་ལོ་ལ་སོགས་སེལ་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ལེ་ལོ་ནི་དགེ་བ་ལ་སེམས་གཡེལ་བའོ། །སོགས་པ་ནི་སྙོམ་ལས་ལ་སོགས་པ་སྟེ། དེ་ནི་ལེ་ལོ་ལ་དད་ཅིང་ནན་ཏན་བྱེད་པའོ། །གཉིད་དང་ཉལ་བ་དང་གློས་འབེབས་པའི་བདེ་བ་དུས་མ་ཡིན་པ་དང༌། ཚོད་མེད་པ་དང༌། བདག་གིས་བྱེད་ན་ཉོན་མོངས་པ་དང་བཅས་པའི་ཉེས་པའོ། །ན་བ་དང༌། ལམ་གྱིས་དུབ་པ་དང༌། དེ་སྤང་བའི་ཕྱིར་འདུན་པ་བསྐྱེད་བཞིན་དུ་སྤྱོད་པ་རྣམས་ལ་ཉེས་པ་མེད་དོ། །གསུམ་པ་ངག་གི་དམན་པ་དོར་བ་ནི། ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་དུས་དྲུག་ཆ་ཡོལ་བར་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །བརྗེས་པས་ཡོལ་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ཕ་རོལ་འདུ་འཛིའི་གཏམ་སྨྲ་བ་ལ་དྲན་པ་དང་ལྡན་པས་ཅུང་ཟད་ཉན་ཏམ། ངོ་མཚར་དུ་འཛིན་ཏེ་འདྲི་བའི་ལན་འདེབས་པའམ། གཞན་གདུལ་བའི་ཕྱིར་ཡིན་ན་ཉེས་པ་མེད་དོ། །བརྩོན་འགྲུས་དང་འགལ་བ་གསུམ་བསྟན་ཟིན་ཏོ། །བསམ་གཏན་དང་འགལ་བ་གསུམ་གྱི་དང་པོ་སྦྱོར་བའི་ཉེས་པ་ནི། ཏིང་ངེ་འཛིན་གྱི་དོན་མི་ཚོལ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་སེམས་མཉམ་པར་འཇོག་འདོད་ལ། བདག་གིས་མི་ཤེས་པས། མན་ངག་དང་ལྡན་པའི་སྐྱེ་བོ་ལ་མནར་སེམས་སམ་ང་རྒྱལ་གྱིས་ནོན་ནས་ནོད་དུ་མི་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། ལེ་ལོས་མི་འགྲོ་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ན་བའམ། མན་ངག་ལོག་པར་བྱུང་དུ་དོགས་སམ། བདག་ཐོས་པ་དང་ལྡན་པས་མན་ངག་ཤེས་སམ། སེམས་མཉམ་པར་འཇོག་ནུས་པ་རྣམས་ལ་ཉེས་པ་མེད་དོ། །གཉིས་པ་དངོས་གཞིའི་ཉེས་པ་ནི། བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་འདོད་པའི་འདུན་པ་དང༌། གནོད་སེམས་དང༌། རྒོད་པ་དང༌། འགྱོད་པ་དང༌། རྨུགས་པ་དང༌། གཉིད་དང༌། ཐེ་ཚོམ་སེལ་བར་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །དེ་སྤང་བའི་ཕྱིར་འདུན་པ་བསྐྱེད་ཀྱང་སྤྱོད་ན་ཉེས་པ་མེད་དོ། །གསུམ་པ་རྗེས་ཀྱི་ཉེས་པ་ནི། བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཞེས་པ་ནི། འདི་ནི་བསམ་གཏན་གྱི་ས་མ་ཐོབ་པ་རྣམས་ལ་ཉེས་པ་མི་འབྱུང་སྟེ། བསམ་གཏན་གྱི་དགའ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་བསམ་གཏན་ཅན་རང་བཞིན་དུ་གནས་པས་བསམ་གཏན་གྱི་རོ་མྱོང་བར་བྱེད་ཅིང་ཡོན་ཏན་དུ་བལྟ་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །སྤང་བའི་ཕྱིར་འདུན་པ་བསྐྱེད་བཞིན་དུ་སྤྱད་ན་ནི་ཉེས་པ་མེད་དོ། །བསམ་གཏན་དང་འགལ་བ་གསུམ་བསྟན་ཟིན་ཏོ། །ཤེས་རབ་དང་འགལ་བ་ལ་གཉིས། ཡུལ་དམན་པ་དང་འབྲེལ་བ་དང༌། ཡུལ་དམ་པ་དང་འབྲེལ་བའི་ཉེས་པའོ། །དང་པོ་ལ་བཞི་ལས། ཐེག་པ་དམན་པའི་དོན་སྤོང་བ་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའི་ཆོས་མཉན་པར་མི་བྱ། གཟུང་བ་དང་བསླབ་པར་མི་བྱའོ་ཞེས་སྨྲ་ན། ཉོན་མོངས་པ་ཅན་གྱི་ཉེས་པའོ། །དེའང་བྱང་ཆུབ་སེམས་དཔའ་ནི་མུ་སྟེགས་ཀྱི་ཆོས་ལའང་བརྩོན་པར་བྱ་དགོས་ན་སངས་རྒྱས་ཀྱི་གསུང་ལྟ་ཅི་སྨོས། གཞན་དེ་ལ་གཙོ་བོར་སྤྱོད་པའི་འདུན་པ་བཟློག་ན་ཉེས་པ་མེད་དོ། །གཉིས་པ་གཞུང་ལ་བརྟེན་པ་ནི། རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཡོད་བཞིན་དུ་དེ་ཡལ་བར་དོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་ན་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །ཉན་ཐོས་རྣམས་དྲང་བའི་ཕྱིར་ན་ཉེས་པ་མེད་དོ་སྙམ་དུ་སེམས་སོ། །གསུམ་པ་ཕྱི་རོལ་པའི་གཞུང་ལ་བརྟེན་པ་ནི། བརྩོན་མིན་ཕྱི་རོལ་བསྟན་བཅོས་རྩོམ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་སངས་རྒྱས་པའི་གསུང་རབ་ཡོད་བཞིན་དུ་དེ་ཡལ་བར་དོར་ནས། ཕྱི་རོལ་རིག་བྱེད་ཀྱི་བསྟན་བཅོས་ལ་རྩོམ་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །དེ་ལ་ཕྱི་རོལ་པའི་གཞུང་དེས་ལོབས་སྐྱེན་པ་དང༌། ཡིད་གཞུངས་པ་མི་བརྗེད་པར་ནུས་པའི་གྲོགས་སུ་འགྱུར་ཞིང༌། སངས་རྒྱས་ཀུན་གྱི་གསུང་རབ་ལ་རིག་པས་རྟོགས་པ་དང་ལྡན་པས་བློ་མི་འགྱུར་བ་དང་ལྡན་ན་ཉི་མའི་སུམ་ཆ་རེ་ཕྱི་རོལ་པའི་བསྟན་བཅོས་ལ་བལྟ་ན་ཉེས་པ་མེད་དོ། །བཞི་པ་དོན་ལ་བརྟེན་པ་ནི། བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་མུ་སྟེགས་ཀྱི་གཙུག་ལག་ལ་མཁས་པར་གྱུར་ཡང༌། དེ་ལ་དད་པར་མི་བྱ་སྟེ། དེ་ཉིད་སུན་ཕྱུང་བས། གཞན་ལ་ཕན་པའི་ཕྱིར་སློབ་ཀྱིས་ལམ་དུ་མ་བསམ་སྟེ། དཔེར་ན་ནད་པ་ལ་ཕན་པའི་ཕྱིར་སྨན་ཚ་བ་བསྟེན་ཀྱང་དེའི་རོ་ལ་མ་ཆགས་པར་བྱེད་པ་བཞིན་ནོ། །དེ་ལ་མངོན་པར་དགའ་བས་དང་དུ་ལེན་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །གཞན་དོན་དུ་སྤྱོད་པ་ལ་ཉེས་པ་མེད་པ་ནི་སྔ་མ་བཞིན་ནོ། །སྤྱི་དོན་གཉིས་པ་ཡུལ་དམ་པ་དང་འབྲེལ་བ་ལ་གསུམ་གྱི་དང་པོ་ཤེས་རབ་ཀྱི་ཡུལ་སྤོང་བ་ནི། ཐེག་པ་ཆེན་པོ་སྤོང་བར་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་རང་གི་རྟོགས་པར་མི་འགྱུར་བའི་དེ་ཁོ་ན་ཉིད་དམ། སྟོང་གསུམ་ཡུངས་འབྲུར་ཆུད་པ་ལ་སོགས་པ་མཐུའི་ཁྱད་པར་ཟབ་པ་དང་རྒྱ་ཆེ་བ་ལ་རང་མ་མོས་སམ། གཞན་གྱི་ཡོན་ཏན་ལ་སྐུར་བ་འདེབས་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །འདི་ལ་རྩ་བའི་ལྟུང་བ་དང་ཁྱད་པར་ཅི་ཡོད་སྙམ་ན། སྔར་ནི་ཐེག་པ་ཆེན་པོ་མཐའ་དག་སྤོང་བའམ། དམ་ཆོས་འདྲར་སྣང་སྟོན་པ་དང་མཚུངས་པ་ཡིན་ལ། འདིར་ཆ་ཤས་སྤོང་བའམ་འདྲར་སྣང་མི་སྟོན་པའོ། །དེ་ལ་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྤྱན་དང་ལྡན་པ་ཡིན་ཞིང༌། བདག་ནི་ལོང་བ་ལྟ་བུའོ་སྙམ་དུ་བསམ་སྟེ་དད་པ་བསྐྱེད་ཅིང་ཞུགས་ན་དམ་པའོ། །དེ་ལྟར་ཤེས་པས་མོས་པ་མེད་ཀྱང་སྐུར་བ་མི་འདེབས་ན་ཉེས་པ་མེད་དོ། །གཉིས་པ་འབྲས་བུ་ལ་ལོག་པར་བསྒྲུབ་པ་ནི། བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ཟང་ཟིང་དང་བཅས་ཤིང་ཁོང་ཁྲོ་བའི་སེམས་ཀྱིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །འདི་ལ་སྔར་གྱི་ཕམ་པ་དང་ཁྱད་ཅི་ཡོད་སྙམ་ན་སྔར་གྱི་ནི་བསྙེན་བཀུར་ལ་ལྷག་པར་ཆགས་པས་བསླང་བ་ཡིན་ལ། འདིར་ནི་ཁྲོ་བའམ་ཟང་ཟིང་དང་བཅས་པས་ཀུན་ནས་བསླང་བ་ཡིན་ནོ། །བསྟན་པ་གནས་པར་འདོད་པའི་ཕྱིར་མུ་སྟེགས་ཅན་ཟིལ་གྱིས་མནན་པར་འདོད་དམ། ཐབས་དེས་གཞན་འདུལ་ལམ། སེམས་ཅན་གྱི་དད་པ་འཕེལ་བར་བྱ་བའི་ཕྱིར་ཡིན་པ་རྣམས་ལ་ཉེས་པ་མེད་དོ། །སྤྱི་དོན་གསུམ་པ་རྒྱུ་ལ་ཉམས་པ་ལ་གཉིས་ལས། དང་པོ་ཐོས་པའི་རྒྱུ་ལ་མི་འཇུག་པ་ནི། ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་གཞན་འབེལ་བའི་གཏམ་གཏན་ལ་འབེབས་པ་ལ་ང་རྒྱལ་ལམ། མནར་སེམས་སམ། ཁྲོ་བའི་སེམས་ཀྱིས་མི་ཉན་ཞིང་འགྲོ་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །སྙོམ་ལས་སམ་ལེ་ལོས་མ་སོང་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །མ་ཚོར་བ་དང༌། ན་བ་དང༌། ལོག་པར་སྟོན་དུ་དོགས་སམ། ཆོས་སྨྲ་བ་གཞན་གྱི་སེམས་བསྲུང་ངམ། བདག་གིས་སྔར་མང་དུ་ཐོས་ཏེ་ཤེས་པས་ཟིན་པ་ཡིན་ནམ། བདག་ཐོས་པ་ཆེ་བ་ཉིད་ཡིན་ནམ། བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་པ་ཅན་ཡིན་ནམ། བློ་རྟུལ་བས་འཛིན་མི་ནུས་པ་རྣམས་ལ་ཉེས་པ་མེད་དོ། །གཉིས་པ་ཐོས་པའི་ཡུལ་ལ་ལོག་པར་བསྒྲུབ་པ་ནི། དེ་ལ་སྨོད་ཅིང་ཡི་གེ་བརྟེན། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ཆོས་སྨྲ་བའི་གང་ཟག་ལ་དེར་འདུ་ཤེས་བཞིན་དུ་ཁྱད་དུ་གསོད་ཅིང་བཀུར་སྟི་མི་བྱེད་ལ་འཕྱ་ཞིང་བསྟིང་ལ་ཡིད་ཆེས་པར་མི་བྱེད་ཅིང༌། ལུས་ངག་གི་སྤྱོད་པ་མ་གུས་ལ་ཚིག་འབྲུ་ལ་རྟོན་པ་སྟེ། ཚིག་ཟུར་ཆག་པ་དང༌། ཚིག་འབྲེལ་བ་དང༌། མ་འབྲེལ་བའི་རྗེས་སུ་རྟོགས་པའོ། །ཁ་ཅིག་ན་རེ། ཚིག་འབྲུ་ཙམ་ལ་འཆད་ཅིང་དོན་འཆད་པར་མི་བྱེད་དོ་ཞེས་ཟེར་རོ། །གང་ལྟར་ཡང་ཆོས་ལ་གུས་པ་མི་བྱེད་པའོ། །ཁ་ཅིག་ན་རེ་རང་ཉིད་ཚིག་འབྲུལ་ལ་རྟོན་གྱི་དོན་ལ་མི་རྟོན་པའོ་ཞེས་ཀྱང་ཟེར་རོ། །ཤེས་རབ་དང་འགལ་བ་བརྒྱད་བསྟན་ཟིན་ཏོ། །དགེ་བ་ཆོས་སྡུད་དང་འགལ་བ་སུམ་ཅུ་རྩ་བཞི་བསྟན་ཟིན་ཏོ།།  །།སེམས་ཅན་དོན་བྱེད་དང་འགལ་བ་ལ་གཉིས། དོན་བྱ་བ་སྤྱི་དང་འབྲེལ་བ་དང༌། དོན་བྱ་བ་ཁྱད་པར་དང་འབྲེལ་བའོ། །དང་པོ་ལ་གཉིས། དོན་མི་སྒྲུབ་པ་དང༌། གནོད་པ་མི་སེལ་བའོ། །དང་པོ་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་སེམས་ཅན་གྱི་དོན་གྲོགས་གཞན་བྱེད་པ་མེད་པ་ཆོས་དང་མཐུན་པས་བསོད་ནམས་ཀྱི་གྲོགས་བྱ་བའམ། བྱེ་བ་སྡུམ་པ་ལ་སོགས་པ་མནར་སེམས་ཁྲོ་བའི་སེམས་ཀྱིས་གྲོགས་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། སྙོམ་ལས་སམ་ལེ་ལོས་མི་བྱེད་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ན་བ་དང༌། གྲོགས་སམ་མགོན་མེད་པ་གཞན་ཡོད་དམ། ཆོས་དང་མི་མཐུན་པའི་བྱ་བ་བྱེད་དམ། ཐབས་དེས་འདུལ་ལམ། གཞན་ལ་སྔར་ཁས་བླངས་སམ། ནུས་པ་གཞན་ལ་བཅོལ་ལམ། རྟག་ཏུ་དགེ་ལ་བརྩོན་ནམ། རང་བཞིན་གྱིས་ཡིད་རྟུལ་བས་ལུང་འབོགས་མི་ནུས་སམ། གཞན་མང་པོའི་སེམས་བསྲུང་ངམ། དགེ་འདུན་གྱི་ནང་ཁྲིམས་བཅས་པ་རྣམས་ལ་ཉེས་པ་མེད་དོ། །གཉིས་པ་གནོད་པ་མི་སེལ་བ་ལ་སྡུག་བསྔལ་མི་སེལ་བ་དང༌། དེའི་རྒྱུ་མི་སེལ་བའོ། །དང་པོ་ལ་གཉིས། སྡུག་བསྔལ་གྱི་བྱེ་བྲག་མི་སེལ་བ་དང༌། དུཿཁ་སྤྱི་མི་སེལ་བའོ། །དང་པོ་ནི། ནད་པའི་རིམ་གྲོ་བྱ་བ་སྤོང༌། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་ནད་ཀྱིས་ཐེབས་པ་དང་ཕྲད་ན་སྡང་བའམ། མནར་སེམས་ཀྱིས་དོན་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། སྙོམ་ལས་སམ་ལེ་ལོས་མི་བྱེད་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །རང་ཉིད་ནའམ། ཕ་རོལ་ནུས་པ་གཞན་ལ་བཅོལ་ལམ། ནད་པ་མགོན་དང་བཅས་པའམ། ནད་པ་རང་གིས་བྱ་བ་ནུས་སམ། ནད་ཡུན་རིང་ནས་སོ་ཐུབ་ཙམ་དུ་འདུག་གམ། དགེ་བའི་ཕྱོགས་རྒྱ་ཆེན་པོ་ལ་བརྩོན་ཏེ་དེའི་བར་ཆད་དུ་འགྱུར་བ་སྲུང་ངམ། གཞན་ལ་སྔར་ཁས་བླངས་སམ། དོན་བྱེད་པ་གཞན་ཡོད་དུ་རེ་བ་རྣམས་ལ་ཉེས་པ་མེད་དོ། །དུཿཁའི་བྱེ་བྲག་མི་སེལ་བ་ནི། སྡུག་བསྔལ་སེལ་བར་མི་བྱེད་པ། །ཞེས་པ་སྟེ། སེམས་ཅན་སྡུག་བསྔལ་ཅན་གྱི་སྡུག་བསྔལ་སེལ་བར་མི་བྱེད་པ་སྟེ། ཉེས་པ་དང་བཅས་པ་དང༌། ཉེས་པ་མེད་པ་རྣམས་ནི་ནད་པའི་བཞིན་ནོ། །འོ་ན་སྤྱི་ཉིད་སྨོས་པས་བཏུབ་མོད་སྔར་གྱི་བྱེ་བྲག་སྨོས་ཅི་དགོས་སྙམ་ན། ནད་པ་ནི་སྡུག་བསྔལ་ཅན་གྱི་གཙོ་བོ་གལ་ཆེ་བའི་ཕྱིར་སྨོས་པའོ། །སྡུག་བསྔལ་གྱི་རྒྱུ་མི་སེལ་བ་ནི། བག་མེད་རྣམས་ལ་རིགས་མི་སྟོན། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་གཞན་ཚེ་འདིའམ་ཕྱི་མའི་ཚུལ་མ་ཡིན་པར་ཞུགས་པ་མཐོང་ན། དེ་ལ་རིག་པར་བསྟན་པར་བྱ་བ་ལས། དེ་ཀུན་ནས་མནར་སེམས་སམ་ཁྲོ་བས་རིག་པ་མ་བསྟན་ན་ཉོན་མོངས་པ་ཅན་དང༌། སྙོམ་ལས་དང་ལེ་ལོས་མ་བསྟན་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །བདག་གིས་མི་ཤེས་ཏེ། མི་ནུས་ན་ཉེས་པ་མེད་དོ། །གཞན་ནུས་པ་ལ་བཅོལ་ལམ། དེ་ཉིད་ཀྱིས་ནུས་སམ། དེ་དགེ་བའི་བཤེས་གཉེན་གྱིས་ཟིན་ནམ། ཐབས་དེས་འདུལ་ལམ། བསྟན་པའི་ཡུལ་དེ་བཀའ་བློ་མི་བདེ་བས་ལོག་པར་འཛིན་པ་དང༌། དགའ་ཞིང་གུས་པ་མེད་པས་དམུ་རྒོད་ཀྱི་རང་བཞིན་ཅན་ཡིན་པ་རྣམས་ལ་ཉེས་པ་མེད་དོ། །དོན་བྱ་བའི་ཁྱད་པར་དང་འབྲེལ་བ་ལ་གཉིས། ཕན་མི་འདོགས་པའི་ཁྱད་པར་ཅན་དང༌། ཚར་མི་གཅོད་པའི་ཉེས་པའོ། །དང་པོ་ལ་དྲུག་གི་དང་པོ་སྔར་རང་ལ་ཕན་བཏགས་པ་ནི། བྱས་ལ་ལན་དུ་ཕན་མི་འདོགས། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སྔར་ཕན་འདོགས་འདོགས་པ་རྣམས་ལ་བྱས་པ་མི་གཟོ་ན་མནར་སེམས་ཀྱིས་མི་འདོགས་ན་ཉོན་མོངས་པ་ཅན་དང༌། སྙོམ་ལས་དང་ལེ་ལོས་ནི་ཉོན་མོངས་པ་མེད་པའི་ཉེས་པའོ། །སྒྲིམ་བཞིན་དུ་མ་ལྕོགས་ན་ཉེས་པ་མེད་དོ། །ཐབས་དེས་འདུལ་ལམ། དེ་ཉིད་ལན་དུ་ཕན་འདོགས་ན་ཉེས་པ་མེད་དོ། །གཉིས་པ་ཡིད་མི་བདེ་བ་དང་བྲལ་བ་ནི། གཞན་གྱི་མྱ་ངན་བསལ་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་སེམས་ཅན་གང་ཉེ་དུའམ་ལོངས་སྤྱོད་ལས་ཉམས་པ་མྱ་ངན་ཅན་ལ་མནར་སེམས་སམ། ཁྲོ་བས་མྱ་ངན་མི་སེལ་ན་ཉོན་མོངས་པ་ཅན་དང༌། ལེ་ལོ་དང་སྙོམ་ལས་ཀྱིས་མི་སེལ་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ཉེས་པ་མེད་པ་ནི་ནད་པའི་རིམ་གྲོའི་སྐབས་སུ་བསྟན་པ་བཞིན་ནོ། །གསུམ་པ་བཀྲེན་པ་ནི། ནོར་འདོད་པ་ལ་སྦྱིན་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་ལ་ཟས་སྐོམ་དང་ནོར་འདོད་པ་རྣམས་ལ་མནར་སེམས་སམ་ཁྲོ་བས་མི་སྟེར་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་སྙོམ་ལས་ཀྱིས་མི་སྟེར་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ལོངས་སྤྱོད་མེད་དམ། དགེ་སློང་ཆང་སློང་བ་ལྟ་བུ་མི་རུང་བ་དང༌། ནད་དང་མི་འཕྲོད་པ་སློང་བ་དང༌། ཐབས་དེས་འདུལ་ལམ། བྱིན་པས་རྒྱལ་པོ་མི་དགའ་འམ། དགེ་འདུན་གྱི་ནང་ཁྲིམས་བཅས་པ་ལ་ཉེས་པ་མེད་དོ། །བཞི་པ་རང་གི་འཁོར་དང་འབྲེལ་པ་ནི། འཁོར་རྣམས་ཀྱི་ནི་དོན་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་འཁོར་བསྡུས་ལ་མནར་སེམས་སམ། ཁྲོ་བས་འཁོར་ལ་ཆོས་སམ་ཡོ་བྱད་ཀྱིས་ཅི་རིགས་པར་ཕན་མི་འདོགས་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་སྙོམ་ལས་ཀྱིས་མི་བྱེད་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ཐབས་དེས་འདུལ་ལམ། དགེ་འདུན་གྱི་ནང་ཁྲིམས་བསྲུང་ངམ། ན་སྟེ་མི་ནུས་སམ། ནུས་པ་གཞན་ལ་བཅོལ་ལམ། འཁོར་བསོད་ནམས་ཆེའམ། ཕ་རོལ་པོ་ཆོས་ཤེས་ཤིང་ཆོས་གོས་ལ་སོགས་ཚོལ་ནུས་སམ། གདམས་ངག་བསྟན་ཟིན་ནམ། བདག་ལ་ལོངས་སྤྱོད་མེད་དམ། མུ་སྟེགས་བྱེད་ཆོས་ལ་སྐུར་པ་འདེབས་སུ་འོངས་སམ། དེས་འདུལ་བའི་སྐབས་མེད་པའི་རང་བཞིན་ཅན་རྣམས་ལ་ཉེས་པ་མེད་དོ། །ལྔ་པ་ཕྱོགས་གཅིག་ཏུ་འགྲོགས་པ་ནི། གཞན་གྱི་བློ་དང་མཐུན་མི་འཇུག །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་མནར་སེམས་སམ་ཁྲོ་བས་གཞན་གྱི་བློ་དང་མཐུན་པས་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པ་དང༌། སྙོམ་ལས་སམ་ལེ་ལོས་མི་བྱེད་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །ན་བའམ། དགེ་འདུན་གྱི་ནང་ཁྲིམས་བསྲུང་ངམ། གཞན་མང་པོའི་སེམས་བསྲུང་ངམ། མུ་སྟེགས་ཅན་ཚར་གཅོད་དམ། ཐབས་དེས་འདུལ་ལམ། མཐུན་པར་བྱས་པ་ཉིད་དེ་དང་མི་མཐུན་པར་འགྱུར་དུ་དོགས་པ་རྣམས་ལ་ཉེས་པ་མེད་དོ། །དྲུག་པ་ཡོན་ཏན་དང་ལྡན་པ་ལ་ལོག་པར་བསྒྲུབ་པ་ནི། ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །ཅེས་པ་ནི། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་གཞན་ཡོན་ཏན་དང་ལྡན་པའི་བསྔགས་པའམ། ཡོན་ཏན་མི་བརྗོད་ན་མནར་སེམས་ཀྱིས་ཡིན་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་སྙོམ་ལས་ཀྱིས་མ་བརྗོད་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །རང་བཞིན་གྱིས་འདོད་པ་ཆུང་བས་དཔག་ནས་དེ་དང་མཐུན་པས་མ་བརྗོད་དམ། ན་བའམ། ཐབས་དེས་འདུལ་ལམ། དགེ་འདུན་གྱི་ནང་ཁྲིམས་བསྲུང་ངམ། ཡོན་ཏན་བརྗོད་པས་ཕ་རོལ་པོ་ང་རྒྱལ་སྐྱེས་ཀྱིས་དོགས་སམ། དེའི་ཡོན་ཏན་རྣམས་བཅོས་མ་ཡིན་ནམ། ཡིན་དུ་དོགས་སམ། མུ་སྟེགས་ཅན་ཚར་གཅད་དམ། གཞན་གྱི་གཏམ་རྫོགས་རྫོགས་སུ་བསྡད་དེ། སྐབས་ལ་མ་བབས་པ་རྣམས་སུ་མ་བརྗོད་ན་ཉེས་པ་མེད་དོ། །ཚར་མི་གཅོད་པའི་ཉེས་པ་གཉིས་ཀྱི་དང་པོ་ཆོས་དང་མི་མཐུན་པ་ཚར་མི་གཅོད་པ་ནི། རྐྱེན་དུ་འཚམ་པ་ཚར་མི་གཅོད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པས་སེམས་ཅན་ལོག་པར་ཞུགས་པ་དགེ་བ་ལ་ཞུགས་པའི་ཕྱིར་ཆད་པ་ཅི་ལྟ་བུས་དགེ་བ་ལ་ཆུད་པར་འགྱུར་སྙམ་སྟེ། སྨ་དབབ་པའི་རིགས་པའམ། ཆད་པས་གཅད་པའི་རིགས་པའམ། གནས་ནས་བསྐྲད་པའི་རིགས་པ་གསུམ་པོ་གང་ལའང་དགོས་པ་མི་སྦྱོར་བ་མནར་སེམས་ཀྱིས་ཡིན་ན་ཉོན་མོངས་པ་ཅན་དང༌། ལེ་ལོའམ་སྙོམ་ལས་ཀྱིས་བྱས་ན་ཉོན་མོངས་པ་མེད་པའི་ཉེས་པའོ། །བཅོས་སུ་མི་རུང་བ་བཀའ་བློ་མི་བདེ་བ་སྟེ། སླར་ཁྲོ་བ་འཕེལ་བ་ཅན་ཡིན་ནམ། ཅུང་ཞིག་གམ་དུས་ལ་སྡོད་དམ། བཅོས་པས་སླར་ཁྲོ་བའམ། རྩོད་པ་འཕེལ་དུ་དོགས་སམ། དགེ་འདུན་འཁྲུགས་ཅིང་བྱེ་བར་འགྱུར་རམ། སེམས་ཅན་དེ་དག་གཡོ་དང་ལྡན་པ་ངོ་ཚ་དང༌། ཁྲེལ་ཡོད་པ་ཅན་ཞིག་སྟེ། མྱུར་བར་འདུན་པར་འགྱུར་ན་དེ་དག་ལ་ཉེས་པ་མེད་དོ། །བསྟན་པ་དང་ཞེ་འགྲས་པའི་དབང་དུ་མི་བྱེད་པ་ནི། རྫུ་འཕྲུལ་སྡིག་ལ་སོགས་མི་བྱེད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་རང་བཞིན་དུ་གནས་པ་དེ་རྫུ་འཕྲུལ་དང་ལྡན་པས་མུ་སྟེགས་ཅན་བསྟན་པ་ལ་འདུན་པ་བསྐྱེད་པའི་རིགས་ཅན་ནམ། བསྟན་པ་ལ་ཞུགས་པའི་ཚུལ་ཁྲིམས་ཉམས་པ་དད་པས་བྱིན་པ་བླངས་ནས་དེ་ཉིད་ཀྱི་དོན་དུ་མི་འགྱུར་བས་དེ་སྐྲག་པར་བྱས་ལ། དད་པ་བྱིན་པ་ཡོངས་སུ་གཞུག་ཅིང༌། དེ་གཉིས་ཀའང་བསྡུས་ན་ཡང་དག་པ་ལ་འཛུད་པར་བྱ་བ་ཡིན་པ་ལས་དེ་མི་བྱེད་ན་ཉོན་མོངས་པ་ཅན་གྱི་ཉེས་པའོ། །ཉེས་པ་མེད་པ་ནི་མུ་སྟེགས་ཅན་འཕགས་པ་ལ་སྐུར་པ་འདེབས་པ་དག་འདི་ནི་འཕགས་པའི་རྫུ་འཕྲུལ་མ་ཡིན་ཏེ། སྔགས་སམ་རྫས་ཀྱི་མིག་འཕྲུལ་ལམ་སྒྱུ་མ་བཞིན་ནོ་ཞེས་ལོག་པར་འཛིན་པ་དག་གི་དྲུང་དུ་མ་བྱས་ཀྱང་ཉེས་པ་མེད་དོ། །ཐམས་ཅད་ལའང་ཉེས་པ་མེད་པའི་ཐུན་མོང་གི་ཡན་ལག་སེམས་འཁྲུལ་པ་དང༌། སྡུག་བསྔལ་གྱི་ཚོར་བ་དྲག་པོས་ཉེན་པ་དང༌། སྡོམ་པ་མ་མནོས་པ་རྣམས་ལ་ཉེས་པ་མེད་དོ། །སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་བསྟན་ཟིན་ཏོ།།  །།ཉེས་བྱས་ཀྱི་རིགས་གང་ཡིན་པ་བཞི་བཅུ་རྩ་དྲུག་པོ་བསྟན་ཟིན་ཏོ། །ད་ནི་ཉེས་མེད་པའི་གནས་སྐབས་སྡོམ་པ་རྣམས་ཀྱི་དོན་བསྡུས་ཏེ་བསྟན་པ་ནི། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང༌། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ལ་བྱུང་བའི་ལྟུང་བ་དེ་དག་ཀྱང་དུས་དང་རྣམ་པ་ཐམས་ཅད་དུ་ཉེས་པར་འགྱུར་བ་དག་མེད་དེ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་དང༌། བྱམས་པ་དང་ལྡན་པས་ཚེ་འདིའི་རང་དོན་གྱི་བསམ་པ་ཅུང་ཟད་ཀྱང་མེད་པ་རྣམས་ལ་ནི་ཉེས་པ་བསྟན་པ་རྣམས་ལས་གང་གིས་ཀྱང་ཉེས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉེ་བ་འཁོར་གྱིས་ཞུས་པ་ལས་གསུངས་ཏེ། བྱང་ཆུབ་སེམས་དཔའི་ཉེས་པ་ཕལ་ཆེ་བ་ཞེ་སྡང་ལས་འབྱུང་གི འདོད་ཆགས་ལས་འབྱུང་བ་ནི་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་པ་ཡང་བྱམས་པ་དང་སྙིང་རྗེ་ལ་དགོངས་ཏེ་བཀའ་སྩལ་པ་ཡིན་ནོ། །འདི་དག་གི་དོན་ཞིབ་ཏུ་ནི་སྡོམ་པ་བསྡུས་ཏེ་བསྟན་པའི་སྐབས་སུ་སྔར་བསྟན་ཟིན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཆེན་པོ་དང༌། འབྲིང་དང༌། ཆུང་ངུ་ལས་འབྱུང་བར་ཡང་ཤེས་པར་བྱ། ཉོན་མོངས་པ་ཅན་དང༌། ཉོན་མོངས་པ་མེད་པའི་ཉེས་པ་ཡང་ཤེས་པར་བྱས་ལ། ཐོག་མར་ཉེས་པ་མི་འབྱུང་བར་བྱ། བྱུང་ཡང་ཆོས་བཞིན་དུ་མྱུར་བར་བཅོས་པར་བྱ། ཉེས་པ་མེད་པ་རྣམས་ཀྱང་ཤེས་པར་བྱའོ། །ཉེས་པ་མེད་པའི་གནས་སྐབས་དང༌། དོན་བསྡུས་ཏེ་བསྟན་ཟིན་ཏོ། །བྱམས་མགོན་བློ་མཚོ་རྒྱལ་སྲས་ཐོགས་མེད་དག་གིས་བསྲུབས་པ་ཡི། །བསྟན་བཅོས་རྣམས་ལས་སྡོམ་པའི་ཉིང་ཁུ་དཔལ་ལྡན་ཟླ་བ་ཡིས། །བསྡུས་པའི་རྣམ་འགྲེལ་ཞི་བ་འཚོས་མཛད་གཞན་གྱིས་དེ་རྗེས་སུ། །མཛད་པའི་རྗེས་སུ་འབྲངས་ནས་ཁོ་བོས་ཀྱང་ནི་འདི་བགྱིས་སོ། །འདི་བགྱིས་པ་ལས་དུབ་པ་ཡི། །དགེ་བ་དྲི་མེད་གང་ཐོབ་དེས། །འགྲོ་བ་ཐམས་ཅད་སྡོམ་པ་ཡིས། །མཐར་ཕྱིན་སངས་རྒྱས་ཉིད་དུ་ཤོག །བྱང་ཆུབ་སེམས་དཔའི་སྡོམ་པ་གསལ་བར་སྟོན་པ་ཤླཽ་ཀ་ཉི་ཤུ་པའི་བཤད་པ་ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་སུ་སྦྱར་བ་འདི་ལ་ཉེས་པ་མཆིས་ན་བླ་མ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་རྣམ་བཤད་ཡོངས་སུ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*