ཆོས་སྤྱོད་རིན་ཆེན་ཕྲེང་བ།

༼ཏ༽

༄༅། །ཆོས་སྤྱོད་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། སྐུ་གསུམ་རིན་ཆེན་དེས་གསུང་དྲི་མ་མེད། །འཕགས་པའི་ཚོགས་ལ་གུས་པས་ཕྱག་འཚལ་ཏེ། །དང་པོའི་ལས་ཅན་རྗེས་སུ་གཟུང་བའི་ཕྱིར། །རིན་ཆེན་ལུང་རྣམས་ངག་གི་སྐུད་པས་བརྒྱུ། །འདི་ན་དད་པ་དང་ལྡན་པའི་སྐྱེ་བོ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་འདོད་པ་དག་གིས། སྐྱབས་སུ་འགྲོ་བ་དང༌། དུས་ཚིགས་ཀྱི་གསོ་སྦྱོང་གི་སྡོམ་པ་དང༌། དགེ་བསྙེན་གྱི་སྡོམ་པ་དང༌། དགེ་ཚུལ་ཉིད་དུ་བྱ་བ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཉིད་དུ་བྱ་བ་དང༌། སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་རྣམས་ནི་གཞུང་གཞན་ཉིད་དུ་བཙལ་བར་བྱའོ། །དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ལས་དང་པོ་པས་བརྩོན་འགྲུས་ཀྱི་བྱེ་བྲག་གིས་ཉིན་ཞག་ཕྲུགས་གཅིག་ལ་བྱ་བའི་ཆོ་ག རྒྱས་པ་དང༌། འབྲིང་དང༌། བསྡུས་པའི་ཚུལ་གསུམ་དུ་འབྱུང་བ་ལས། ཐོག་མར་རྒྱས་པའི་ཚུལ་བརྗོད་པར་བྱའོ། །དེ་ལ་རིག་པ་འཛིན་པ་ནམ་གྱི་སུམ་ཆའམ་བཞི་ཆའམ་བརྒྱད་ཆའི་ཐོ་རངས་ཀྱི་ཆ་ན་གཉིད་སད་པ་དེའི་ཚེ། བླ་མ་དང་ཡི་དམ་གྱི་ལྷ་དང་དཀོན་མཆོག་གསུམ་དྲན་པའི་ཚུལ་གྱིས་དེ་དག་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བའི་ཚིག་ལན་གསུམ་ལ་སོགས་པ་བརྗོད་པར་བྱའོ། །དཔྲལ་བ་དང༌། མགྲིན་པ་དང་སྙིང་གར་ཡི་གེ་གསུམ་བསམས་ཏེ་ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས། བདག་དང་གནས་དང་རྣལ་འབྱོར་བསྲུངས་ལ། གང་གི་ཚེ་རྨི་ལམ་ངན་པ་བྱུང་ནས་ཡིད་མི་དགའ་བར་གྱུར་པ་དེའི་ཚེ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད་ནས་འབྱུང་བའི་རིག་སྔགས་འདིས་རྨི་ལམ་ངན་པ་བཟློག་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿསརྦ་བུདྡྷ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་ཕཊ་ཕཊ་སྭཱ་ཧཱ། ལན་ཅིག་བཟླས་པས་རྨི་ལམ་ངན་པ་ཐམས་ཅད་ཟློག་པར་བྱེད་དོ། །ཕྱི་རོལ་གྱི་ལྟས་ངན་པ་ཐམས་ཅད་ཟློག་པར་བྱེད་དོ། །བར་དུ་གཅོད་པ་གཞན་ཐམས་ཅད་ཀྱང་ཉེ་བར་ཟློག་པར་བྱེད་དོ། །ཞེས་ལན་བདུན་བཟླས་པས་བཏུབ་པར་གསུང་མོད་ཀྱི་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཟླས་ན་ངེས་པར་བཟློག་པར་འགྱུར་རོ། །ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རང་ཉིད་ལ་རྩ་བའི་ལྟུང་བའི་ཉེས་པ་བྱུང་དུ་དོགས་པའི་བསམ་པ་ཡོད་ན། ནམ་མཁའི་སྙིང་པོའི་མདོ་ལས་འབྱུང་བའི་ཐབས་འདི་ལྟར་བསམ་པར་བྱ་སྟེ། ཐོ་རངས་ལངས་ལ་ཁ་ཤར་ཕྱོགས་སུ་བལྟས་ལ། སྐྱ་རེངས་ཀྱི་ལྷའི་བུ་ལ་གསོལ་བ་གདབ་སྟེ། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ། ལེགས་པ་ཆེན་པོ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁྱབ་པར་མཛད་དུ་གསོལ། ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་གི་ལྟུང་བ་འཆགས་པར་འགྱུར་བ་དང༌། ཐེག་པ་ཆེན་པོའི་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ། ཞེས་སྨོན་ལ་དེའི་ཚེ་གཉིད་ཀྱིས་ལོག་པར་ཉོལ་ཞིག་དང་འཛམ་བུའི་གླིང་སྐྱ་རེངས་ཤར་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེའི་མདུན་དུ་འདུག་སྟེ། རྩ་བའི་ལྟུང་བ་ཡང་འཆགས་སུ་འཇུག ཐབས་ལ་མཁས་པ་ཡང་སྟོན་པར་འགྱུར་རོ། །དེ་ནས་སྐབས་གང་ཡིན་པར་ལངས་ནས་ཁྲུས་བྱ་བའི་ཕྱིར། ཨོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷ་སརྦ་དྷརྨཱ་པྲ་ཀྲྀ་ཏི་པ་རི་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་བདག་དང་ཆུ་བྱིན་གྱིས་བརླབས་ལ། བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་ཕྱིར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བྱ་བ་ཡང་ནས་ཡང་དུ་ཟློས་ཤིང་ཁྲུས་བྱས་ལ། ཁྲུས་ཟིན་པ་དང༌། ཨོཾ་སུ་སིདྡྷཾ་ཀ་ར་སྭཱ་ཧཱ། ཞེས་བྱ་བས་གཙུག་ཕུད་ཡོད་པ་རྣམས་ཀྱིས་གཙུག་ཕུད་བཅིང་བར་བྱའོ། །མགོ་རེག་ཡིན་ན་གཡོན་ནས་བསྐོར་ཞིང་སེ་གོལ་ལན་བདུན་གཏོགས་སོ། །དེ་ནས་རིག་སྔགས་འཆང་གིས་ཉི་མའི་ལོགས་སུ་ཁ་བལྟས་ལ། རྟག་ཏུ་ཆུ་ཁྱོར་བ་གང་གཏོར་ནས་རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་ལན་བདུན་བརྗོད་དེ། བདག་ཆེ་གེ་མོ་ཞེས་བྱ་བ་རིག་སྔགས་ཆེ་གེ་མོ་སྒྲུབ་ཀྱིས། ཁྱོད་ཀྱི་ཡིད་དགའ་བར་གྱིས་ཤིག་ཅེས་བརྗོད་ན་བགེགས་དང་ལོག་འདྲེན་རྣམས་ཀྱིས་མི་ཚུགས་སོ། །དེ་ནས་བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང༌། སྤྲོས་པ་ལ་དགའ་ན་ཆུའི་བསྲུང་བ་མན་ངག་ཇི་ལྟ་བ་ཡོད་པ་དག་གིས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱ་བའི་ཕྱིར་སྒྲུབ་པའི་མཎྜལ་བྱེད་པར་འདོད་ན། དང་པོར་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལ་བདེ་བ་ཁྱད་པར་ཅན་ཐོབ་པར་བྱ་བའི་ཕྱིར་ཡི་དམ་གྱི་ལྷ་གང་ཡང་རུང་བའི་ཆེ་གེ་མོ་མཆོད་པར་བྱའོ། །ཞེས་སེམས་བསྐྱེད་ལ། ཐོག་མར་གདོང་ལ་སོགས་པ་བཀྲུ་བར་བྱ་སྟེ། ཨོཾ་ཧྲཱིཿསྭཱ་ཧཱ། ལག་པ་ལ་སོགས་པ་བཀྲུ་བ་དང་ཁ་བཤལ་བའི་སྔགས་སོ། །ཨོཾ་ཧཱུྃ། སྟན་བྱིན་གྱིས་བརླབས་པའི་སྔགས་སོ། །ཨོཾ་བཛྲ་བྷཱུ་མཱི་ཧཱུྃ། ས་གཞི་ཡོངས་སུ་གཟུང་བའི་སྔགས་སོ། །ཨོཾ་སརྦ་བིགྷྣཱཾ་ཨ་ནུ་སཱ་རཱ་ཡ་ཧཱུྃ་སྭཱ་ཧཱ། ཆུ་དང་ལྕི་བ་བླང་བའི་སྔགས་སོ། །དེ་ནས་ཁྲུ་གང་ལས་མི་ཆུང་བའི་མཎྜལ་བྱུགས་ཏེ། བྱུགས་པ་ཡོངས་སུ་རྫོགས་པ་དང༌། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱནྟུ་སྭཱ་ཧཱ། ཞེས་བརྗོད་དེ་ལག་པ་བཀྲུ་བར་བྱའོ། །དེ་ནས་མེ་ཏོག་གཅིག་བཟུང་སྟེ། ཨོཾ་མ་ཎི་དྷ་རི་བཛྲ་ནི་རཀྵ་རཀྵ་མཾ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་དེ། རང་གི་སྤྱི་བོར་མེ་ཏོག་བཞག་ལ་བདག་ཉིད་བསྲུང་བར་བྱའོ། །དེ་ནས་མཎྜལ་ཟླ་བའི་དཀྱིལ་འཁོར་དུ་དམིགས་ལ། དེ་བཞིན་གཤེགས་པ་ལྔ་དང༌། ལྷ་མོ་བཞི་དགོད་པར་བྱ་སྟེ། སོ་སོའི་སྔགས་ཀྱིས་གནས་ཇི་ལྟ་བ་བཞིན་དུ་རྒྱས་པར་མཆོད་པར་བྱའོ། །དེའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ཙནྡྲ་ཨརྐ་བི་མ་ལེ་སྭཱ་ཧཱ། ཞེས་བརྗོད་པས་ཐམས་ཅད་ཀྱི་གདན་ཟླ་བའི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས། ཨོཾ་ན་མོ་ཨ་ཀྵོ་བྷྱཿཧཱུྃ། ཞེས་བརྗོད་དེ། དབུས་སུ་མེ་ཏོག་གི་ཚོམ་བུ་བཞག་པས་ཧཱུྃ་ལས་བྱུང་བའི་མི་བསྐྱོད་པ་གླང་པོ་ཆེ་དང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་སྔོན་པོ་ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ན་མོ་བཻ་རོ་ཙ་ན་ཨོཾ། ཞེས་བྱ་བས་ཤར་ཕྱོགས་སུ་མེ་ཏོག་གི་ཚོམ་བུ་བཞག་པས། ཨོཾ་ལས་རྣམ་པར་སྣང་མཛད་སེང་གེ་དང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ན་མོ་རཏྣ་སཾ་བྷཱ་ཝ་ཏྲཱཾ། ཞེས་པས་ལྷོ་ཕྱོགས་སུ་མེ་ཏོག་གི་ཚོམ་བུ་བཞག་པས། ཏྲཱཾ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་རྟ་དང་པདྨ་དང་ཉི་མའི་གདན་ལ་བཞུགས་པ། སྐུ་མདོག་སེར་པོ་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཝ་ཧྲཱིཿ ཞེས་པས་ནུབ་ཕྱོགས་སུ་མེ་ཏོག་གི་ཚོམ་བུ་བཞག་པས། ཧྲཱིཿལས་བྱུང་བའི་འོད་དཔག་ཏུ་མེད་པ་རྨ་བྱ་དང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །ཨོཾ་ན་མོ་ཨ་མོ་གྷ་སིདྡྷ་ཁཾ། ཞེས་བྱ་བས་བྱང་ཕྱོགས་སུ་མེ་ཏོག་གི་ཚོམ་བུ་བཞག་པས། ཁཾ་ལས་བྱུང་བའི་དོན་ཡོད་གྲུབ་པ་ནམ་མཁའ་ལྡིང་དང་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་ལྗང་གུ་ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱས་བཞུགས་པའོ། །མི་བསྐྱོད་པ་དང༌། རིན་ཆེན་འབྱུང་ལྡན་དང༌། དོན་ཡོད་གྲུབ་པ་རྣམས་ཀྱི་ཕྱག་གཡོན་པ་རྣམས་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་བཞུགས་པའོ། །མེའི་མཚམས་སུ། ཨོཾ་ན་མོ་ལོ་ཙ་ནཱི་ལྃ། ཞེས་བརྗོད་དེ་མེ་ཏོག་གི་ཚོམ་བུ་བཞག་པས། ལྃ་ལས་བྱུང་བའི་སངས་རྒྱས་སྤྱན་མ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་དཀར་མོ་ཕྱག་གཡས་པ་ན་འཁོར་ལོའི་དཀྱིལ་ན་མིག་གི་འབྲས་བུ་འཛིན་པའོ། །སྲིན་པོར། ཨོཾ་ན་མོ་མཱ་མ་ཀཱི་མཱྃ། ཞེས་བརྗོད་དེ་མེ་ཏོག་གི་ཚོམ་བུ་གཅིག་བཞག་པས། མྃ་ལས་བྱུང་བའི་མཱ་མ་ཀཱི་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྐུ་མདོག་སྔོན་མོ་ཕྱག་གཡས་པ་ན་རྡོ་རྗེ་འཛིན་པའོ། །རླུང་དུ། ཨོཾ་ན་མཿཔཎྜ་རཱི་པྃ། ཞེས་བརྗོད་དེ་མེ་ཏོག་གི་ཚོམ་བུ་གཅིག་བཞག་པས། པྃ་ལས་བྱུང་བའི་གོས་དཀར་མོ་སྐུ་མདོག་དམར་མོ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཕྱག་གཡས་པ་ན་པདྨ་དམར་པོ་འཛིན་པའོ། །ལྷ་མོ་དེ་གསུམ་གྱི་ཕྱག་གཡོན་པ་ནི་གདན་ལ་བརྟེན་པའོ། །དབང་ལྡན་དུ། ཨོཾ་ན་མསྟཱ་རཱ་ཏཱྃ། ཞེས་བརྗོད་དེ་མེ་ཏོག་གི་ཚོམ་བུ་བཞག་པས། ཏཱྃ་ལས་བྱུང་བའི་སྒྲོལ་མ་སྐུ་མདོག་ལྗང་གུ་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ཕྱག་གཡས་མཆོག་སྦྱིན། གཡོན་ཨུཏྤལ་འཛིན་པའོ། །དེ་ལ་དེ་བཞིན་གཤེགས་པ་རྣམས་ནི་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ཡིན་ལ། ལྷ་མོ་རྣམས་ནི་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱི་པདྨའི་འོག་ན་རིན་པོ་ཆེའི་ཁྲི་ཡོད་པ་ཡིན་ལ། ཁྲི་འདེགས་པ་ནི་སེང་གེ་དང་གླང་པོ་ཆེ་ལ་སོགས་པ་སྲོག་ཆགས་རྣམས་ཡིན་ནོ། །དེའང་ཕྱོགས་རེ་ན་སྲོག་ཆགས་ཟུང་རེའམ་བཞི་བཞི་ཡིན་ཞེས་གསུང་ངོ༌། །ལྷ་ཐམས་ཅད་ཟླ་བའི་རྒྱབ་ཡོལ་ཅན། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཅན། དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། རང་རང་གི་སྐུ་མདོག་དང་མཐུན་པའི་དར་གྱི་སྟོད་གཡོགས་བསྣམས་པ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ལྔའི་ངོ་བོ་ཡིན་ལ། ལྷ་མོ་རྣམས་ནི་ཚད་མེད་བཞིའི་རང་བཞིན་ཅན་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པས་གཙོར་བྱས་པའི་དེ་བཞིན་གཤེགས་པ་ཕྱི་མཆོད་པའི་རྟེན་ཡིན་ནོ། །ཡི་དམ་གྱི་ལྷ་དཔའ་བོ་གཅིག་པ་མཆོད་པར་འདོད་ན་ཡང་རང་གི་རིགས་པས་ཤེས་པར་བྱ་སྟེ། དེའང་ཕྱག་ན་རྡོ་རྗེའམ། མི་གཡོ་བ་ལྟ་བུ་ཡིན་ན་དབུས་སུ་བཞུགས་སུ་བཅུག་ལ། དེའི་དབུ་ལ་མི་བསྐྱོད་པ་བསམ་པར་བྱའོ། །ཡང་སྤྱན་རས་གཟིགས་སམ། རྟ་མགྲིན་ལྟ་བུ་ཡི་དམ་ཡིན་ན་དབུས་སུ་བཞུགས་སུ་བཅུག་ལ། དེའི་དབུ་ལ་འོད་དཔག་ཏུ་མེད་པ་བསམས་ཏེ། མི་བསྐྱོད་པ་ནུབ་ཏུ་བཞུགས་པར་བྱའོ། །སྒྲོལ་མ་ལྟ་བུ་ཡིན་ན་དབུས་སུ་སྒྲོལ་མ་བཞུགས་སུ་བཅུག་ལ། བྱང་ཤར་དུ་མི་བསྐྱོད་པ་བཞུགས་སུ་གཞུག་གོ །ཡང་ན་རིགས་ལྔའི་གཙོ་བོ་འཕོ་བ་ལས། ལྷ་མོ་རྣམས་གཙོ་བོ་མི་འཕོ་སྟེ། སྒྲོལ་མ་ལྟ་བུ་ཡིན་ན་སྒྲོལ་མ་གཉིས་སུ་བྱས་པའི་བྱང་ཤར་དང༌། དབུས་སུ་སྒྲོལ་མ་བཞུགས་སུ་བཅུག་ལ། དབུས་ཀྱི་སྒྲོལ་མའི་དབུ་ལ་དོན་ཡོད་གྲུབ་པ་བསམ་ཞིང༌། བྱང་དུ་མི་བསྐྱོད་པ་གཞུག་པར་བྱའོ། །མདོར་ན་རིགས་དང་རིགས་ཀྱི་བདག་པོ་གང་དབུས་སུ་བཞུགས་པ་དེའི་གནས་སུ་མི་བསྐྱོད་པ་བཞུགས་པར་བྱའོ། །ཆོ་ག་གཞན་རྣམས་ནི་སྔ་མ་བཞིན་དུའོ། །ཡི་དམ་གྱི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའི་མེ་ཏོག་གི་ཚོམ་བུ་ནི་རང་རང་གི་རྒྱུད་དང་བསྟན་བཅོས་ཀྱི་སྟེང་དུ་ཤེས་པར་བྱ་བས་འདིར་མ་བྲིས་སོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས། ཡེ་ཤེས་པ་སྤྱན་དྲང་བར་བྱ་སྟེ། ཨོཾ་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎི་ཀཱ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ས་མ་ཡ་སྟྭཾ། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ། མེ་ཏོག་གི་ཚོམ་བུའི་ལྷ་ལ་བསྟིམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་མངོན་སུམ་ལྟ་བུར་དམིགས་ལ། ཚིགས་སུ་བཅད་པ་རྒྱས་བསྡུས་གང་ཡང་རུང་བས་ཕྱག་བྱའོ། །དེ་ནས་དངོས་སུ་འབྱོར་པའི་མཆོད་པ་ཇི་ལྟར་གྲུབ་པ་བཤམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསངས་ཏེ། རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ལ། དེ་ནས་དབུལ་བར་བྱ་སྟེ། དེ་ཡང་སྔོན་དུ་དེ་བཞིན་གཤེགས་པའི་མཚན་བརྗོད། དེ་ནས་མཆོད་པའི་དངོས་པོའི་སྔགས་བརྗོད་ཅིང་དབུལ་ཏེ། དེ་ཡང༌། ཨོཾ་ན་མོ་ཨ་ཀྵོ་བྷྱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཞེས་བྱ་བ་ནས། ཨོཾ་ན་མ་ཏཱ་རཱ་ཏཱྃ། ཨོཾ་བཛྲ་པུཥྤེཿཨཱཿཧཱུྃ་ཞེས་བྱ་བའི་བར་གྱིས་མེ་ཏོག་གི་ཚོམ་བུའི་སྟེང་དུ་མེ་ཏོག་སྤུང་ཞིང་འབུལ། དེ་བཞིན་དུ་མཆོད་པའི་རྫས་ལག་ཏུ་བླང་ཞིང༌། རང་རང་གི་སྔགས་བརྗོད་ཅིང་དབུལ་ཏེ། ཨོཾ་བཛྲ་དྷཱུཔྤེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་བྱ་བའི་བར་གྱིས་མཆོད་པ་ལྔ་དང༌། དེ་བཞིན་དུ་རོལ་མོ་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་དབུལ་བར་བྱ་སྟེ། དེ་ཡང་མཆོད་པ་ཐམས་ཅད་བྱིན་གྱིས་བརླབ་པའི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབས་ལ་འབུལ། དེ་ནས་ཡིད་ཀྱིས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་སྤྲུལ་ལ། ན་མསྶ་མནྟ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་བྱ་བས་དབུལ་བར་བྱའོ། །དེ་ནས་གྲུབ་ན་དེའི་དྲུང་དུ་མཆོད་པའི་མཎྜལ་རྣམས་འབུལ་ལོ། །དེ་ནས་འོག་ནས་འབྱུང་བའི་ཚུལ་གྱིས་ཡན་ལག་བདུན་པ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་དག་པར་བླང༌། སངས་རྒྱས་རྗེས་སུ་དྲན་པ་དང་ཕུང་པོ་གསུམ་པའང་བརྗོད་པར་བྱས་ལ། ལྷག་ཆད་ཁ་བསྐང་བའི་ཕྱིར་ཡི་གེ་བརྒྱ་པའང་བརྗོད་དོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་མུ་མུ་མུཿསྭཱ་ཧཱ། ཞེས་བརྗོད་དེ། སྲིན་ལག་གིས་ས་ལ་རེག་ཅིང་ཡེ་ཤེས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ། དམ་ཚིག་གི་འཁོར་ལོ་བསྡུས་ལ་སྲིན་ལག་རང་གི་དཔྲལ་བ་ལ་སོགས་པར་གཏུག་པར་བྱའོ། །བདག་གིས་དགེ་བའི་རྩ་བ་འདིས་བགྱིས་པས། །འཇིག་རྟེན་རིང་པོར་མི་ཐོགས་སངས་རྒྱས་ནས། །དེ་ཀུན་འགྲོ་ལ་ཕན་ཕྱིར་དམ་ཆོས་ཀྱིས། །སེམས་ཅན་སྡུག་བསྔལ་མང་གདུང་གྲོལ་གྱུར་ཅིག །ཅེས་རྗོད་ལ་བསོད་ནམས་བསྔོ་བར་བྱའོ། །འདི་ནི་བསྒྲུབ་པའི་མཎྜལ་ལ་བརྟེན་ཏེ་བྱ་བའི་ཆོ་ག་རྒྱས་པ་སྟེ། ཕན་ཡོན་ནི་འོག་ནས་བརྗོད་པར་བྱའོ། །ཡང་བསྒྲུབ་པའི་མཎྜལ་མི་ནུས་ན་དཀོན་མཆོག་གི་རྟེན་གྱི་དྲུང་དུ་བྱ་བའི་ཆོ་ག་རྒྱས་པ་ནི་སངས་རྒྱས་སམ། ཆོས་སམ། དགེ་འདུན་གྱི་རྟེན་བྲིས་པའམ། བརྡུངས་པའམ། བླུགས་པའམ། བརྐོས་པའམ། རྒྱས་བཀོལ་བ་ལ་སོགས་པའི་རྟེན་གྱི་སྤྱན་སྔར་མཆོད་ཡོན་ལ་སོགས་པ་ཇི་ལྟར་འབྱོར་པ་རྣམས་བཤམས་ལ། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས་གོང་དུ་བརྗོད་པའི་བསྒྲུབ་པའི་མཎྜལ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བའི་སྔགས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྟེན་དེ་དག་ལ་སྤྱན་དྲངས་ལ། ཇི་ལྟར་བློ་ལ་ཡོད་པའི་ཚིགས་སུ་བཅད་པ་དག་གིས་དེ་དག་གི་ཞབས་ལ་སྤྱི་བོས་གཏུག་པར་བསམ་ཞིང་ཕྱག་བྱའོ། །དེ་ནས་མཆོད་པའི་ཡོ་བྱད་ཐམས་ཅད་བདུད་རྩི་འཁྱིལ་བས་བསངས་ལ། ཧཱུྃ་ལས་བྱུང་བའི་མཆོད་པའི་ཡོ་བྱད་ཐམས་ཅད་དྭངས་ཤིང་ཐོགས་པ་མེད་པར་བསམས་ལ། རང་རང་གི་སྔགས་ཀྱི་བྱིན་གྱིས་བརླབས་ལ་དབུལ་བར་བྱ་སྟེ། དེ་ཡང་ཐོག་མར་སྐུ་བཀྲུ་བའི་མཆོད་པ་ཞེས་བྱ་བ་ལུགས་མ་ལ་སོགས་པ་དངོས་སུ་བཀྲུ་བར་འདོད་པ་རྣམས་ནི་འཁྲུས་སའི་སྟེགས་བུའམ། སྣོད་ཀྱི་ནང་དུ་སྤྱན་དྲངས་ལ་དངོས་སུ་བཀྲུ། དངོས་སུ་བཀྲུར་མི་འདོད་པ་རྣམས་ནི་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ་བཀྲུ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བྱ་བ་དང༌། ཨོཾ་ཨ་མ་ལེ་བི་མ་ལེ་ནིརྨ་ལེ་སྭ་བྷཱ་ཝ་ཤུདྡྷེ་སྭཱ་ཧཱ། ཞེས་བརྗོད་ལ་དྲི་ཞིམ་པོའི་ཆུས་སྐུ་ཁྲུས་གསོལ་ཏེ། ཨོཾ་ཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད་དེ་རས་དཀར་པོས་སྐུ་ཕྱིའོ། །དེ་ནས་ཨོཾ་ཨཱཿབཛྲ་ཝསྟྲ་ཧཱུྃ། ཞེས་བྱ་བ་བརྗོད་པས་རབ་ཏུ་བྱུང་བ་དང༌། ཁྱིམ་པའི་ཆ་ལུགས་ཅན་རྣམས་ལ་རང་རང་གི་རྟགས་དང་མཐུན་པའི་ན་བཟའ་དབུལ། ཨོཾ་བཛྲ་ཨ་ལངྐཱ་ར་ཧཱུྃ། ཞེས་བརྗོད་པས་ཇི་སྙེད་པའི་རྒྱན་དབུལ། དེ་ནས་འོག་ནས་འབྱུང་བའི་ཚུལ་གྱིས་མཎྜལ་ཕུལ་ལ། མཆོད་པ་གཞན་གྱིས་མཆོད་པ་ནི། སྔར་བྱིན་གྱིས་བརླབས་པ་རྣམས་ལག་ཏུ་བླང་ཞིང་ཆུ་རྣམས་ནི་བཟེད་ཞལ་དུ་དབུལ། མེ་ཏོག་རྣམས་ནི་དབུ་ལ་གཏོར། བདུག་སྤོས་རྣམས་ནི་ཤངས་ལ་དབུལ། མར་མེ་རྣམས་ནི་སྤྱན་ལ་དབུལ། དྲི་རྣམས་ནི་ཐུགས་ཀར་དབུལ། ཞལ་ཟས་རྣམས་ནི་ཞལ་ལ་དབུལ་ལོ། །དེ་དག་གི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པ་ནི་མཆོད་ཡོན་གྱི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནི་མེ་ཏོག་གི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་དྷཱུཔྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནི་བདུག་སྤོས་ཀྱི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནི་མར་མེའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནི་དྲིའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ནཻ་ཝི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་པ་ནི་ཞལ་ཟས་ཀྱིས་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་གྷཎྜེ་ར་ཎ། པྲ་ར་ཎ། སཾ་པྲ་ར་ཎ་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པཱ་ར་མི་ཏཱ་སཾ་བྷ་ཝེ་ཏ། བཛྲ་དྷརྨ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཨ་ཁཾ་སྭཱ་ཧཱ། ཞེས་པ་ནི་རོལ་མོ་དབུལ་བའི་སྔགས་སོ། །གཞན་ཡང་སྤྲོས་པ་ལ་དགའ་ན་གཞུང་གཞན་ལས་འབྱུང་བས་ཀྱང་མཆོད་པར་བྱའོ། །དེ་ནས་བཟང་པོ་སྤྱོད་པ་ནས་འབྱུང་བ་བཞིན་དུ་ཡན་ལག་བདུན་པ་བྱ་སྟེ། དེ་ཡང་འདི་སྐད་དུ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པའི་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱི་མའི་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །དེ་དག་ཀུན་ལ་རྗེས་སུ་བདག་ཡི་རང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོལ་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པ་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང༌། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གིས་དགེ་བའི་རྩ་བ་འདི་ཀུན་ཡང༌། །བཟང་པོར་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་བྱ་བ་ནི་ཡན་ལག་བདུན་པའི་ཆོ་གའོ། །དེ་ནས་ཡང་བྱང་ཆུབ་ཀྱི་སེམས་གཟུང་བར་བྱ་སྟེ། འཕགས་པ་རྡོ་རྗེ་གུར་ལས་འབྱུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་བཟུང་ལ། ཡང་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པས་རྒྱུད་སྦྱང་བར་བྱ་སྟེ། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲཱ་པྲ་ཏི་ཧ་ཏཱ་པཱཔྟི་དྷརྨ་ཏཱ་བ་ལི་ནཱཾ། ཨཱོཾ་ཨ་ས་མ་ས་མ་ས་མནྟོ྅་ནནྟཱ་པཱཔྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ། ས་ར་ས་ར་ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན། མ་ཧཱ་བ་ར་ལ་ཀྵ་ཎེ། ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། འདི་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་ཞིང༌། ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར་རོ། །ཡང་སངས་རྒྱས་རྗེས་སུ་དྲན་པ་དང༌། ཕུང་པོ་གསུམ་པའི་ཆོས་ཀྱི་རྣམ་གྲངས་གདོན་པར་བྱའོ། །དེ་ནས་མཆོད་པའི་མཎྜལ་བྱ་བའི་ཆོ་ག་སྔར་བྱས་ཀྱང་བཏུབ། དམ་པའི་ཆོས་ལ་སོགས་པ་མཆོད་པར་བྱ་བའི་དོན་དུ་སྐབས་འདིར་བྱས་ཀྱང་བཏུབ། བླ་མ་ལ་སོགས་པ་མཆོད་པའི་དོན་དུ་གནས་སྐབས་གཞན་གང་བདེར་བྱས་ཀྱང་བཏུབ་བོ། །དེ་ཡང་ཚོམ་བུ་ཉི་ཤུ་རྩ་གསུམ་པ་དང༌། བཅུ་དགུ་པ་དང༌། བཅུ་བདུན་པ་དང༌། བདུན་པ་དང་ལུགས་བཞི་གང་གྲུབ་པ་སྟེ། ཐམས་ཅད་དུའང་གཞི་ཁྲུ་གང་ལས་མི་ཆུང་བ་ཡིན་ནོ། །དེ་ལ་དང་པོ་བརྗོད་ན། སེམས་བསྐྱེད་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་བྷཱུ་མཱི་ཨཱཿཧཱུྃ། ཞེས་བརྗོད་དེ། ལྕི་བ་ཆུ་དང་བཅས་པས་ས་ཕྱོགས་བྱུག་པར་བྱའོ། །དེ་ནས་མཎྜལ་གྱི་དབུས་སུ་མེ་ཏོག་བཞག་སྟེ། ཨོཾ་བཛྲ་རེ་ཁོ་ཨཱཿཧཱུྃ། ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མེ་ཏོག་དགྲམ་པའི་སྔགས་ནི། ཨོཾ་ཧྃ་མ་དྷྱཱ་མེ་ར་ཝེ་ན་མཿ ཞེས་པས་དབུས་སུ་མེ་ཏོག་བཞག་པས་རི་རབ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། དཔག་བསམ་གྱི་ཤིང་ལ་སོགས་པ་ལྷའི་ལོངས་སྤྱོད་དུ་མས་གང་བར་བསམ་མོ། །ཨོཾ་ཡྃ་པཱུརྦ་དྭཱི་པཱ་ཡ་ན་མཿ ཞེས་པས་ཤར་དུ་མེ་ཏོག་བཞག་པས་ཤར་ལུས་འཕགས་ཀྱི་གླིང་དུ་བསམ་མོ། །དེ་བཞིན་དུ་རྃ་ཛམྦཱུ་དྭཱི་པཱ་ཡ་ན་མཿ ཞེས་པས་ལྷོ་འཛམ་བུའི་གླིང་ངོ༌། །ཨོཾ་ལྃ་ཨ་ཝ་ར་གོ་ད་ནི་ཡེ་ན་མཿ ཞེས་པས་ནུབ་བ་ལང་སྤྱོད་དོ། །ཨོཾ་བྃ་ཨུཏྟ་ར་ཀུ་བེ་ར་ནམཿ ཞེས་པས་བྱང་སྒྲ་མི་སྙན་ནོ། །ཨོཾ་ཡ་ཨུ་པ་དྭཱི་པཱ་ཡ་ན་མཿ ཞེས་ལན་གཉིས་སུ་བརྗོད་དེ། ཤར་གྱི་མཆན་གཡས་གཡོན་གཉིས་སུ་བཞག་སྟེ། ལུས་འཕགས་དང་ལུས་འཕགས་གཞན་ནོ། །དེ་བཞིན་དུ་ར་ཨུ་པ་དྭཱི་པཱ་ཡ་ན་མཿ ཞེས་པས་ལྷོའི་གཡས་གཡོན་གཉིས་སུ་བཞག་སྟེ། རྔ་ཡབ་དང་རྔ་ཡབ་གཞན་ནོ། །ཨོཾ་ལ་ཨུ་པ་དྭཱི་པཱ་ཡ་ན་མཿ ཞེས་པས་ནུབ་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་བཞག་སྟེ། གཡོ་ལྡན་དང་ལམ་མཆོག་འགྲོའོ། །ཨོཾ་བ་ཨུ་བ་དྭཱི་པཱ་ཡ་ན་མཿ ཞེས་པས་བྱང་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་བཞག་སྟེ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླའོ། །དེ་ནས་ནང་གི་ཕྱོགས་དང་མཚམས་སུ། ཨོཾ་ཡྃ་ག་ཛ་རཏྣ་ཡ་ན་མཿ ཞེས་པས་ཤར་དུ་གླང་པོ་རིན་པོ་ཆེའོ། །ཨོཾ་རྃ་པུ་རུ་ཥ་རཏྣ་ཡ་ན་མཿ ཞེས་པས་ལྷོར་བློན་པོ་རིན་པོ་ཆེའོ། །ཨོཾ་ལྃ་ཨ་ཤྭ་རཏྣཱ་ཡ་ན་མཿ ཞེས་པས་ནུབ་ཏུ་རྟ་རིན་པོ་ཆེའོ། །ཨོཾ་བྃ་སྟྲཱི་རཏྣ་ཡ་ན་མཿ ཞེས་པས་བྱང་དུ་བཙུན་མོ་རིན་པོ་ཆེའོ། །ཨོཾ་ཡྃ་ཁཌྒ་རཏྣཱ་ཡ་ན་མཿ ཞེས་པས་ཤར་ལྷོར་རལ་གྲི་རིན་པོ་ཆེའོ། །ཨོཾ་རྃ་མ་ཎི་རཏྣཱ་ཡ་ན་མཿ ཞེས་པས་ལྷོ་ནུབ་ཏུ་ནོར་བུ་རིན་པོ་ཆེའོ། །ཨོཾ་ལྃ་ཙཀྲ་རཏྣཱ་ཡ་ན་མཿ ཞེས་པས་ནུབ་བྱང་དུ་འཁོར་ལོ་རིན་པོ་ཆེའོ། །ཨོཾ་བྃ་སརྦ་ནི་དྷི་ནི་བྷྱོ་ན་མཿ ཞེས་པས་བྱང་ཤར་དུ་གཏེར་གྱི་བུམ་པའོ། །ཡང་ན་ནི་ཤར་དུ་ཨོཾ་སཱུརྻཱ་ཡ་ན་མཿ ཞེས་པས་ཉི་མའོ། །ནུབ་ཏུ་ཨོཾ་ཨོཾ་ཙནྡྲཱ་ཡ་ན་མཿ ཞེས་པས་ཟླ་བའོ། །འདི་རྣམས་ནི་རི་རབ་དང༌། གླིང་བཞི་དང༌། གླིང་ཕྲན་བརྒྱད་དང༌། རིན་པོ་ཆེ་སྣ་བདུན་དང༌། གཏེར་ཆེན་པོ་བརྒྱད་དང༌། ཉི་མ་དང༌། ཟླ་བ་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་བར་དམིགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འམ། བླ་མའམ། ཆོས་སམ། གང་ཡང་རུང་བ་ལ་དབུལ་བར་བྱའོ། །འདི་ནི་བླ་མ་རྡོ་རྗེ་གདན་པའི་གཞུང་གི་ཚོམ་བུ་ཉི་ཤུ་རྩ་གསུམ་མོ། །ཡང་སློབ་དཔོན་ཛེ་ཏཱ་རིའི་གཞུང་གི་ཚོམ་བུ་བཅུ་བདུན་པ་ནི། བྱུག་པ་ལ་སོགས་པ་ཆོ་ག་གོང་དང་འདྲ་ལ། ཚོམ་བུ་དགོད་པ་དང་སྔགས་བག་ཙམ་མི་འདྲ་བ་ནི། དབུས་སུ། ཨོཾ་ཧཾ་ཨཱརྻ་མེ་ར་བི་སྭཱ་ཧཱ། ཞེས་པ་ནི་རི་རབ་བོ། །དེ་བཞིན་དུ་ཤར་ལུས་འཕགས་པོར། ཨོཾ་ཡྃ་པཱུརྦ་དྷཱི་པཱ་ཡ་སྭཱ་ཧཱ། ལྷོ་འཛམ་བུ་གླིང་དུ། ཨོཾ་རྃ་ཛམྦུ་དྭཱི་པཱ་ཡ་སྭཱ་ཧཱ། བྱང་སྒྲ་མི་སྙན་དུ། ཨོཾ་ལྃ་ཨུཏྟར་ཀུ་བེ་ར་སྭཱ་ཧཱ། ནུབ་བ་ལང་སྤྱོད་དུ། ཨོཾ་བྃ་ཨ་བ་རཱ་གོ་ད་བ་རི་ཡེ་སྭཱ་ཧཱ། མེར། ཨོཾ་མྃ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ཤར་གྱི་གླིང་གཡོག་གོ །སྲིན་པོར། ཨོཾ་རཾ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ལྷོའི་གླིང་གཡོག་གོ །དབང་ལྡན་དུ། ཨོཾ་ལྃ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། བྱང་གི་གླིང་གཡོག་གོ །རླུང་དུ། ཨོཾ་བྃ་ཨུ་པ་དྭཱི་པཱ་ཡ་སྭཱ་ཧཱ། ནུབ་ཀྱི་གླིང་གཡོག་གོ །བར་གྱི་ཤར་དུ། ཨོཾ་ཡྃ་ག་ཛ་རཏྣཱ་ཡ་སྭཱ་ཧཱ། གླང་པོ་རིན་པོ་ཆེའོ། །ལྷོར། ཨོཾ་རྃ་པུ་རུ་ཥ་རཏྣཱ་ཡ་སྭཱ་ཧཱ། བློན་པོ་རིན་པོ་ཆེའོ། །ནུབ་ཏུ། ཨོཾ་ལྃ་སྟྲཱི་རཏྣ་ཡ་སྭཱ་ཧཱ། ཞེས་པས་བཙུན་མོ་རིན་པོ་ཆེའོ། །བྱང་དུ་ཨོཾ་བྃ་ཨ་ཤྭ་རཏྣཱ་ཡ་སྭཱ་ཧཱ། རྟ་རིན་པོ་ཆེའོ། །མེར། ཨོཾ་ཡྃ་ཁཌྒ་རཏྣཱ་ཡ་སྭཱ་ཧཱ། རལ་གྲི་རིན་པོ་ཆེའོ། །སྲིན་པོར། ཨོཾ་རྃ་མ་ཎི་རཏྣཱ་ཡ་སྭཱ་ཧཱ། ནོར་བུ་རིན་པོ་ཆེའོ། །དབང་ལྡན་དུ། ཨོཾ་ལྃ་སརྦ་ནི་དྷི་རཏྣེ་བྷྱཿསྭཱ་ཧཱ། གཏེར་གྱི་བུམ་པའོ། །རླུང་དུ། ཨོཾ་བྃ་ཙཀྲ་རཏྣ་ཡ་སྭཱ་ཧཱ། འཁོར་ལོ་རིན་པོ་ཆེའོ། །ཡང་དབུས་སུ་མེ་ཏོག་བཞག་ལ། ལྷ་དང་མིའི་ལོངས་སྤྱོད་ཐམས་ཅད་ཡོད་པར་བསམས་ཏེ། བླ་མ་ལ་སོགས་པ་ལ་དབུལ་བར་བྱ་བ་ནི། ཚོམ་བུ་བཅུ་བདུན་པའོ། །འདི་ལ་ཉི་མ་དང་ཟླ་བ་རི་རབ་ཀྱི་ཤར་ནུབ་གཉིས་སུ་སྔགས་དང་བཅས་ནས་འགོད་པ་ནི་ཚོམ་བུ་བཅུ་དགུ་པའོ། །ཞེས་བླ་མ་རྣམས་ཀྱི་གསུང་ཡིན་ནོ། །ཡང་དབུས་སུ་རི་རབ་དང༌། ཕྱོགས་བཞི་རུ་གླིང་བཞི་དང༌། ཤར་ནུབ་གཉིས་སུ་ཉི་ཟླ་དང༌། རི་རབ་ཀྱི་སྟེང་དུ་ལྷའི་ལོངས་སྤྱོད་ཡོད་པར་བསམ་པ་ནི་རང་རང་གི་སྔགས་དང་བཅས་ནས་བཀོད་ན་ཡང་ལེགས། སྔགས་མེད་པར་བཀོད་ཀྱང་ཉེས་པ་མེད་དེ། འདི་ནི་རྟག་ཏུ་བྱ་བའི་ཚོམ་བུ་བདུན་པའི་ཆོ་གའོ། །དེ་ལྟར་བསྒྲུབ་པའི་མཎྜལ་དང༌། མཆོད་པའི་མཎྜལ་གོང་ལྟར་བྱས་ཀྱང་རུང་སྟེ། དེ་དག་གི་ཕན་ཡོན་ནི། ཆུར་བཅས་ལྕི་བ་སྦྱིན་པ་སྟེ། །ལེགས་བྱུགས་བཟོད་པ་ཚུལ་ཁྲིམས་ནི། །སྲོག་ཆགས་ཕྲ་མོ་སེལ་བྱེད་ཅིང༌། །བྱ་བ་ལྡང་བ་བརྩོན་འགྲུས་ཏེ། །དེ་དབུས་རྩེ་གཅིག་ཡིད་བསམ་གཏན། །ཤེས་རབ་ཆེས་ལེགས་བྱུགས་པ་ཡིན། །སངས་རྒྱས་དཀྱིལ་འཁོར་བྱས་པ་ཡིས། །ཕ་རོལ་ཕྱིན་དྲུག་ཐོབ་པར་འགྱུར། །འདི་ནི་བདེ་གཤེགས་ཁང་བཟངས་ཀྱིས། །ལུས་ཀྱི་ལས་ནི་བྱས་པ་ཡིས། །ནད་ཀུན་ལས་ནི་གྲོལ་འགྱུར་ཞིང༌། །གསེར་གྱི་མདོག་ཏུ་འགྱུར་བ་ཡིན། །ལྷ་དང་མི་ལས་ཁྱད་འཕགས་ཤིང༌། །ཟླ་བ་ལྟ་བུར་གསལ་བའི་ལུས། །ནོར་དང་གསེར་ནི་འཕེལ་འགྱུར་ཏེ། །རྒྱལ་རིགས་དག་ཏུ་སྐྱེ་བར་འགྱུར། །འཇིག་རྟེན་གསུམ་གྱི་མཆོད་པ་ཡིས། །སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་འགྱུར། །མཎྜལ་གྱི་གཏམ་བརྗོད་པའི་སྐབས་ནས་ཕྱུང་སྟེ། ཚིགས་བཅད་བརྗོད་ཅིང་བྱུག་པར་བྱའོ་ཞེས་ཀྱང་གསུང་ངོ༌། །དེ་ལྟ་བུའི་མཆོད་པའི་མཎྜལ་གྱི་སྟེང་དུ་དམ་པའི་ཆོས་ཀྱི་ཁྲིའུ་ལ་སོགས་པ་གཞག་པར་བྱ་བ་ཡིན་གྱི། ལྷའི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པའི་མཎྜལ་གྱི་སྟེང་དུ་ནི་ཆོས་ཀྱི་ཁྲིའུ་ལ་སོགས་པ་གཞག་པར་མི་བྱ་སྟེ། དང་པོའི་སངས་རྒྱས་ཀྱི་རྒྱུད་ཆེན་པོ་ལས། རང་འདོད་པའི་ལྷའི་སྟེང་དུ་ཁྲིའུ་ལ་སོགས་པ་བཞག་ན་དངོས་གྲུབ་ཉམས་པར་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་དཀོན་མཆོག་མཆོད་ནས་མདོ་བཀླག་པའམ། འབྱུང་པོ་ལ་གཏོར་མ་སྦྱིན་པ་སྔོན་ལ་གང་བྱས་ཀྱང་འགལ་བ་ནི་མེད་དོ། །དེ་ལ་དང་པོ་མདོ་བཀླག་པ་བརྗོད་ན། རང་གི་ཡི་དམ་ལྷའི་བྱེ་བྲག་གིས་མཚན་ཡང་དག་པར་བརྗོད་པའམ། དོན་ཡོད་ཞགས་པ་ལྟ་བུའམ། ཡང་མདོར་བསྡུས་ཏེ་འདོན་པར་འདོད་ན་ཡང་ལྟ་བ་ངན་སེལ་ལས། ཚིགས་བཅད་གཅིག་དང་ཚིགས་བཅད་གཉིས། །ཚིགས་བཅད་བཞི་དང་སྒོ་དྲུག་པའི། །གཟུངས་དང་བཟང་པོར་སྤྱོད་པའོ། །ཞེས་གསུངས་པས་ཕྱག་རྒྱ་ལྔའི་མདོ་གདོན་པར་བྱའོ། །ཡང་ན་དེ་ཉིད་ལས། ཡི་གེ་གཅིག་ནས་ཉེར་བཟུང་སྟེ། །འབུམ་གྱི་བར་དུ་མཉམ་གཞག་པས། །ཡིད་དེ་ཉམས་པ་མེད་པ་ཡིས། །བློ་ལྡན་ཇི་ལྟར་རྙེད་པ་དཀའ། །ཞེས་གསུངས་པས་ན་མང་དུ་བཀླག་པར་བྱའོ། །ཡང་ན་ཐེག་པ་ཆེན་པོའི་མདོ་ལྔ་གདོན་པར་བྱ་སྟེ། ཇི་སྐད་དུ། ས་བཅུའི་ཟླ་བའི་སྒྲོན་མ་ལངྒའི་གྲོང༌། །སྡོང་པོས་བརྒྱན་པ་དག་དང་རྒྱལ་བའི་ཡུམ། །འདི་དག་བཀླག་ཅིང་མཆོད་པ་བྱས་པ་ཡིས། །བསྟོད་པ་གར་གྱིས་ཁྱོད་ལ་ཅི་བྱར་ཡོད། །ཅེས་གསུངས་པས་ན་དེ་དག་གདོན་པར་བྱའོ། །མདོ་འདོན་པའི་མན་ངག་ནི། སངས་རྒྱས་རྗེས་སུ་དྲན་པ་སྔོན་དུ་སོང་ནས་མདོ་དེ་ཉིད་ཀྱི་དོན་ཤེས་ཤིང་དྲན་པར་འདོན་ནོ། །ཡང་བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་རང་བཞིན་མེད་པར་དྲན་པར་བྱས་ལ། དེའི་ངང་ལ་གདོན་པར་བྱ་སྟེ་བསྡུས་པའོ། །མདོ་འདོན་པའི་མན་ངག་རྒྱས་པར་འདོད་ན་ལོགས་སུ་བཙལ་བར་བྱའོ། །དེ་ནས་ཛམྦྷ་ལ་ལ་ཆུ་སྦྱིན་པར་འདོད་ན་མན་ངག་ལོགས་སུ་བཙལ་བར་བྱའོ། །དེ་ནས་གཏོར་མ་སྦྱིན་པར་བྱ་སྟེ། ཅིས་ཀྱང་ཟས་མ་ཟོས་པའི་སྔོན་དུ་འཇུག་པ་སུ་རཱུ་པའི་གཏོར་མ་གཏོང་བར་འདོན་ན་སྔར་ཁྲུས་བྱས་སམ། ཡང་ན་ཁྲུས་མ་གྲུབ་ན་ཁ་བཤལ་ཏེ་གཏོར་མའི་ཟན་ཆུ་དང་བཅས་པ་མདུན་དུ་བཞག་ལ། རང་དེ་བཞིན་གཤེགས་པ་གཟུགས་མཛེས་ཡིན་ནོ་སྙམ་པ་ལས་ཁ་དོག་དང་དབྱིབས་ནི་དྲན་མི་དགོས། དེ་ནས་ནམ་མཁའི་མཐའ་དང་མཉམ་པའི་ཡི་དྭགས་ཐམས་ཅད་ཚིམ་པར་བྱ་བའི་བསམ་པས་སྔགས་འདི་བརྗོད་པར་བྱའོ། །ན་མཿསུ་རཱུ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་སུ་རུ་སུ་རུ། པྲ་སུ་རུ་པྲ་སུ་རུ། ཏ་ར་ཏ་ར། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། སྨ་ར་སྨ་ར། སནྟརྤ་ཡ་སནྟརྤ་ཡ། སརྦ་པྲེ་ཏཱ་ནཱཾ་སྭཱ་ཧཱ། ཞེས་པའི་གཟུངས་འདི་ལན་བདུན་ཡོངས་སུ་བཟླས་ཤིང་སེ་གོལ་གྱི་སྒྲ་ལན་གསུམ་བྱས་ནས་དབེན་པའི་ས་ཕྱོགས་སུ་ཡི་དྭགས་ཐམས་ཅད་ལ་སྦྱིན་པར་བྱ་སྟེ། དེ་ནས་ཡི་དྭགས་ཐམས་ཅད་ཕན་ཚུན་འབྱོར་བའི་གོ་དབྱེ་བའི་སྔགས་བརྗོད་པས་ཐམས་ཅད་ཀྱིས་ཐོབ་ཅིང་ཚིམ་པར་བསམས་ལ། འདི་བརྗོད་པར་བྱའོ། །ཨ་པ་ས་རནྟུ། ཨ་ཝ་ཏཱ་ར་སརྦ་པྲེ་ཀྵི་ཎོ་དྡཱ་མྱ་ཧཾ། སརྦྦ་ལོ་ཀ་དྷཱ་ཏུ་བྷ་སི་ནཱཾ་པྲེ་ཏཱ་ནཱ་མཱ་ཧ་ར་སྭཱ་ཧཱ། ཞེས་བྱའོ། །དེ་ལྟར་ཡི་དྭགས་ཐམས་ཅད་ཀྱིས་འབྲས་ཉག་གཅིག་ལས་བྲེ་རེ་རེའི་བཟའ་བ་སོ་སོར་ཐོབ་པར་འགྱུར་རོ། །དབུལ་བར་མི་འགྱུར་ཏེ། སྐྱེ་བ་ནས་སྐྱེ་བར་སྟོབས་ཆེ་བ་དང༌། སྐྱེ་གཟུགས་བཟང་ཞིང་མཐོང་ན་དགའ་བ་དང༌། ཕྱུག་ཅིང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང༌། ཚེ་རིང་བ་དང༌། ནད་མེད་པ་དང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །སུ་རཱུ་པའི་གཏོར་མའི་ཆོ་གའོ། །གཞན་ཡང་གཏོར་མའི་ཆོ་ག་ནི། སེམས་བསྐྱེད་པ་སྔོན་དུ་སོང་ནས་གཏོར་མ་སྦྱིན་པར་བྱ་སྟེ། ཡོ་མོཏྟ་རོཏྟ་མཱ་ཤཾ་སནྟི་སྭཱ་ཧཱ། པྲེ་ཏངྒ་ཏི་ཏ། ཏེ་ཥཱཾ་མ་ཎི་ན་ཧེ་ཏུ་ནི་ཨིཥྚ་སནྟུ་སཾ་པ་ཏདཿ གཏོར་མའི་ཟན་ཆུ་དང་བཅས་པ་ལ་སྔགས་འདི་ལན་གསུམ་བརྗོད་དེ། སེ་གོལ་ལན་གསུམ་གཏོགས་ལ་ཡི་དྭགས་ཀྱི་ཚོགས་ཐམས་ཅད་ཀྱིས་གཏོར་མ་ཐོབ་པར་བསམས་ཏེ་སྦྱིན་ནོ། །འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་སྟེར་བའི་ཕན་ཡོན་གོང་དང་མཚུངས་སོ། །འདི་གཉིས་ནི་ཟས་ཀྱི་སྔོན་དུ་ཅིས་ཀྱང་བྱའོ། །དུས་ཐམས་ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ་མེད་པ་ནི་སྣོད་གཙང་མའི་ནང་དུ་གཏོར་མའི་ཟན་ཆུ་དང་བཅས་པ་ལ་ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཀྱང་བཏུབ། མ་བརླབས་ཀྱང་བཏུབ་སྟེ་ཉེས་པ་མེད་དོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿསརྦ་ཏཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདི་ལན་བདུན་བརྗོད་ལ་ལག་པ་གཡས་པའི་སོར་མོ་ལྔ་བརྐྱང་བ་ལས་བདུད་རྩིའི་རྒྱུན་ཆེན་པོ་བྱུང་ནས། སྣོད་ཡངས་ཤིང་རྒྱ་ཆེ་བ་གང་བས་ནམ་མཁའི་མཐའ་དང་མཉམ་པའི་ཡི་དྭགས་རྣམས་ཚིམ་པར་བསམས་ལ། སེ་གོལ་གསུམ་གསུམ་གདབ་པར་བྱའོ། །ཡང་དེ་བས་རྒྱས་པར་བྱེད་པར་འདོད་ན་སྔགས་བདུན་གྱི་རྗེས་ལ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་གཏོར་མ་དེ་ཇི་ལྟར་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར་པར་བསམ། དེ་བཞིན་གཤེགས་པ་གཟུགས་དམ་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཡི་དྭགས་རྣམས་ཁ་དང་མགྲིན་པ་ཡངས་ཤིང་གཟུགས་མཛེས་པར་བསམ། དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཡི་དྭགས་རྣམས་ཁ་ཟས་ཀྱིས་འགྲངས་པའི་རྗེས་ལ། མེ་མ་མུར་དུ་འགྲོ་བ་ལ་སོགས་པ་ལུས་ཀྱི་མི་མཐུན་པ་རྣམས་ཞི་བར་བསམ། དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཟ་བའི་བར་ལ་འཐབ་པ་དང༌། རྩོད་པ་དང༌། ཕན་ཚུན་འཕྲོག་པའི་འཇིགས་པ་མེད་པར་ཤིན་ཏུ་བདེ་བར་བསམ། དེ་ནས་སེ་གོལ་གྱི་སྒྲ་ལན་བདུན་བརྗོད་ལ་རང་གི་གནས་སུ་གཏང་བར་བྱའོ། །ཆོ་ག་འདི་ཉིད་ཀྱིས་ལྷའི་དྲང་སྲོང་དང༌། ལྷན་ཅིག་སྐྱེས་པའི་ལྷ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་ལ་ཡང་སྦྱིན་པར་བྱའོ། །འདི་ལ་ཁ་ཅིག་སྔགས་ཀྱི་སྔོན་དུ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་པ་མཐོང་སྟེ། དེ་ནི་རྒྱུད་དང་བསྟན་བཅོས་ཐམས་ཅད་ལས་མི་སྣང་བས་རང་དགའ་བ་རྣམས་ཀྱིས་སྦྱར་བ་ཡིན་ནོ། །སྔགས་རྐྱང་པ་ཉེར་གཅིག་ཙམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཡིན་ནོ་ཞེས་ཀྱང་རྒྱུད་ནས་འབྱུང་ངོ༌། །གཏོར་མ་འདི་ཟས་ཀྱི་སྔོན་དུ་བྱ་བའམ། དུས་ཐམས་ཅད་དུ་བྱས་ཀྱང་བར་ཆད་དུ་འགྱུར་བ་ནི་མེད་དོ། །ཡི་དྭགས་ལ་ཆུ་སྦྱིན་པའི་ཆོ་ག་ནི་སེམས་བསྐྱེད་པ་སྔོན་དུ་སོང་བས། ཨོཾ་ཨཱཿཧྲཱིཿཧཱུྃ། ཞེས་བརྗོད་ཅིང་མཆོག་སྦྱིན་གྱི་ཕྱག་རྒྱས་སེ་གོལ་གཏོགས་ཤིང་སྦྱིན་པར་བྱའོ། །གཞན་ཡང་ཆོ་ག་གཉིས་པ་ནི་སྔོན་དུ་སོང་བས། ཨོཾ་ཛྭ་ལ་མི་དཾ་སརྦ་པྲེ་ཏེ་བྷྱཿསྭཱ་ཧཱ། ཞེས་པ་ལྕགས་ཀྱི་སྣོད་མ་གཏོགས་པའི་སྣོད་ཆུ་དང་བཅས་པ་ལག་པ་གཡས་པའི་ཐལ་མོས་རེག་ཅིང་གོང་གི་སྔགས་ཀྱིས་མངོན་པར་བསྔགས་ཏེ་ཡི་དྭགས་རྣམས་ལ་ཆུ་སྦྱིན་པར་བྱའོ། །དེ་ལྟར་བྱས་པའི་རྣལ་འབྱོར་པ་ཚེ་རིང་བ་དང༌། ནད་མེད་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དང༌། བར་དུ་གཅོད་པའི་བགེགས་ཀྱིས་མི་ཚུགས་པ་དང༌། མ་འོངས་པའི་དུས་སུ་མཐོ་རིས་དང༌། ལྷ་མི་འཐོབ་པ་དང༌། མཐར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ཏེ་བདེ་བ་ཁྱད་པར་ཅན་དུ་བྱ་བ་དང༌། དེ་བཞིན་གཤེགས་པའི་བཀའ་ལུང་གཉན་པོ་བསྲུང་བའི་ཆེད་དུ་གཏོར་མ་ལ་སོགས་པ་གང་བྱེད་པའི་བྱ་བ་འདི་བྱའོ་སྙམ་པའི་སེམས་བསྐྱེད་པ་ནི་གོང་འོག་གི་བྱ་བ་ཐམས་ཅད་ཀྱི་སྔོན་དུ་བྱ་བ་ཐུན་མོང་བའོ། །དེ་ནས་ཟས་ཀྱི་དུས་སུ་སེམས་བསྐྱེད་པ་སྔོན་དུ་སོང་བས་ཟས་ལ་ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གིས་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་བྱིན་གྱིས་བརླབས་ལ། ཟན་གྱི་ཐོག་མར། ཨོཾ་མ་ཧཱ་གུ་ར་ཝེ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་བྱ་བས་བླ་མ་ལ་ལྷ་བཤོས་དབུལ། ཡང་ཨོཾ་སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུྃ། ཞེས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལྷ་བཤོས་དབུལ་ལོ། །དེ་ནས་ཡི་དམ་གྱི་ལྷ་དང་ཆོས་སྐྱོང་སྲུང་མ་ལ་འབུལ་བའི་གཏོར་མ་ཅི་རིགས་པ་བཅའ་ལ་བཞག་གོ །དེ་ནས་ཨོཾ་ཧ་རི་ཏྱཻ་བཛྲ་ཡཀྵི་ནཱི་ཀྵེ་སྭཱ་ཧཱ། ཞེས་ལན་གཉིས་བརྗོད་དེ། འཕྲོག་མའི་བུ་དང་བཅས་པའི་ཆང་བུ་གཉིས་སྦྱིན་ནོ། །ཡང་ན་ཨོཾ་ཧ་རི་ཏྱཻ་སྭཱ་ཧཱ། ཞེས་པ་བསྡུས་པའི་སྔགས་འདིས་ཆང་བུ་གཉིས་སྦྱིན་པར་བྱའོ། །ཡང་ན་སྔགས་གཉིས་ཀས་ཀྱང་རུང་ངོ༌། །ཨོཾ་ཨ་གྲ་པིཎྜ་ཨ་སཱི་བྷྱཿསྭཱ་ཧཱ། ཞེས་བརྗོད་དེ་ཕུད་ལ་དགའ་བའི་འབྱུང་པོ་ལ་ཆང་བུ་སྦྱིན་པར་བྱའོ། །དེ་ནས་ཡི་དམ་གྱི་ལྷ་ལ་གཏོར་མ་འབུལ་ན་རང་རང་གི་ཆོ་གས་དབུལ་བར་བྱའོ། །དེའི་རྗེས་སུ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གཏོར་མ་སྦྱིན་པར་བྱ་སྟེ། གཏོར་མའི་ཟན་ཆུ་དང་བཅས་པ་ལ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་མམ། བདུན་ནམ། ཉེར་གཅིག་གི་བྱིན་གྱིས་བརླབས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤནྣ་ཏྭཱད་ཨོཾ་ཨཱཿཧཱུྃ། ཞེས་ལན་གསུམ་བརྗོད་དེ། སེ་གོལ་གསུམ་གཏོགས་པས་འབྱུང་པོ་ཐམས་ཅད་ཀྱིས་གཏོར་མ་ཐོབ་པར་བསམ་མོ། །སྐབས་འདིར་ཡི་དྭགས་རྣམས་ལ་གཏོར་མ་གཏང་བར་འདོད་ན་ཡང་ཆོ་ག་ནི་གོང་དུ་བསྟན་ཟིན་ཏོ། །དེ་ནས་ཟས་ཀྱི་རྣལ་འབྱོར་ནི། ཡི་དམ་གྱི་ལྷ་ཡོད་ན་རང་ཡི་དམ་གྱི་ལྷར་བསམས་ཏེ་ལོངས་སྤྱད་པར་བྱའོ། །ཡི་དམ་གྱི་ལྷ་མེད་ན་འཁོར་བའི་རྒྱ་མཚོ་ལས་རྒལ་བའི་གྲུའི་བློ་གཞག་ལ་གྲུ་གསོ་བ་དང༌། ལུས་ལ་གནས་པའི་སྲིན་བུ་གསོ་བའི་བསམ་པས་བཟའ་བར་བྱའོ། །ཟས་ལ་ལོངས་སྤྱོད་པའི་ལྷག་མ་ལ། ཨོཾ་ཨུཙྪིཥྚ་ཧ་རི་བྷྱཿསྭཱ་ཧཱ། ཞེས་བརྗོད་དེ། ལྷག་མའི་ཆང་བུ་ལྷག་མ་ཟ་བ་རྣམས་ལ་སྦྱིན་ནོ། །ཟས་ལ་ལོངས་སྤྱོད་པའི་ཆོ་གའོ། །དེ་ལྟར་ཁ་ཟས་ཟོས་ནས་ཁ་དང་ལག་པ་བཤལ་ནས་བདག་ལ་རྣམ་པར་སྨིན་པར་མི་འགྱུར་བ་དང༌། སྦྱིན་བདག་ལ་དགེ་བར་བྱ་བའི་ཕྱིར་འདི་སྐད་དུ་བརྗོད་པར་བྱའོ། །ན་མཿས་མནྟ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་རྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ནི་རཱ་ལཾ་བྷེ། ནི་རཱ་བྷཱ་སེ། ཛ་ཡེ་ཛ་ཡ་ལབྡྷེ། མ་ཏེ་མ་ཧཱ་མ་ཏེ། དཀྵེ་དཀྵི་ཎཱཾ་མེ་པ་རི་ཤོ་དྷ་ཡ་སྭཱ་ཧཱ། ལན་ཅིག་བརྗོད་པ་ཙམ་གྱིས་རི་རབ་ཙམ་གྱི་བསོད་སྙོམས་ལ་སོགས་པ་ཡང་འདག་པར་འགྱུར་རོ། །ཡོན་ཡོངས་སུ་དག་པའི་གཟུངས་འདི་ནི་འདུལ་བ་རྣམ་པར་ངེས་པ་ཞེས་བྱ་བའི་རྒྱུད་ནས་ཕྱུང་བ་ཡིན་ནོ། །འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། རྒྱལ་པོ་སྦྱིན་བདག་ཉིད་དང་ནི། །སེམས་ཅན་ཕུང་པོ་གཞན་དག་ལ། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །ཅེས་བྱ་བ་དང༌། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །སྦྱིན་བདག་དེ་ལ་ཡོངས་རྫོགས་ཤོག །ཅེས་བསྔོ་བར་བྱའོ། །དེ་ནས་ཡང༌། སྦྱིན་པ་འདི་ཡིས་འབྱུང་པོ་དབང་དུ་གྱུར། །སྦྱིན་པས་མི་མཐུན་པ་ཡང་སེལ་བར་བྱེད། །གཞན་ཡང་སྦྱིན་པས་སངས་རྒྱས་ཉིད་འཐོབ་བྱེད། །དེ་ཕྱིར་གཙོ་བོར་སྦྱིན་པ་གསུངས། །སྦྱིན་པས་འཇིག་རྟེན་རྣམ་པར་བརྒྱན། །སྦྱིན་པས་ངན་འགྲོ་ཟློག་པར་བྱེད། །སྦྱིན་པ་མཐོ་རིས་སྐས་ཡིན་ཏེ། །སྦྱིན་པས་ཞི་བར་བྱེད་དང་དགེ །བྱང་ཆུབ་སེམས་དཔའི་ལོངས་སྤྱོད་གང༌། །ནམ་མཁའ་མཉམ་པ་གྲངས་མེད་པ། །དེ་ཡི་ལོངས་སྤྱོད་བསྒྲུབ་པའི་ཕྱིར། །སྦྱིན་པ་འདི་ནི་འགྲུབ་པར་ཤོག །ཅེས་བྱ་བའི་ཚིགས་སུ་བཅད་པ་གདོན་པར་བྱའོ། །དེ་ནས་ཤེར་སྙིང་ལ་སོགས་པ་གདོན་པར་བྱའོ། །ཟས་དང་འབྲེལ་པའི་ཆོ་ག་རྣམས་བསྟན་ཟིན་ཏོ། །དེ་ལྟར་ཟས་དང་འབྲེལ་པའི་བྱ་བ་རྣམས་ཡོངས་སུ་རྫོགས་པར་བྱས་ནས། ཡི་དམ་གྱི་རྣལ་འབྱོར་ཡོད་ན་དེ་ཉིད་ལ་བརྩོན་པར་བྱའོ། །ཡང་ན་ཆོས་ཀྱི་སྤྱོད་པ་བཅུ་པོ་གང་ཡང་རུང་བ་གཅིག་གམ་ཐམས་ཅད་ལ་སྤྱད་པར་བྱ་སྟེ། ཡི་གེ་འདྲི་དང་མཆོད་སྦྱིན་དང༌། །ཉན་དང་ཀློག་དང་འཛིན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པའོ། །ཞེས་འབྱུང་བས་ན་ཇི་ལྟར་གྲུབ་པར་སྤྱད་པར་བྱའོ། །དེ་ནས་གནས་སྐབས་གང་ཡང་རུང་བར་དེ་བཞིན་གཤེགས་པའི་སྐུ་གཟུགས་སམ། མཆོད་རྟེན་ལ་སོགས་པ་བྱེད་ན་ཐོག་མར་འཇིམ་པའི་གོང་བུ་བྱིན་གྱིས་བརླབས་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཕན་ཡོན་ཆེན་པོའི་གཟུངས་ལས་འབྱུང་བ་འདི་ཡིན་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སཱུཀྵྨེ་སཱུཀྵྨེ། ས་མ་ཡེ། ས་མ་ཏེ། ཤཱནྟེ་དཱནྟེ། ས་མ་རོ་བེ་ཨ་ན་ལཾ་བྷེ། ཏ་རཾ་བྷེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛོ་ནི་ར་ཀུ་ལེ་ནི་ར་བ་ནེ། སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། གཟུངས་འདི་འཇིམ་པའི་གོང་བུའམ། བྱེ་མའི་གོང་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་མཆོད་རྟེན་བྱའོ། །མཆོད་རྟེན་འདི་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་མཆོད་རྟེན་བྱས་པར་འགྱུར་རོ། །རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་ལྷ་དང་མི་རྣམས་ཀྱི་སྐྱེ་བ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་ན་སྐྱེ་བ་དྲན་པར་འགྱུར་རོ། །མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དང་པོ་འཇིམ་པ་བརྡུང་བ་ནི། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་དེ་བརྡུང་ངོ༌། །དེ་ནས་འཇིམ་པ་བྱིན་གྱིས་བརླབ་པ་ནི། འོག་མིན་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་པ་ལ་ཕྱག་འཚལ་བར་བསམ་ཞིང༌། སྔགས་ཀྱི་གྲངས་གོང་བཞིན་དུ་བཟླས་སོ། །དེ་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྔགས་བཟླས་ཤིང་གདབ་བོ། །འདེབས་པའི་ཚེ་འཇིམ་པ་ཆོས་ཀྱི་སྐུ། འབི་འབི་ནས་འབྱིན་པའི་བར་ལོངས་སྐུ། ཕྱུང་ནས་འཇོག་པ་སྤྲུལ་པའི་སྐུ་ལ་སེམས་ཅན་གྱི་དོན་བྱེད་པར་བསམ་མོ། །དེ་ནས་འབྲུའམ་མེ་ཏོག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་གསུམ་མམ་བདུན་ནམ་ཉེར་གཅིག་བཟླས་ཏེ། མཇུག་ཏུ་དབུལ་བ་ནི་རབ་ཏུ་གནས་པའོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་གཟུངས་ནི། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཏཱ་ག་ཏོ་ཧྱ་ཝེ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སུས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་གང་ཞིག་གིས་མི་གནས་པའི་ས་ཕྱོགས་སུ་མཆོད་རྟེན་སྐྱུ་རུ་རའི་འབྲུ་ཙམ། སྲོག་ཤིང་ནི་ཁབ་ཙམ། གདུགས་ནི་བ་ཀུ་ལའི་མེ་ཏོག་ཙམ་བྱས་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཀྱི་དབྱིངས་ཀྱི་ཚིགས་སུ་བཅད་པ་ནང་དུ་བཅུག་ན་ཚངས་པའི་བསོད་ནམས་སྐྱེད་པར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཚངས་པའི་འཇིག་རྟེན་ཏུ་སྐྱེའོ། །དེ་ནས་ཀྱང་གནས་གཙང་མའི་ལྷ་དང་སྐལ་བ་མཉམ་པར་འགྱུར་རོ། །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་རབ་གནས་ཚར་ནས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ནས་འགྲོ་བ་འདོན་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས་ཆོས་ཐམས་ཅད་མི་དམིགས་པའི་རྒྱས་བཏབ་པ་ལ་འོག་ནས་འབྱུང་བའི་ཚུལ་གྱིས་ཕྱག་དང་བསྐོར་བ་དང་མཆོད་པ་རྒྱ་ཆེན་པོ་ཡང་བྱའོ། །མཆོད་རྟེན་གྱི་ཆོ་ག་དེ་དག་པས་རྒྱས་པར་བྱེད་པར་འདོད་ན་འཇིམ་པའི་ཕུང་པོ་ལ་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱི་བྱིན་གྱིས་བརླབས། དེ་ནས་བྱ་བའི་ཆོ་ག་འདི་ནི་དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ནས་འབྱུང་བ་ཡིན་ཏེ། དེའི་རིམ་པ་ནི། ན་མསྶ་མནྟ་བུདྡྷཱ་ནཱྃ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། འཇིམ་པ་བཅད་པའི་སྔགས་སོ། །ཨོཾ་བཛྲོད་བྷ་ཝཱ་ཡ་སྭཱ་ཧཱ། ཞེས་པ་འབི་འབི་བྱ་བའི་སྔགས་སོ། །ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་པ་མར་ཁུ་བསྐུ་བའི་སྔགས་སོ། །ཨོཾ་བཛྲ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་རྒྱར་གཞུག་པའི་སྔགས་སོ། །ཨོཾ་བཛྲ་མུངྒ་ར་ཨ་ཀོཊྚ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་ཐོ་བས་བརྡུང་བའི་སྔགས་སོ། །ཨོཾ་བཛྲ་དྷརྨ་ར་ཏེ་སྭཱ་ཧཱ། ཞེས་པ་རྒྱ་ནས་གདོན་པའི་སྔགས་སོ། །ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པ་བཞུགས་སུ་གསོལ་བའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤ་ཏ་དཱི་པ་ཏེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་རབ་ཏུ་གནས་པའི་སྔགས་སོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷེ་ཨཱ་ཧ་ར་ཨཱ་གཙྪཱ་གཙྪཱ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་བཟོད་པར་གསོལ་བའི་སྔགས་སོ། །དེ་ནས་གོང་དུ་བསྟན་པའི་རྟེན་འབྲེལ་གྱི་སྔགས་དང༌། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧྲཱིཿབྷྲཱུྃ་ཁྃ་བཛྲཱི་བྷ་ཝ་དྲྀ་ཌྷོ་ཏིཥྛ་བྷུ་ཁྃ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །དེ་ལས་ཀྱང་ཅུང་ཟད་རྒྱས་པར་བྱེད་འདོད་ན། རྟེན་རྣམས་སྟོང་པར་བསྒོམས་ལ། སྟོང་པའི་ངང་ལས་མཆོད་རྟེན་རྣམས་བྷྲཱུྃ་ལས་ནམ་མཁའི་ཁམས་ཐམས་ཅད་གང་བའི་མཆོད་རྟེན་དེའི་བུམ་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་བསམ། སྐུ་གཟུགས་རྣམས་ནི་སྐུ་གཟུགས་དེ་ཉིད་ཀྱི་ལྷའམ་ཡི་དམ་གྱི་ལྷར་བསམས་ལ། དེ་ཡང་རང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་ལ་དེ་དག་ལ་བསྟིམ་མོ། །དེ་ནས་གོང་དུ་བརྗོད་པའི་སྔགས་ཀྱིས་མེ་ཏོག་གཏོང་བར་བྱའོ། །དེ་བས་ཀྱང་བསོད་ནམས་རྒྱ་ཆེ་བ་འཕེལ་བར་འདོད་ན། ཐེག་པ་ཆེན་པོའི་མདོ་བཞི་དང༌། ཕྱག་རྒྱ་ལྔའི་མདོ་གདོན་པར་བྱ་སྟེ། དེ་ཡང་རྒྱས་པར་གདོན་མི་ནུས་པས་མདོར་བསྡུས་པ་འདི་དག་གདོན་པར་བྱ་སྟེ། ན་མསྶ་མཏྣ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཀོ་ཎི་ཀོ་ཎི་ཏ་ཐཱ་ག་ཏོདྦྷ་ཝ་ཤཱནྟེ་བ་ར་ཏེ་ཨུཏྟ་མོཏྟ་མ་ཏ་ཐཱ་ག་ཏོདྦྷ་ཝ་ཧཱུྃ་ཕཊ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་སྡོང་པོ་བཀོད་པའི་མདོག་གཟུང་བར་འགྱུར་རོ། །ན་མོ་བྷ་ག་ཝ་ཏེ། ཨཱརྻ་པྲཛྙཱ་པཱ་ར་མི་ཏཱ་ཡེ། ཏདྱ་ཐཱ། ཨོཾ་མུ་ནི་དྷརྨེ། སཾ་གྲ་ཧ་དྷརྨེ། ཨ་ནུ་གྲ་ཧ་དྷརྨེ། བི་མུ་ཀྟེ་དྷརྨེ། སཱ་ར་ཨ་ནུ་གྲ་ཧ་དྷརྨེ། བཻ་ཤྲ་ཝ་ཎ་བ་རི་བརྟ་ན་དྷརྨེ། སརྦ་ཀཱརྻ་པ་རི་པྲ་མ་ཎ་དྷརྨེ། ས་མནྟ་ཨ་ནུ་པ་རི་བརྟ་ན་དྷརྨེ་སྭཱ་ཧཱ། ཨོཾ་པྲཛྙཱ་ཤྲུ་ཏི་སྨྲྀ་ཏི་མ་ཏི་བི་ཛ་ཡེ་དྷཱི་དྷ་ར་ཎཱི་ཡེ་སྭཱ་ཧཱ། འདི་བཟུང་བས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་རོ། །ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་དྷུ་ན་དྷུ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་གཟུང་བར་འགྱུར་རོ། །ན་མསྶ་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་མ་ཎི་དྷ་རེ་བཛྲཱི་ཎི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་བཟུང་བས་སོ་སོར་འབྲང་མ་གཟུང་བར་འགྱུར་རོ། །དེ་ནས་ཚིགས་སུ་བཅད་པ་གཅིག་པ་ལ་སོགས་པ་ཕྱག་རྒྱ་ལྔའི་མདོ་གདོན་པར་བྱའོ། །དེ་ནས་མཆོད་པ་ཇི་ལྟར་འབྱོར་པ་བྱས་ལ། མེ་ཏོག་ལག་ཏུ་བླངས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། པུཥྤ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤ་པུཥྤ་པུཥྤོདྦྷ་ཝེ་པུཥྤཱ་སཾ་བྷ་ཝེ། པུཥྤཱ་བ་ཀཱིརྞ་སྭཱ་ཧཱ། ཞེས་བྱ་བའི་གཟུངས་འདིས་ལན་བདུན་མངོན་པར་བསྔགས་ལ། མེ་ཏོག་ཕུལ་ན་མེ་ཏོག་ཕུལ་མ་ཇི་ཙམ་ཡོད་པ་དེ་ཙམ་བྱེ་བའི་མེ་ཏོག་ཕུལ་བར་འགྱུར་རོ། །དེ་ནས། ཨོཾ་ན་མོ་བྷ་ག་ཝ་ཏེ། རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏྣ་བི་ཛཱ་ཡ་སྭཱ་ཧཱ། ཞེས་བྱ་བའི་གཟུགས་འདིས་མཆོད་རྟེན་ལ་ཕྱག་བྱས་ན་མཆོད་རྟེན་བྱེ་བ་ལ་ཕྱག་བྱས་པར་འགྱུར་རོ། །གསང་སྔགས་དེ་ཉིད་ཀྱིས་བསྐོར་བ་བྱས་ན་བསྐོར་བ་བྱེ་བ་བྱས་པར་འགྱུར་རོ། །དེ་ཉིད་ཀྱི་ཚེའམ་གནས་སྐབས་གཞན་དུའང་རུང་སྟེ། རྟེན་ལ་བསྐོར་བ་བྱེད་པར་འདོད་ན། མཆོད་རྟེན་གྱི་བུམ་པའམ། གཙུག་ལག་ཁང་གི་ནང་ངམ། ས་ཕྱོགས་སྟོང་པར་ཡང་རུང་སྟེ། ས་གཞི་གསེར་གྱི་ཕྱེ་མ་བདལ་བར་བསམ། དེའི་སྟེང་དུ་ཆུ་ཡན་ལག་བརྒྱད་ཀྱིས་གང་བར་བསམ། དེའི་དབུས་ན་པདྨའི་སྡོང་པོ་ཆེན་པོ། དེའི་སྟེང་ན་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཆོས་ལ་སོགས་པ་བཞུགས་པར་བསམ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྱན་དྲངས་ལ་དེ་ལ་བསྟིམ་མོ། །དེ་ནས་དེ་དག་ལ་བསྙེན་བཀུར་བྱ་བའི་ཚུལ་གྱིས་རང་གི་གཞོགས་གཡས་པ་བསྟན་པས་ཀུན་ཏུ་བསྐོར་བ་བྱ་ཞིང༌། གོང་དུ་བརྗོད་པའི་བསྐོར་བའི་གསང་སྔགས་ཟློས་ཤིང་བསྐོར་བ་བྱ་བ་ནི་དུས་ནམ་ཡང་རུང་བ་ལ་བྱ་བའི་བསྐོར་བའི་ཆོ་གའོ། །བསྐོར་བའི་གནས་སྐབས་སམ་དུས་གཞན་དུ་ཡང་རུང་སྟེ་སྐུ་གཟུགས་སམ། གང་ཟག་མཆོག་ལ་སོགས་པའང་རུང་སྟེ། དེ་དག་གི་གྲིབ་མའམ་རྟེན་གྱི་རྡུལ་ལམ་མེ་ཏོག་དམན་མ་ལ་སོགས་པ་ཡང་རུང་སྟེ། མཆོད་པའི་འོས་པ་སྐབས་ཁ་ཅིག་ཏུ་འགོམ་པར་གྱུར་ན་གྲིབ་མ་ལ་སོགས་པ་དེ་དག་ནམ་མཁའ་ལ་ཡིད་ཀྱིས་བཏེག་ལ། ཨོཾ་བཛྲ་བེ་ག་ཀྲ་མ་ཧོ། ཞེས་བརྗོད་ནས། དེ་དག་གི་འོག་ནས་འགྲོ་བར་བསམས་ན་འགོམ་པ་ལ་སོགས་པའི་ཉེས་པས་གོས་པར་མི་འགྱུར་རོ། །འདིར་སཱཙྪའི་སྐབས་དང་འབྲེལ་ན་བསྐོར་བ་ཟིན་པ་དང༌། སཱཙྪ་རྣམས་མི་འཆག་པའི་ས་དང༌། དབེན་པའི་གནས་སུ་སྤྱན་དྲང་བར་བྱའོ། །འདིའི་ཕན་ཡོན་ཡང༌། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ནམ་སྐུ་གཟུགས་བྱེད་པ་དེ་ནི་རྡུལ་ཕྲ་རབ་ཅི་ཙམ་ཡོད་པ་དེ་བཞིན་དུ་མཐོ་རིས་དང༌། ས་སྟེང་དུ་ངེས་པར་རྒྱལ་པོར་གྱུར་ནས་ཀྱང་གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་དང་ཕུན་སུམ་ཚོགས་པའི་བདེ་བ་མ་ལུས་པ་ལ་ལོངས་སྤྱོད་ནས། མཐར་སྐྱེ་བ་དང་ན་བའི་མི་ཁོམ་པ་དང་བྲལ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་བོ། །གསལ་རྒྱལ་གྱིས་ཡོངས་སུ་ཞུས་པ་ལས་ཀྱང༌། གཟུགས་བཟང་སྐལ་བཟང་ཡོན་ཏན་ཉེ་བར་བསྟན། །དེ་ནི་དབང་པོ་སྦས་དང་ཉི་མའི་འོད། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་ནི། །འཇིག་རྟེན་མཐོང་ན་མངོན་པར་དགའ་བར་འགྱུར། །བདེ་བར་གཤེགས་པའི་སྐུ་གཟུགས་བྱེད་པ་ནི། །དེ་ཡི་ལུས་ནི་དྲི་མ་མེད་པ་དང༌། །ནད་དང་མྱ་ངན་འཇིགས་དང་དུཿཁ་གྲོལ། །པདྨའི་ནང་བཞིན་འཇམ་དང་ཡངས་པར་འགྱུར། །འདི་ན་རྒྱལ་བའི་སྐུ་གཟུགས་བྱེད་པ་གང༌། །བྲན་དུ་མི་འགྱུར་དབུལ་པོའི་རང་བཞིན་མིན། །ལས་བྱེད་མ་ཡིན་སྐྱེ་བ་དམན་པའང་མིན། །གཞན་ཡང་དབང་པོ་མ་ཚང་བ་ཡང་མིན། །ཐུབ་སྐུ་མི་ཡི་ཕྲེང་བ་རྒྱ་ཆེན་གྱིས། །མེ་ཏོག་མཆོག་གི་མཆོད་པ་གང་མཆོད་པ། །ལྷ་དང་མི་ཡི་འཇིག་རྟེན་ལེགས་པར་བརྒྱན། །སྣ་ཚོགས་ཡིད་དུ་འོང་བའི་མདོག་ཏུ་འགྱུར། །ཐུབ་པའི་མཆོད་རྟེན་བྱེད་དུ་གང་འཇུག་པ། །མྱ་ངན་འཇོམས་དང་ལུས་ཀུན་བསྒྲིམས་པ་དང༌། །རིན་ཆེན་མཛོད་ལ་གཙོ་བོར་གྱུར་པ་དང༌། །མི་ནི་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་གསུངས་སོ། །མཆོད་རྟེན་དང་སྐུ་གཟུགས་ཀྱི་ཕན་ཡོན་ཡིན་ནོ། །ཉི་མ་ཕྱེད་དང་ཕྱི་མ་རེད་ཀྱི་དུས་སུ་ཡང་བརྩོན་འགྲུས་ཀྱི་བྱེ་བྲག་གིས་སྔར་བཤད་པའི་ཚུལ་གྱིས་མཎྜལ་གྱི་བྱ་བ་སྔོན་དུ་སོང་བའམ་མ་སོང་ཡང་རུང་སྟེ། བདུན་པོ་ཡོངས་སུ་དག་པ་ལ་སོགས་པ་དང༌། ཟས་དང་འབྲེལ་བའི་བྱ་བ་རྣམས་ཡོངས་སུ་རྫོགས་པར་བྱའོ། །དེ་ནས་སྲོད་ཀྱི་ཐུན་དང་པོ་ལ་ཡང་ཇི་ལྟར་གྲུབ་པ་རྣམས་དང༌། བཟླས་བརྗོད་དང་བསམ་གཏན་གྱིས་དུས་འདའ་བར་བྱས་ལ། ནམ་གྱི་གུང་ལ་གཉིད་ལོག་པར་བྱ་སྟེ། དེ་ཡང༌། རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོ་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པ་དེ་དག་རབ་ཏུ་བསྣོལ། །ཞེས་སློབ་དཔོན་འཕགས་པས་གསུངས་པས་ན་དེ་བཞིན་དུ་སྤྱད་པར་བྱའོ། །དེ་ནས་ཉལ་བ་ན་ཡང་མལ་དུ་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདུད་པའི་ཚུལ་གྱིས་ཉལ་བར་བྱའོ། །གནང་བ་ཞུ་བ་ཡང་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་མཆོག་ཀྱང་བདག་ལ་སྩོལ་ཅིག གནོད་པ་ཐམས་ཅད་ཀྱང་ཉམས་པར་མཛོད་ཅིག་ཅེས་བྱའོ། །རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས། བཅོམ་ལྡན་འདས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། ཨོཾ་སིདྡྷི་སིདྡྷི་བུདྡྷ་བུདྡྷ་བོ་དྷ་ཡ་བོ་དྷ་ཡ་བ་ལ་བ་ལ་ཏིཥྛ་ཏིཥྛ་ཧྲཱིཿ ཀཾ་པ་ཀཾ་པ་བ་ར་གཙྪ་གཙྪ་བྷ་ག་ཝ་ཏི་མ་བི་ལཾ་བ་ཨ་ལེ་སྭཱ་ཧཱ། གཟུངས་འདིས་ལག་པ་གཡས་པ་ལ་ལན་བདུན་ནམ། ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ལ། དེའི་སྟེང་དུ་མགོ་བོ་བཞག་ལ་བྱུགས་ཏེ། སེང་གེའི་ཉལ་སྟངས་ཀྱིས་ཉལ་བར་བྱའོ། །འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་རྟོགས་པར་འགྱུར་རོ། །སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ནས་ནམ་གྱི་ཆ་སྨད་ལ་གཉིད་སད་ནས་མལ་ནས་ལངས་ཏེ་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་སྤྱད་པར་བྱའོ། །འདི་དག་ནི་རྒྱས་པར་བྱ་བའི་ཆོ་ག་ཡིན་ནོ། །ཡང་དེ་ཙམ་རྒྱས་པར་མི་ནུས་ན་བསྒྲུབ་པའི་མཎྜལ་དང་སྐུ་གཟུགས་བཀྲུ་བའི་ཆོ་ག་མ་གཏོགས་པ་ལྷག་མ་རྣམས་ཉམས་སུ་བླང་བར་བྱ་སྟེ་འདི་ནི་འབྲིང་དུ་བྱ་བའོ། །ཡང་དཀོན་མཆོག་གསུམ་ལ་ཕྱག་དང་མཆོད་པ་ཅི་འགྲུབ་པ་བྱས་ལ། རྡོ་རྗེ་གུར་ལས་འབྱུང་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐོ་རངས་དང༌། སྔ་དྲོ་དང༌། ཉི་མའི་གུང་དང༌། ཕྱི་མ་རེད་དང༌། སྲོད་ཀྱི་དུས་དང༌། ཉལ་ཁ་དང་དུས་དྲུག་ཏུ་བླང་བར་བྱ་ཞིང༌། ལྷག་མ་གོང་དུ་བརྗོད་པ་རྣམས་ཇི་ལྟར་འགྲུབ་པ་དང་སྐབས་དང་སྦྱར་ལ། གང་བབ་པ་ཉམས་སུ་བླང་བར་བྱ་བ་འདི་ནི་མདོར་བསྡུས་པའི་ཆོ་གའོ། །ཐམས་ཅད་དུ་ཡང༌། མན་ངག་ཡོད་ན་བསམ་གཏན་བྱ། །རབ་ཏུ་འབད་དེ་བཀླག་པར་བྱ། །ཞེས་འབྱུང་བས་ན་བསམ་གཏན་དང་ཁ་ཏོན་ལ་སོགས་པའི་ཆོས་སྤྱོད་བཅུ་པོ་ཐམས་ཅད་གང་རུང་གིས་དུས་འདའ་བར་བྱའོ། །གཞན་ཡང་སོ་སོར་ཐར་པའི་བསླབ་པར་བྱ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་དང༌། རིག་པ་འཛིན་པའི་བསླབ་པར་བྱ་བ་རྣམས་ནི་གཞུང་གཞན་ཉིད་དུ་བཙལ་བར་བྱའོ། །འདི་ལྟར་ཀུན་ཏུ་སྤྱོད་པའི་སྐྱེས་བུ་གང་ཟག་དེ་ནི་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲུབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་ཡང་བསམ་པ་ཐམས་ཅད་ཆོས་དང་མཐུན་པར་འགྱུར་རོ། །ཐུབ་པའི་གསུང་རྣམས་ལེགས་པར་བསྡུས་པས་ན། །འདི་ནི་མཁས་རྣམས་ཀྱིས་ཀྱང་བསྟེན་པར་འོས། །མཚམས་སྦྱོར་ཙམ་ཞིག་བདག་གིས་ཚིག་ལགས་ཀྱང༌། །དེ་ཡང་བཀའ་ལ་བརྟེན་པས་སྨད་མི་བགྱིད། །སྨན་མཆོག་སྨན་པའི་ལག་ནས་བྱུང་གྱུར་ནས། །མཐུ་སྟོབས་འབྱུང་འགྱུར་སྨན་པས་གནོད་མི་འགྱུར། །དེ་བཞིན་བདག་གིས་བཀའ་རྣམས་བསྡེབས་གྱུར་ཀྱང༌། །ཉེས་པས་མི་གོས་རྒྱལ་བའི་བཀའ་ཉིད་ལགས། །འདི་ལྟར་བསྡེབས་ལས་བྱུང་བའི་བསོད་ནམས་ཀྱིས། །དང་པོའི་ལས་ཅན་ཀུན་གྱིས་འདི་སྤྱད་དེ། །ནམ་མཁའི་མཐས་གཏུགས་གྱུར་པའི་སེམས་ཅན་རྣམས། །དྲི་མེད་སངས་རྒྱས་ས་ལ་འགོད་པར་ཤོག །ས་སྐྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །རྩོང་ཁའི་ཅང་སྟོན་དགེ་སློང་བརྩོན་འགྲུས་གྲགས། །དེ་ཡིས་གསོལ་བ་བཏབ་པའི་ངོར་བྱས་ནས། །དང་པོའི་ལས་ཅན་རྗེས་སུ་འཛིན་པར་བྲིས། །དང་པོའི་ལས་པས་ཉམས་སུ་བླང་བའི་རིམ་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྒྱུར་བ་འདི་ཡོངས་སུ་རྫོགས་སོ།།  །།འདི་ལ་ཉེས་པ་མཆིས་ན་བླ་མའི་ཚོགས་ལ་བཟོད་པར་གསོལ་ཞིང༌། སྦྱར་བ་ལས་བྱུང་བའི་དགེ་བས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་འགྲུབ་པ་དང༌། དེ་མ་ཐོབ་ཀྱི་བར་དུ་ཡང་ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཞི་བར་གྱུར་ཅིག འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*