བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བསྡུས་དོན།

༼ཏ༽

༄༅། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྡུས་དོན་བཞུགས།།

༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུང་གི་མངའ་བདག་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལ་དོན་གསུམ་སྟེ། རྩོམ་པ་ལ་འཇུག་པ་ཀླད་ཀྱི་དོན་དང༌། གང་བརྩམ་པར་བྱ་བ་གཞུང་གི་དོན་དང༌། བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་ནོ། །དང་པོ་ལ་གསུམ། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བ་དང༌། ཁེངས་བསྐྱུང་བའོ། །དེ་ལ་གསུམ། གཞན་གྱི་དོན་དུ་རྩོམ་པའི་མཐུ་ཆུང་བ་དང༌། རང་གི་དགེ་བ་སྤེལ་བའི་དོན་དང༌། གཞན་དོན་ལ་ལྟོས་པ་ཡོད་པའོ། །གང་བརྩམ་པར་བྱ་བ་གཞུང་ལ་གཉིས། འཇུག་པ་པོའི་རྟེན་གྱི་གང་ཟག་དང༌། དེས་ཇི་ལྟར་ཉམས་སུ་བླང་བའི་ལམ་མོ། །དང་པོ་ལ་གཉིས། ལུས་དང༌། བསམ་པའི་རྟེན་གཉིས་སོ། །གཉིས་པ་ལ་དྲུག སེམས་བསྐྱེད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བག་ཡོད་པ་དང་དྲན་ཤེས་བཞིན་གྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དང་པོ་ལ་གཉིས། ཕན་ཡོན་རྗེས་སུ་བསྔགས་པ་དང༌། སྡོམ་པ་ཡང་དག་པར་བླང་བའོ། །དང་པོ་ལ་གསུམ། མཚམས་སྦྱོར་བའི་ཚུལ་གྱིས་ཕན་ཡོན་མདོར་བསྟན་པ་དང༌། ཕན་ཡོན་རྒྱས་པར་བཤད་པ་དང༌། བྱང་ཆུབ་ཀྱི་སེམས་དང་ལྡན་པའི་གང་ཟག་ལ་བསྟོད་པའོ། །དང་པོ་ལ་གཉིས། སྡིག་པ་སེལ་བ་དང༌། དེའི་འཐད་པའོ། །རྒྱས་པར་བཤད་པ་ལ་གསུམ། སྨོན་འཇུག་ཐུན་མོང་གི་ཕན་ཡོན་དང༌། སྨོན་འཇུག་གཉིས་ཀྱི་རབ་ཏུ་དབྱེ་བ་དང༌། སྨོན་པ་དང་འཇུག་པའི་ཕན་ཡོན་སོ་སོར་བཤད་པའོ། །དང་པོ་ལ་གསུམ། མ་མཐོང་བའི་ཕན་ཡོན་དང༌། མཐོང་བའི་ཕན་ཡོན་དང༌། ཕན་ཡོན་དཔེས་བསྔགས་པའོ། །དང་པོ་ལ་གཉིས། སངས་རྒྱས་འགྲུབ་པ་དང༌། གནས་སྐབས་ཀྱི་འདོད་པ་ཐམས་ཅད་འགྲུབ་པའོ། །ཕན་ཡོན་དཔེས་བསྔགས་པ་ལ་དྲུག དམན་པའི་ལུས་མཆོག་ཏུ་བསྒྱུར་བ་གསེར་འགྱུར་གྱི་རྩིའི་དཔེ་དང༌། རྙེད་དཀའ་ཞིང་ཕན་འདོགས་ཆེ་བ་ཡིད་བཞིན་གྱི་ནོར་བུའི་དཔེ་དང༌། འབྲས་བུ་ཟད་མི་ཤེས་པ་ལ་དབང་སྒྱུར་བ་དཔག་བསམ་གྱི་ལྗོན་ཤིང་གི་དཔེ་དང༌། ངེས་པའི་སྡིག་པ་ཟིལ་གྱིས་གནོན་པ་དཔའ་བོའི་དཔེ་དང༌། མ་ངེས་པའི་སྡིག་པ་དྲུང་ནས་འབྱིན་པ་དུས་མཐའི་མེའི་དཔེ་དང༌། ཤེས་བྱེད་ཀྱི་ལུང་དང་སྦྱར་བའོ། །སྨོན་འཇུག་གི་ཕན་ཡོན་སོ་སོར་བཤད་པ་ལ་གཉིས། སྨོན་འཇུག་གི་ཕན་ཡོན་མདོར་བསྟན་པ་དང༌། དེའི་འཐད་པ་བསྟན་པའོ། །དང་པོ་ལ་གཉིས། སྨོན་པའི་ཕན་ཡོན་དང༌། འཇུག་པའི་ཕན་ཡོན་གཉིས་སོ། །གཉིས་པ་དེའི་འཐད་པ་ལ་གཉིས། ལུང་དང༌། རིགས་པའོ། །དེ་ལ་གཉིས་སྨོན་པ་ཕན་ཡོན་དང་ལྡན་པའི་འཐད་པ་དང༌། འཇུག་པ་ཕན་ཡོན་དང་ལྡན་པའི་འཐད་པ་སྤང་བའོ། །དང་པོ་ལ་གསུམ། བསམ་པ་རྒྱ་ཆེ་བ་དང༌། བསམ་པ་དཀོན་པ་དང༌། ཕན་འདོགས་པ་ཆེ་བའོ། །དཀོན་པ་ལ་གསུམ། དེ་ལྟ་བུའི་བསམ་པ་གཞན་ལ་མེད་པ་དང༌། རང་ལ་མེད་པ་དང༌། དེས་ན་ཁྱད་པར་དུ་འཕགས་པ་གྲུབ་པའོ། །འཇུག་པ་ལ་ཕན་ཡོན་དང་བཅས་པའི་འཐད་པ་ལ་ལྔ། སྒྲུབ་པས་ཟིན་པ་དང༌། བྱེད་པ་མང་བ་དང༌། ལན་ལ་མི་ལྟོས་པ་དང༌། སྒྲུབ་པ་རྒྱ་ཆེ་བ་དང༌། གཞིའི་ཁྱད་པར་དུ་འགྱུར་བའོ། །དེ་ལ་གཉིས། དེས་ན་སྡིག་པ་དང༌། བསོད་ནམས་ཀྱི་ཁྱད་པར་དུ་འགྱུར་བའོ། །བྱེད་པ་མང་བ་ལ་གསུམ། བྱེད་དུ་འཇུག་པའི་ཡུལ་དང༌། བྱེད་པ་པོ་དངོས་དང༌། དེ་བསྔགས་པའོ། །བྱང་ཆུབ་ཀྱི་སེམས་ཡང་དག་པར་བླང་བ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་གའོ། །དང་པོ་ལ་བདུན། མཆོད་པ་དང༌། སྐྱབས་སུ་འགྲོ་བ་དང༌། སྡིག་པ་བཤགས་པ་དང༌། རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། བསོད་ནམས་ཡོངས་སུ་བསྔོ་བའོ། །མཆོད་པ་ལ་གཉིས། མཚམས་སྦྱོར་བའི་ཚུལ་གྱི་མཆོད་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་ལྔ། བདག་པོས་མ་བཟུང་བའི་མཆོད་པ་དང༌། ལུས་ཀྱི་མཆོད་པ་དང༌། འབུལ་བའི་རྒྱུ་མཚན་དང༌། དབུལ་བ་དངོས། ཕུལ་ནས་བྱ་བའོ། །བློས་སྤྲུལ་པ་དང༌། བླ་ན་མེད་པ་དང༌། བཀུར་སྟིའི་མཆོད་པའོ། །དང་པོ་ལ་ལྔ། དབུལ་བར་བྱ་བའི་དངོས་པོ་དང༌། དྲི་མ་མེད་པ་དང༌། དབུལ་བའི་ཚུལ་དང༌། དབུལ་བའི་ཡུལ་དང༌། དགོས་པའོ། །བློས་སྤྲུལ་པ་ལ་གསུམ། ཁྲུས་ཀྱི་མཆོད་པ་སྐུ་ཕྱི་བ་དང་བཅས་པ་དང༌། ན་བཟའ་དང༌། རྒྱན་དང༌། བྱུག་པ་དང༌། མེ་ཏོག་དང༌། སྤོས་དང༌། ཞལ་ཟས་དང༌། སྒྲོན་མེ་དང༌། གཞལ་ཡས་ཁང་དང༌། ཆེན་པོ་ལ་འོས་པ་དང༌། རོལ་མོ་དང༌། མཆོད་པ་རྒྱུན་མི་འཆད་པར་བསྔོ་བའོ། །སྡིག་པ་བཤགས་པ་ལ་བཞི། རྣམ་པར་སུན་འབྱིན་པའི་སྟོབས་དང༌། རྟེན་གྱི་སྟོབས་དང༌། གཉེན་པོ་ལ་འབད་པ་དང༌། སོར་ཆུད་པའི་སྟོབས་སོ། །དང་པོ་ལ་ལྔ། ཡུལ་ལ་གསོལ་བ་གདབ་པའི་རྣམ་གྲངས་ལ་བརྟགས་ཏེ། མ་ལུས་པར་བཤགས་པ་དང༌། མྱུར་དུ་བྲལ་བར་འདུན་པ་དང༌། དོན་མེད་པར་བརྟག་པ་དང༌། འཇིགས་པར་ཡིད་ལ་བྱ་བའོ། །མྱུར་དུ་བྲལ་བར་འདུན་པ་ལ་གཉིས། མྱུར་དུ་བྲལ་བར་འདུན་པ་དངོས་དང༌། ཡིད་བརྟན་གྱི་འདུ་ཤེས་དགག་པའོ། །དོན་མེད་པར་བརྟག་པ་ལ་ལྔ། སྤྱིར་བསྟན་པ་དང༌། དོན་མེད་པར་བརྟག་པ་དང༌། འཐད་པས་བསྒྲུབ་པ་དང༌། སྒྲུབ་བྱེད་ཀྱི་དཔེ་དགོད་པ་དང༌། དཔེ་ལ་མཐོང་བ་དང༌། མྱོང་བས་ངེས་པ་དང༌། དོན་བསྡུ་བའོ། །འཇིགས་པར་ཡིད་ལ་བྱ་བ་ལ་བཞི། འཆི་བའི་སྡུག་བསྔལ་དང༌། འགྱོད་པའི་རྣམ་པ་དང༌། དེ་བསྒྲུབ་པ་དང༌། སྡུག་བསྔལ་བའི་རྣམ་པའོ། །རྟེན་གྱི་སྟོབས་ལ་གསུམ། དཀོན་མཆོག་གསུམ་སྤྱི་ལ་བསྐྱབ་པ་དང༌། ཁྱད་པར་དུ་ཉེ་བའི་སྲས་བརྒྱད་ལ་བསྐྱབ་པ་དང༌། དེ་དག་གི་བཀའ་རྗེས་སུ་བསྒྲུབ་པའོ། །གཉེན་པོ་ལ་འབད་པའི་སྟོབས་ལ་གཉིས། གཉེན་པོ་ལ་འབད་པར་རིག་པ་དང༌། མྱུར་དུ་འཇུག་པར་གདམས་པའོ། །དང་པོ་ལ་གཉིས། ནད་ཀྱི་དཔེ་དང༌། གཡང་སའི་དཔེའོ། །དང་པོ་ལ་བཞི། དཔེ་དགོད་པ་དང༌། ནད་ཉེས་པ་ཆེ་བ་དང༌། སྨན་དཀོན་པ་དང༌། སྨན་པ་མཆོག་ཏུ་གྱུར་པའོ། །སོར་ཆུད་པ་ལ་གསུམ། ཕྱི་མ་བསྡམ་པ་དང༌། སྔ་མ་སྦྱང་བ་དང༌། སྐབས་ལ་སྦྱར་བའོ། །དང་པོ་ལ་གཉིས། ཉེས་དམིགས་ཀྱི་འཇིགས་པར་ལྟ་བ་དང༌། སྤང་བའི་བསམ་པའི་ཁྱད་པར་རོ། །རྗེས་སུ་ཡི་རང་བ་ལ་གསུམ། འཇིག་རྟེན་པའི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཉན་ཐོས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། སངས་རྒྱས་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཆ་མཐུན་དང༌། ཐར་པའི་ཆ་མཐུན་ལ་ཡི་རང་བའོ། །སངས་རྒྱས་ཀྱི་དགེ་བ་ལ་གཉིས། འབྲས་བུ་ལ་ཡི་རང་བ་དང༌། རྒྱུ་ལ་ཡི་རང་བའོ། །བསྔོ་བ་ལ་གསུམ། སྤྱིར་བསྔོ་བ། ནད་པའི་དོན་དུ་བསྔོ་བ། བཀྲེན་པའི་དོན་དུ་བསྔོ་བའོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པའི་དངོས་གཞི་ལ་གཉིས། ཐོག་མར་བསམ་པ་སྦྱང་བ་དང༌། བསམ་པ་ངེས་ནས་དམ་བཅའ་བ་ཚིག་ཏུ་བརྗོད་པའོ། །དང་པོ་ལ་གསུམ། ཐམས་ཅད་གཏང་བ་དང༌། ཆུད་མི་ཟ་བའི་རྒྱུར་སྨོན་པ་དང༌། ལོངས་སྤྱོད་པའི་རྒྱུར་སྨོན་པའོ། །དང་པོ་ལ་གསུམ། གཏོང་བ་དངོས་དང༌། གཏང་བའི་འཐད་པ་དང༌། བཏང་ནས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །འཐད་པ་ལ་གཉིས། མྱ་ངན་ལས་འདས་པ་ཐོབ་པ་དང༌། སེམས་ཅན་སྦྱིན་པའི་ཞིང་དམ་པ་ཡིན་པའོ། །བཏང་ནས་ཇི་ལྟར་བསྒྲུབ་པ་ལ་གསུམ། མདོར་བསྟན་པ་དང༌། ཅུང་ཟད་རྒྱས་པར་བཤད་པ་དང༌། གཞན་གྱི་དོན་དུ་རིག་པ་ལ་སྦྱར་བའོ། །ཆུད་མི་ཟ་བའི་སྨོན་པ་ལ་གསུམ། སྤྱིར་བསྟན་པ་དང༌། བསམ་པ་ཆུད་མི་ཟ་བ་དང༌། སྦྱོར་བ་ཆུད་མི་ཟད་པའི་རྒྱུར་སྨོན་པའོ། །ལོངས་སྤྱོད་པའི་རྒྱུར་སྨོན་པ་ལ་གསུམ། ཉེ་བར་མཁོ་བ་ལ་སྦྱར་བ་དང༌། བྱེད་པ་རྒྱ་ཆེ་བ་དང༌། ཡུལ་དང་དུས་ཆད་པ་མེད་པར་སྨོན་པའོ། །མཇུག་གི་དོན་ལ་བཞི། སྤྱིར་བསྟན་པ་དང༌། རང་གི་དོན་གྲུབ་པ་དང༌། གཞན་གྱི་དོན་གྲུབ་པ་དང༌། གཞན་དགའ་བ་བསྐྱེད་དུ་གཞུག་པའོ། །གཉིས་པ་ལ་གསུམ། དོན་གྲུབ་པ་དང༌། ཉེས་པས་མི་གོས་པར་བྱ་བ་དང༌། རྙེད་དཀའ་བ་ཐོབ་པའོ། །གཞན་དོན་གྲུབ་པ་ལ་གསུམ། སྡུག་བསྔལ་པ་སེལ་བ་དང༌། སྒྲིབ་པ་སེལ་བ་དང༌། ཕན་བདེ་བསྒྲུབ་པའོ། །དང་པོ་ལ་ལྔ། འཆི་བ་དང༌། དབུལ་བ་དང༌། ན་བ་དང༌། དུབ་པ་དང༌། ངན་སོང་གི་སྡུག་བསྔལ་བ་སེལ་བའོ། །སྒྲིབ་པ་སེལ་བ་ལ་གཉིས། ཉོན་མོངས་པ་དང༌། ཤེས་བྱའི་སྒྲིབ་པ་སེལ་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས། སེམས་བསྐྱེད་པའི་བསླབ་པ་ལ་བག་བྱ་བ་དང༌། བསླབ་པ་བསྲུང་བའི་ཆེད་དུ་དྲན་པ་དང་ཤེས་བཞིན་བསྐྱང་བའོ། །དང་པོ་ལ་གསུམ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ་དང༌། བག་ཡོད་རྒྱས་པར་བཤད་པ་དང༌། མཇུག་རྗེས་སུ་གདམས་པའོ། །རྒྱས་བཤད་ལ་གསུམ། གཞི་བྱང་ཆུབ་ཀྱི་སེམས་ལ་བག་བྱ་བ་དང༌། སྦྱོར་བ་བསླབ་པ་ལ་བག་བྱ་བ་དང༌། བདག་དབང་དུ་བྱ་བར་གདམས་པའོ། །དང་པོ་ལ་གསུམ། མི་འདོར་བའི་འཐད་པ་དང༌། དོར་བའི་ཉེས་དམིགས་དང༌། དེས་ན་རྗེས་སུ་གདམས་པའོ། །ཉེས་དམིགས་ལ་གསུམ། རྣམ་སྨིན་ངན་འགྲོར་ལྷུང་བ་དང༌། སྤྱོད་པ་གཞན་དོན་ལས་ཉམས་པ་དང༌། འབྲས་བུས་ཐོབ་པ་ལ་ཐོགས་པའོ། །དང་པོ་ལ་གསུམ། དོན་གྱི་དངོས་པོ་དགོད་པ་དང༌། དེ་ཤེས་བྱེད་ཀྱི་ལུང་དང༌། ལུང་གཞན་དང་འགལ་བ་སྤང་བའོ། །སྤྱོད་པ་གཞན་དོན་ལས་ཉམས་པ་ལ་གསུམ། རང་རྩ་བའི་ལྟུང་བས་གོས་པ་དང༌། གཞན་གྱི་དགེ་བའི་བར་ཆད་བྱས་པའང་དེ་དང་མཚུངས་པ་དང༌། དེའི་འཐད་པ་བསྟན་པའོ། །སྦྱོར་བ་བསླབ་པ་ལ་བག་བྱ་བ་ལ་གསུམ། སྤང་བྱ་ཉེས་པ་དོར་བ་དང༌། གཉེན་པོ་དགེ་བ་བསྒྲུབ་པ་དང༌། ཉེས་པ་ཉོན་མོངས་པ་སྤང་བའོ། །ཉེས་པ་དོར་བ་ལ་ཉེས་པས་ངན་སོང་དུ་ལྷུང་བ་དང༌། དལ་བ་མི་འཐོབ་ཅིང་ཐོབ་པའི་དལ་བ་མི་བརྟན་པ་དང༌། ངན་འགྲོར་དགེ་བ་བསྒྲུབ་པའི་སྐབས་མེད་པའོ། །དང་པོ་ལ་གསུམ། ངན་འགྲོ་རྒྱུད་མར་འཇུག་པ་དང༌། ཐར་འཛད་ཀྱི་རྐྱེན་མཐུ་ཆུང་བ་དང༌། ཕྱིས་ཀྱང་དེ་དང་མཐུན་པའོ། །ངན་འགྲོར་དགེ་བ་བསྒྲུབ་པའི་སྐབས་མེད་པ་ལ་བཞི། གོ་སྐབས་མེད་པ་དང༌། དེའི་འཐད་པ་དང༌། བདེ་བ་མི་འཐོབ་པ་དང༌། དེའི་ལུང་དགོད་པའོ། །གཉེན་པོ་དགེ་བ་བསྒོམ་པ་བག་བྱ་བ་ལ་གསུམ། སྔོན་བསགས་ཀྱི་སྡིག་པ་མང་པོ་དང༌། རང་བཞིན་གྱིས་མི་འཛད་པ་དང༌། གཉེན་པོ་དགེ་བ་ལ་འབད་པའོ། །དེ་ལ་བཞི། མ་འབད་པའི་ཉེས་པ་སྤྱིར་བསྟན་པ་དང༌། ཚེ་འདིའི་ཉེས་པ་དང༌། ཚེ་ཕྱི་མའི་ཉེས་པ་དང༌། དེ་དག་སྨད་པས་ལྡོག་པར་གདམས་པའོ། །ཉེས་པ་ཉོན་མོངས་པ་སྤང་བ་ལ་བག་བྱ་བ་ལ་གསུམ། ཉོན་མོངས་པ་སྤང་བའི་བློ་བསྐྱེད་པ་དང༌། དེ་སྤང་བའི་ཐབས་བསྟེན་པ་དང༌། སྤང་བར་ནུས་པ་ཉིད་དུ་སྤྲོ་བ་བསྐྱེད་པའོ། །དང་པོ་ལ་གསུམ། གནོད་པའི་རྣམ་པར་བརྟག་པ་དང༌། མི་བཟོད་པར་བརྟག་པ་དང༌། ང་རྒྱལ་བསྐྱེད་པའོ། །དང་པོ་ལ་བཞི། རང་དབང་མེད་པ་དང༌། སྡུག་བསྔལ་ལ་སྦྱོར་བ་དང༌། རྟག་ཏུ་འབྲེལ་བ་དང༌། བསྒྲུབ་ཏུ་མེད་པའོ། །མི་བཟོད་པར་བརྟག་པ་ལ་གཉིས། སེམས་ལ་གནོད་པ་དང༌། ལུས་ལ་གནོད་པའོ། །དེ་སྤང་བའི་ཐབས་བསྟེན་པ་ལ་གསུམ། མི་སྦྱོར་བའི་ཕན་ཡོན་དང༌། ཉེས་པ་དང༌། སྦྱོར་བའི་ཕན་ཡོན་དང༌། གཉེན་པོའི་མཐུ་བསྐྱེད་པའོ། །ཕན་ཡོན་ལ་གསུམ། རང་དོན་ལ་བརྟག་པ་དང༌། གཞན་དོན་ལ་བརྟག་པ་དང༌། དམ་བཅའ་བ་ལ་བརྟག་པའོ། །གཉེན་པོའི་མཐུ་བསྐྱེད་པ་ལ་ལྔ། གཉེན་པོ་ལ་ཡུན་བསྲིང་བ་དང༌། གུས་པ་དང༌། སྤང་བྱ་ལ་མི་མཐུན་པར་བལྟ་བ་དང༌། རྩོད་པ་སྤང་བ་དང༌། ཉོན་མོངས་པ་ལ་ཕྱོགས་པར་མི་བྱ་བའོ། །སྤང་བར་ནུས་པར་སྤྲོ་བ་བསྐྱེད་པ་ལ་གཉིས། རྟེན་གཞན་མེད་པ་དང༌། ཕྱིན་ཅི་ལོག་གི་དམིགས་པ་ཡིན་པའོ། །བསླབ་པ་བསྲུང་བའི་ཆེད་དུ་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གསུམ། མཚམས་སྦྱར་བའི་ཚུལ་གྱིས་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་རྗེས་སུ་གདམས་པའོ། །རྒྱས་པར་བཤད་པ་ལ་གསུམ། བསྡུ་ན་སེམས་བསྲུངས་བས་བསླབ་པ་ཐམས་ཅད་བསྲུང་བར་འགྱུར་བ་དང༌། ཚུལ་ཁྲིམས་གསུམ་རྒྱས་པར་བཤད་པ་དང༌། དེ་ཉིད་མདོ་དང་བསྟན་བཅོས་ཀྱི་ལུང་དང་སྦྱར་བའོ། །དང་པོ་ལ་གསུམ། སེམས་བསྲུངས་པས་ཐམས་ཅད་བསྲུང་བར་འགྱུར་བ་དང༌། ཉེས་པ་ཐམས་ཅད་སེམས་ལ་རག་ལས་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གཉིས། མ་བསྲུངས་བའི་ཉེས་དམིགས་དང༌། བསྲུངས་བའི་ཕན་ཡོན་ནོ། །ཉེས་པ་སེམས་ལ་རག་ལས་པ་ལ་གཉིས། ལུང་གིས་མདོར་བསྟན་ལུང་གིས་རྒྱས་པར་བཤད་ཅེས་བསྒྲུབ་པ་དང༌། རིགས་པས་བསྒྲུབ་པའོ། །ཚུལ་ཁྲིམས་གསུམ་རྒྱས་པར་བཤད་པ་ལ་གསུམ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སྡོམ་པའི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །དང་པོ་ལ་གསུམ། དགེ་བ་ཆོས་སྡུད་ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ལ་རག་ལས་པ་དང༌། དེས་ན་སེམས་བསྲུང་བ་ལ་འབད་པར་གདམས་པ་དང༌། སེམས་བསྲུང་བའི་ཐབས་སུ་དྲན་པ་དང་ཤེས་བཞིན་བསྲུང་བའོ། །དང་པོ་ལ་དྲུག སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སེམས་ལ་རག་ལས་པའོ། །དེས་ན་སེམས་བསྲུང་བ་ལ་འབད་པ་ལ་དྲུག སྤྱིར་བསྟན་པ་དང༌། སེམས་ལས་ཐམས་ཅད་འགྲུབ་པ་དང༌། ཇི་ལྟར་བསྲུང་བའི་རྣམ་པ་དང༌། དེ་ལྟར་བསྲུང་བར་རིག་པའི་འཐད་པ་དང༌། བསྲུང་བའི་ལེགས་པ་དང༌། དེ་ཁོ་ན་ཉིད་དྲན་པ་ལྷུར་བླང་བ་ལ་འཇུག་པའོ། །སེམས་བསྲུང་བའི་ཐབས་སུ་དྲན་པ་དང་ཤེས་བཞིན་བསྲུང་བ་ལ་གསུམ། མདོར་བསྟན་པ་དང་རྒྱས་པར་བཤད་པ་དང༌། བསྡུས་ཏེ་རྗེས་སུ་གདམས་པའོ། །རྒྱས་བཤད་ལ་གསུམ། ཤེས་བཞིན་མེད་པའི་ཉེས་པ་དང༌། ཤེས་བཞིན་བསྲུང་བའི་ཐབས་དང༌། བསྲུངས་བའི་ཕན་ཡོན་ནོ། །དང་པོ་ལ་ལྔ། བྱ་བ་ལ་མཐུ་ཆུང་བ་དང༌། ཤེས་རབ་ཕུན་སུམ་ཚོགས་པར་མི་འགྱུར་བ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བ་དང༌། བསགས་པའི་དགེ་བ་འཇིག་པ་དང༌། མ་བྱས་པ་བསྒྲུབ་པའི་གེགས་སུ་འགྱུར་བའོ། །ཤེས་བཞིན་བསྲུང་བའི་ཐབས་ལ་བཞི། སྤྱིར་བསྟན་པ་དང༌། ཉམས་པའི་ཉེས་པ་ཡིད་ལ་བྱ་བ་དང༌། ཕྱིའི་དགེ་བའི་བཤེས་གཉེན་བསྟེན་པ་དང༌། ནང་གི་དགེ་བའི་བཤེས་གཉེན་བསྟེན་པའོ། །སྡོམ་པའི་ཚུལ་ཁྲིམས་ལ་བཞི། རང་བཞིན་ལ་སྦྱར་བ་དང༌། ཉམས་པ་བསྲུང་བ་དང༌། ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྤྲོ་བ་བསྐྱེད་པ་དང༌། སྡོམ་པའི་ཚུལ་ཁྲིམས་ལ་ཐབས་མཁས་པའི་ཁྱད་པར་རོ། །དང་པོ་ལ་གསུམ། ལུས་རང་བཞིན་ལ་སྦྱར་བ་དང༌། སེམས་རང་བཞིན་ལ་སྦྱར་བ་དང༌། རང་བཞིན་ལས་འདའ་བར་གནང་བའི་དུས་སོ། །དང་པོ་ལ་བཞི། བྱ་བ་ལ་འཇུག་པའི་སྔོན་རོལ་དུ་ཀུན་སློང་གི་བསམ་པ་བརྟག་པ་དང༌། ལྟ་བ་དང་འབྲེལ་པ་དང༌། གནས་སྐབས་དང་འབྲེལ་པ་དང༌། རྗེས་ལ་བརྟག་པའོ། །འདའ་བར་གནང་བའི་རྗེས་ལ་དྲུག དོན་གྱི་དངོས་པོ་དགོད་པ་དང༌། ཤེས་བྱེད་ཀྱི་ལུང་དང༌། དེའི་འཐད་པ་དང༌། ཕན་ཡོན་དང༌། དེ་ལྟར་མ་བྱས་པའི་ཉེས་པ་དང༌། སྐབས་བསྡུ་བའོ། །སྤྱི་དོན་གཉིས་པ་ཉམས་པ་བསྲུང་བ་ལ་གཉིས། ལུས་ངག་གི་སྡོམ་པ་ཉམས་པ་བསྲུང་བ་དང༌། སེམས་ཀྱི་སྡོམ་པ་ཉམས་པ་བསྲུང་བའོ། །དང་པོ་ལ་གསུམ། གཡེང་བའི་རྐྱེན་གྱིས་མི་འཕྲོགས་པར་བྱ་བ་དང༌། དོན་མེད་པའི་སྤྱོད་པ་སྤང་བ་དང༌། ཀུན་སློང་གི་བསམ་པ་བརྟག་པའོ། །དེ་ལ་གསུམ། མདོར་བསྟན་པ་དང༌། ཉོན་མོངས་པས་བསླང་བའི་བྱ་བ་ལ་མི་འཇུག་པ་དང༌། ཁ་ན་མ་ཐོ་བ་ལ་དགའ་བ་དོར་བའོ། །སེམས་ཀྱི་སྡོམ་པ་ཉམས་པ་བསྲུང་བ་ལ་གསུམ། གཉེན་པོའི་རང་བཞིན་དང༌། དལ་འབྱོར་རྙེད་པར་དཀའ་བ་བསམ་པ་དང༌། སེམས་དགེ་བ་ལས་མི་ཉམས་པར་བྱ་བའོ། །སྤྱི་དོན་གསུམ་པ་ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྤྲོ་བར་བྱ་བ་ལ་ལྔ། གཡོ་བ་མེད་པ་དང༌། མི་གཙང་བ་དང༌། སྙིང་པོ་མེད་པ་དང༌། མི་མཁོ་བ་དང༌། དེས་ན་མཁོ་བ་ལ་སྦྱར་བའོ། །དེ་ལ་ལྔ། སྤྱིར་བསྟན་པ་དང༌། ངེས་པར་འདོར་བ་དང༌། གསོ་བྱ་མ་ཡིན་པ་དང༌། རང་དོན་ལ་སྦྱར་བ་དང༌། གསོ་བའི་ཚུལ་ལོ། །སྤྱི་དོན་བཞི་པ་སྡོམ་པའི་ཚུལ་ཁྲིམས་ལ་ཐབས་མཁས་པ་ལ་གསུམ། ཐ་མལ་པའི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་དང༌། བྱེད་པ་པོའི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་དང༌། ལས་ཀྱི་སྤྱོད་པ་ལ་ཐབས་མཁས་པའི་ཁྱད་པར་རོ། །དེའི་བར་པ་ལ་ལྔ། ཕན་པར་སྨྲ་བ་ལ་ཇི་ལྟར་བསྒྲུབ་པ་དང༌། ལེགས་པར་སྨྲ་བ་ལ་ཇི་ལྟར་བསྒྲུབ་པ་དང༌། བསོད་ནམས་བྱེད་པ་ལ་ཇི་ལྟར་བསྒྲུབ་པ་དང༌། བརྗོད་པའི་ཚུལ་ལ་ཇི་ལྟར་བསྒྲུབ་པ་དང༌། དེའི་ཕན་ཡོན་ནོ། །ལས་ཀྱི་སྤྱོད་པ་ཐབས་མཁས་པ་ལ་ལྔ། སྨྲ་བ་དང་འབྲེལ་པ་དང༌། ལྟ་བ་དང་འབྲེལ་པ་དང༌། བསམ་པའི་ཁྱད་པར་དང༌། དེས་བརྟགས་པའི་ཞིང་གི་ཁྱད་པར་དང༌། སྦྱོར་བ་ཐམས་ཅད་བསྡུས་ཏེ་བསྟན་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་བཞི། བསླབ་པ་ཐམས་ཅད་ཀྱི་ཁྱད་པར་རྣམ་པར་གཞག་པའི་ཚུལ་གྱིས་མདོར་བསྟན་པ་དང༌། གཞན་དོན་ཆེད་ཆེར་བྱ་བ་དང༌། སེམས་ཅན་བསྡུ་བའི་སྤྱོད་པ་དང༌། བསླབ་པ་ཕུན་སུམ་ཚོགས་པའི་ཡན་ལག་གོ །སེམས་ཅན་བསྡུ་བའི་སྤྱོད་པ་ལ་གསུམ། ཟང་ཟིང་གིས་བསྡུ་བ་དང༌། ཆོས་ཀྱིས་བསྡུ་བ་དང༌། སེམས་ཅན་གྱི་སེམས་བསྲུང་བའི་སྤྱོད་པའོ། །དང་པོ་ལ་གསུམ། ཁ་ཟས་དང༌། རྙེད་པ་དང༌། ལུས་བཏང་བའོ། །ཆོས་ཀྱིས་བསྡུ་བ་ལ་གཉིས། བཤད་པའི་སྣོད་དང༌། བཤད་པའི་ཚུལ་ལོ། །སེམས་ཅན་གྱི་སེམས་བསྲུང་བའི་སྤྱོད་པ་ལ་བདུན། འཆག་པ་དང་འབྲེལ་པ་དང༌། ཟས་དང་འབྲེལ་པ་དང༌། འགྲོགས་པ་དང་འབྲེལ་པ་དང༌། མ་དད་པའི་སྤྱོད་པ་སྤང་བ་བསྡུ་བ་དང༌། ལུས་ཀྱི་བྱ་བ་དང་འབྲེལ་པ་དང༌། ཉལ་བའི་གནས་དང་རྗེས་སུ་འབྲེལ་པ་དང༌། སེམས་སྦྱང་བའི་སྤྱོད་པ་མདོར་བསྡུས་པའོ། །བསླབ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡན་ལག་ལ་བཞི། ཉེས་པ་དག་པའི་རྒྱུ་དང༌། བསླབ་པའི་གཞི་དང༌། ཆེད་དུ་བྱ་བའི་ཁྱད་པར་དང༌། ཉེ་བར་སྟོན་པའི་རྟེན་དགེ་བའི་བཤེས་གཉེན་ནོ། །དེ་ཉིད་མདོ་དང་བསྟན་བཅོས་ཀྱི་ལུང་དང་སྦྱར་བ་ལ་གསུམ། མདོ་བལྟ་བ་དང༌། བསྟན་བཅོས་བལྟ་བ་དང༌། དེ་དག་གི་དོན་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལོ། །མཇུག་རྗེས་སུ་གདམས་པ་ལ་གཉིས། ཤེས་བཞིན་གྱི་མཚན་ཉིད་དང༌། དེ་ཇི་ལྟར་བསྲུང་བར་གདམས་པའི་ཚུལ་ལོ། །བཟོད་པའི་ལེའུ་ལ་གསུམ། བརྗོད་བྱའི་ངོ་བོ་བསྟན་པའི་ཚུལ་གྱིས་མདོར་བསྟན་པ་དང༌། བཟོད་པའི་རང་བཞིན་དངོས་པོ་རྒྱས་པར་བཤད་པ་དང༌། འབྲས་བུ་བསྡུས་ཏེ་བསྟན་པའི་སྒོ་ནས་རྗེས་སུ་གདམས་པའོ། །རྒྱས་པར་བཤད་པ་ལ་གསུམ། བཟོད་པ་གསུམ་ཅུང་ཟད་བཤད་པ་དང༌། བཟོད་པ་གསུམ་རྒྱས་པར་བཤད་པ་དང༌། བཟོད་པ་རྣམས་ཀྱི་འབྲས་བུ་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ། མི་བཟོད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་སྡུག་བསྔལ་དང་དུ་ལེན་པ་དང༌། ཆོས་ལ་ངེས་པར་སེམས་པ་དང༌། མི་བཟོད་པའི་རྒྱུ་བསྟན་པའི་སྒོ་ནས་གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་བསྒོམ་པའོ། །དང་པོ་ལ་གསུམ། དགེ་བ་མི་ཐོབ་པའི་ཉེས་པ་དང༌། མཐོང་བའི་ཉེས་པ་དང༌། ཉེས་པ་མདོར་བསྡུས་པའོ། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་ལ་བཞི། མི་བཟོད་པའི་རྒྱུ་ངོས་གཟུང་བ་དང༌། དེས་ན་བཟློག་པར་རིག་པ་དང༌། བཟློག་པའི་ཐབས་ཡིད་ལ་བྱ་བ་དང༌། མི་བཟོད་པའི་རྒྱུ་ཕྱེ་སྟེ་བསྟན་པའོ། །རྒྱས་པར་བཤད་པ་ལ་གསུམ། སྡུག་བསྔལ་དྭང་དུ་ལེན་པའི་བཟོད་པ་དང༌། ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང༌། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པའོ། །དང་པོ་ལ་བཞི། སྡུག་བསྔལ་འཁོར་བའི་རང་བཞིན་དུ་བསྟན་པ་དང༌། ངེས་འབྱུང་གི་རྒྱུར་བསྟན་པ་དང༌། གོམས་པར་བསྟན་པར་མི་དཀའ་བ་དང༌། ཡོན་ཏན་གྱི་རྣམ་པ་ཡིད་ལ་བྱ་བའོ། །བསྟེན་པར་མི་དཀའ་བ་ལ་བཞི། གོམས་པས་འགྲུབ་པ་དང༌། བཟོད་པར་རིག་པ་དང༌། བཟོད་པའི་སྟོབས་བསྐྱེད་པ་དང༌། སྐབས་བསྡུ་བའོ། །ཡོན་ཏན་ལ་གཉིས། སྦྱོར་བའི་ཡོན་ཏན་ཡིད་ལ་བྱ་བ་དང༌། རང་བཞིན་གྱི་ཡོན་ཏན་ཡིད་ལ་བྱ་བའོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ་ལ་གསུམ། གནོད་པ་ལ་ཁྲོ་བ་བཟློག་པ་དང༌། ཁྲོ་བ་བཟློག་པའི་དགོས་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། གནོད་བྱེད་ལ་རང་དབང་མེད་པས་ཁྲོ་བའི་ཡུལ་དུ་མི་རིགས་པ་དང༌། རང་དབང་ཡོད་པར་འདོད་པ་དགག་པ་དང༌། དཔེ་གྲུབ་པའི་དོན་བསྡུ་བའོ། །དང་པོ་ལ་ལྔ། དཔེ་དོན་གྱི་དངོས་པོ་དགོད་པ་དང༌། དཔེ་དོན་གྱི་ཆོས་མཐུན་པ་སྤྱིར་བསྟན་པ་དང༌། སོ་སོ་ལ་སྦྱར་བ་དང༌། སྐབས་བསྡུ་བ་དང༌། དེ་དག་གི་རྐྱེན་རང་དབང་ཅན་མ་ཡིན་པའོ། །རང་དབང་ཡོད་པར་འདོད་པ་དགག་པ་ལ་གཉིས། གྲངས་ཅན་གྱི་བདག་དགག་པ་དང༌། རིག་པ་ཅན་གྱི་བདག་དགག་པའོ། །དང་པོ་ལ་གཉིས། ཕྱོགས་སྔ་མ་དགག་པ་དང༌། དེ་དགག་པའོ། །དེ་ལ་གསུམ། གཙོ་བོ་དགག་པ་དང༌། རྣམ་འགྱུར་དགག་པ་དང༌། བདག་དགག་པའོ། །གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་ལ་གཉིས། མི་འདོད་པ་བྱེད་པ་ལ་ཁྲོ་བའི་རྒྱུ་མཚན་དགག་པ་དང༌། འདོད་པའི་གེགས་བྱེད་པ་ལ་ཁྲོ་བའི་རྒྱུ་མཚན་དགག་པའོ། །དང་པོ་ལ་གསུམ། བདག་ལ་ཉེས་པ་བྱེད་པ་དང༌། བདག་གི་བཤེས་ལ་ཉེས་པ་བྱེད་པ་དང༌། བདག་གི་དགྲ་ལ་ལེགས་པ་བྱེད་པ་ལ་མི་བཟོད་པ་དགག་པའོ། །དང་པོ་ལ་གཉིས། སྡུག་བསྔལ་བྱེད་པ་ལ་བཟོད་པ་དང༌། བརྙས་སོགས་སྒྲུབ་པ་ལ་བཟོད་པ་བསྒོམ་པའོ། །དང་པོ་ལ་གསུམ། གནོད་བྱེད་བརྩེ་བའི་ཡུལ་དུ་བསྒོམ་པ་དང༌། ཁྲོ་བར་མི་རིགས་པ་དང༌། རང་གི་ཉེས་པར་བརྟག་པའོ། །དང་པོ་ལ་གསུམ། རང་ལ་ཚེ་འདིར་གནོད་པ་བྱེད་པ་དང༌། ཕྱི་མར་གནོད་པ་བྱེད་པ་དང༌། དེས་ན་གཞན་ལ་གནོད་པ་བྱེད་པར་མི་རིགས་པས་བརྩེ་བའི་ཡུལ་དུ་བརྟག་པའོ། །ཁྲོ་བར་མི་རིགས་པ་ལ་གསུམ། རང་བཞིན་ལ། གནས་སྐབས་ལ། དངོས་པོ་དང་བརྒྱུད་པའི་རྒྱུ་བརྟག་པར་ཁྲོ་བར་མི་རིགས་པའོ། །རང་གི་ཉེས་པར་བརྟགས་པ་ལ་དྲུག རང་གི་ལས་ཀྱི་ཉེས་པ་ཡིན་པ་དང༌། སྡུག་བསྔལ་གྱི་རྒྱུའི་ལུས་བཟུང་བའི་ཉེས་པ་ཡིན་པ་དང༌། སྡུག་བསྔལ་གྱི་རྒྱུ་ལ་བརྐམ་པའི་ཉེས་པ་ཡིན་པ་དང༌། གཞན་མི་ཕན་པ་ལ་སྦྱོར་བའི་ཉེས་པ་ཡིན་པ་དང༌། ཁྲོ་བ་ཉིད་ཕྱིན་ཅི་ལོག་ཡིན་པ་དང༌། རྩོད་པ་སྤང་བའོ། །དེ་ལ་གསུམ། བདག་གཞན་ལ་གནོད་བྱེད་ཡིན་པ་ལ་རྩོད་པ་སྤང་བ་དང༌། གཞན་བདག་ལ་ཕན་འདོགས་པ་ཡིན་པ་ལ་རྩོད་པ་སྤང་བ་དང༌། བདག་གི་ཕན་འདོགས་པ་ལ་ལོག་པར་བསྒྲུབ་པ་དགག་པའོ། །བརྙས་སོགས་བསྒྲུབ་པ་ལ་བཟོད་པ་བསྒོམ་པ་ལ་གསུམ། གནོད་པ་ཉིད་མེད་པས་ཁྲོ་བར་མི་རིགས་པ་དང༌། རྙེད་པའི་བར་ཆོད་བྱེད་པ་ལ་ཁྲོ་བར་མི་རིགས་པ་དང༌། སེམས་ཅན་མ་དད་པར་བྱེད་པས་ཁྲོ་བར་མི་རིགས་པའོ། །དང་པོ་ལ་གཉིས། སེམས་དང་ལུས་ལ་མི་གནོད་པ་དང༌། ཚེ་འདི་དང་ཕྱི་མར་མི་གནོད་པའོ། །རྙེད་པའི་བར་ཆོད་བྱེད་པ་ལ་ཁྲོ་བ་དགག་པ་ལ་གསུམ། ཁྲོས་པས་སྡིག་ལྕི་བར་འགྱུར་བ་དང༌། རྙེད་པ་ལ་སྙིང་པོ་མེད་པར་དཔེས་བསྟན་པ་དང༌། དོན་ཡོད་པར་རྟོགས་པ་ཕྱིན་ཅི་ལོག་ཏུ་རྟོག་པའོ། །བདག་གི་ཕྱོགས་ལ་ཉེས་པ་བྱེད་པ་ལ་མི་བཟོད་པ་དགག་པ་ལ་གཉིས། ཡུལ་མཆོག་ལ་གནོད་པ་མེད་པར་བསྒོམ་པ་དང༌། གནོད་པ་ཡོད་པ་རྣམས་ལ་གཉེན་པོ་བསྒོམ་པའོ། །དེ་ལ་གཉིས། སྔར་གྱི་ཆོས་ལ་ངེས་པར་སེམས་པ་དྲན་པར་བྱ་བ་དང༌། གནོད་པ་བྱེད་པ་ལ་ཇི་མི་སྙམ་པ་དངོས་སོ། །དེ་ལ་བཞི། ཁྲོ་བའི་རྒྱུ་མཚན་མ་གྲུབ་པ་དང༌། མི་རིགས་པ་དང༌། རང་གི་ལས་ཀྱི་ཉེས་པ་བརྟག་པ་དང༌། བཟོད་པའི་ཕན་ཡོན་དྲན་པའི་སྒོ་ནས་ཁྲོ་བ་དགག་པའོ། །དེ་ལ་གསུམ། བསོད་ནམས་མི་ཉམས་པ་དང༌། སྡུག་བསྔལ་ལྡོག་པ་དང༌། དོན་ཆེན་པོ་འགྲུབ་པའོ། །དགྲ་ལ་ལེགས་པ་བྱེད་པ་ལ་མི་བཟོད་པ་འདོར་བ་ལ་གསུམ། བསྟོད་གྲགས་བསྒྲུབ་པ་ལ་མི་བཟོད་པ་འདོར་བ་དང༌། བདེ་བ་བསྒྲུབ་པ་ལ་མི་བཟོད་པ་འདོར་བ་དང༌། རྙེད་པ་སྒྲུབ་པ་ལ་མི་བཟོད་པ་འདོར་བའོ། །དང་པོ་ལ་གསུམ། རང་བདེ་བའི་རྒྱུ་ཡིན་པས་འདོད་པར་བྱ་བ་དང༌། གཞན་བདེ་བའི་རྒྱུ་ཡིན་པས་མི་འདོད་པར་མི་རིགས་པ་དང༌། འདོད་པ་ཉིད་དང་འགལ་བའོ། །རྙེད་པ་བསྒྲུབ་པ་ལ་མི་བཟོད་པ་འདོར་བ་ལ་གསུམ། རང་གིས་འདོད་པ་གྲུབ་པ་དང༌། བདག་ལ་གནོད་པ་མེད་པ་དང༌། བསོད་ནམས་ཟད་དུ་དོགས་པས་བདག་ཉིད་ལ་ཁྲོ་བར་རིགས་པའོ། །སྤྱི་དོན་གཉིས་པ་འདོད་པའི་གེགས་བྱེད་པ་ལ་ཡུལ་གྱི་རང་བཞིན་ལ་མི་ཕན་པ་དང༌། ཡུལ་ཅན་གྱི་གཞན་ལ་མི་གནོད་པ་དང༌། ཡུལ་ཅན་དེ་རང་ལ་གནོད་པའོ། །གཉིས་པ་ལོག་པར་སྒྲུབ་པའི་གེགས་བྱེད་པ་མི་བཟོད་པ་འདོར་བ་ལ་གཉིས། འཇིག་རྟེན་པའི་ཆོས་ཀྱི་གེགས་བྱེད་པ་དང༌། བསོད་ནམས་ཀྱི་གེགས་བྱེད་པ་ལ་མི་བཟོད་པ་འདོར་བའོ། །མི་བཟོད་པ་འདོར་བ་ལ་གཉིས། དགྲ་ལ་ཉེས་པ་བྱེད་པའི་གེགས་བྱེད་པ་ལ་མི་བཟོད་པ་འདོར་བ་དང༌། བདག་དང་བདག་གི་ཕྱོགས་ལ་ལེགས་པ་བྱེད་པའི་གེགས་བྱེད་པ་ལ་མི་བཟོད་པ་འདོར་བའོ། །དང་པོ་ལ་གསུམ། བསྟོད་གྲགས་འཇིགས་པ་ལ་གནོད་བྱེད་དུ་མི་ལྟ་བ་དང༌། ཕན་འདོགས་པའོ། །དང་པོ་ལ་བཞི། བསྟོད་སོགས་ལ་ཕན་བདེ་མེད་པ་དང༌། འགལ་བ་ཙམ་དོན་མ་ཡིན་པ་དང༌། དོན་དུ་འཛིན་པ་ཕྱིན་ཅི་ལོག་ཡིན་པ་དང༌། དགའ་བ་ཉིད་ཕྱིན་ཅི་ལོག་ཡིན་པའོ། །བསོད་ནམས་ཀྱི་གེགས་བྱེད་པ་ལ་མི་བཟོད་པ་འདོར་བའོ། །ཕན་འདོགས་པར་ལྟ་བ་ལ་གཉིས། ངན་འགྲོ་འགོག་པ་དང༌། ཐར་པ་བསྒྲུབ་པའོ། །བསོད་ནམས་ཀྱི་གེགས་ཀྱིས་མི་བཟོད་པ་དགག་པ་ལ་གསུམ། དེའི་གེགས་ཀྱིས་ཁྲོ་བར་འགལ་བ་དང༌། གེགས་ཉིད་མ་ཡིན་པ་དང༌། གུས་པའི་ཡུལ་དུ་བརྟག་པའོ། །དང་པོ་ལ་གཉིས། གཞན་གེགས་མ་ཡིན་པ་དང༌། བདག་ཉིད་གེགས་ཡིན་པའོ། །གེགས་ཉིད་མ་ཡིན་པ་ལ་གསུམ། སྤྱིར་བསྟན་པ་དང༌། སྦྱིན་པའི་དཔེས་བསྒྲུབ་པ་དང༌། ཚུལ་ཁྲིམས་ཀྱི་དཔེས་བསྒྲུབ་པའོ། །གུས་པའི་ཡུལ་དུ་བརྟག་པ་ལ་གཉིས། སེམས་ཅན་རང་གི་ཡོན་ཏན་གྱིས་གུས་པར་བྱ་བ་དང༌། སྟོན་པ་ལ་དད་པས་གུས་པར་བྱ་བའོ། །དང་པོ་ལ་གསུམ། ཕན་འདོགས་པ་ཆེ་བ་དང༌། བསམ་པའི་ཡོན་ཏན་ལ་མི་ལྟོས་པ་དང༌། སྟོན་པ་དང་འདྲ་བར་ལྟ་བའོ། །དང་པོ་ལ་གསུམ། ཞིང་དཀོན་པ་དང༌། དགའ་བ་བསྒོམ་པ་དང༌། དེ་ལ་ཕན་པར་སྨོན་པའོ། །གཉིས་པ་བསམ་པའི་ཡོན་ཏན་ལ་མི་ལྟོས་པ་ལའང་གསུམ། ཕན་པའི་བསམ་པ་མེད་པས་གུས་པའི་ཡུལ་མ་ཡིན་པར་རྟོག་པ་དགག་པ་དང༌། གནོད་པའི་བསམ་པ་ཡོད་པས་གུས་པའི་ཡུལ་མ་ཡིན་པར་རྟོག་པ་དགག་པ་དང༌། དོན་བསྡུ་བའོ། །སྟོན་པ་དང་འདྲ་བར་ལྟ་བ་ལ་གསུམ། ལུང་གིས་བསྒྲུབ་པ་དང༌། འབྲས་བུའི་ཆོས་ཀྱིས་མཉམ་པར་བསྒྲུབ་པ་དང༌། ཕན་ཡོན་གྱིས་མཉམ་པར་བསྒྲུབ་པའོ། །སྟོན་པ་ལ་དད་པས་གུས་པར་བྱ་བ་ལ་གཉིས། སྟོན་པས་སེམས་ཅན་བདག་གིར་མཛད་པ་དང༌། བདག་ཏུ་བདག་མཛད་པའོ། །དང་པོ་ལ་གཉིས། གུས་པའི་རྒྱུ་མཚན་དང༌། མ་གུས་པའི་ནོངས་པ་བཤགས་པའོ། །དང་པོ་ལ་གསུམ། དྲིན་ལན་བླན་པ་དང༌། གནོད་པ་བཟོད་པར་བྱ་བ་དང༌། ཁེངས་པ་སྤང་བའོ། །གཉིས་པ་ལ་གསུམ། དགེས་པ་དང་མི་དགེས་པའི་རྒྱུ་བརྟག་པ་དང༌། ཉེས་པ་བཟོད་པར་གསོལ་བ་དང༌། བཟོད་པར་དགེས་པར་ཞུ་བའོ། །བཟོད་པའི་འབྲས་བུ་ཡིད་ལ་བྱ་བ་ལ་གསུམ། འབྲས་བུ་མདོར་བསྟན་པ་དང༌། འབྲས་བུ་དཔེས་སྒོ་ནས་བསྟན་པ་དང༌། དཔེ་ལས་ཁྱད་པར་དུ་འཕགས་པའོ། །བརྩོན་འགྲུས་ཀྱི་ལེའུ་ལ་གསུམ། མཚམས་སྦྱར་བའི་སྒོ་ནས་བརྗོད་བྱའི་ངོ་བོ་བསྟན་པ་དང༌། བརྩོན་འགྲུས་ཀྱི་རང་བཞིན་རྒྱས་པར་བཤད་པ་དང༌། མཇུག་རྗེས་སུ་གདམས་པའོ། །རྒྱས་པར་བཤད་པ་ལ་གསུམ། བརྩོན་འགྲུས་ཀྱི་ངོ་བོ་དང༌། མི་མཐུན་པའི་ཕྱོགས་སྤང་བ་དང༌། བརྩོན་འགྲུས་ཡང་དག་པར་སྤེལ་བའོ། །གཉིས་པ་ལ་གསུམ། མི་མཐུན་པའི་ཕྱོགས་མདོར་བསྟན་པ་དང༌། སྦྱོར་བ་མེད་པའི་ལེ་ལོ་སྤང་བ་དང༌། བྱ་བ་ངན་པ་ལ་དགའ་བའི་ལེ་ལོ་སྤང་བའོ། །བར་པ་ལ་གསུམ། ལེ་ལོའི་རྒྱུ་ངོས་གཟུང་བ་དང༌། དེ་སྤོངས་པར་གདམས་པ་དང༌། སྦྱོར་བ་བསྒྲུབ་པའོ། །སྤང་བ་ལ་གཉིས། ཚེ་འདིའི་སྡུག་བསྔལ་ལ་བརྟག་པ་དང༌། ཚེ་ཕྱི་མའི་སྡུག་བསྔལ་ལ་བརྟགས་ཏེ་བཟློག་པའོ། །དང་པོ་ལ་བདུན། མི་རྟག་པས་ངེས་པར་ཟིན་པ་དང༌། དཔེ་ལ་མཐོང་བ་དང༌། རང་ལ་དབབ་པ་དང༌། དུས་ལ་བསྡད་པར་མི་ནུས་པ་དང༌། འཆི་བའི་ཚེ་དུས་ལས་འདས་པ་དང༌། དུས་ལ་བསྡད་པར་མི་ནུས་པ་ཉིད་རྒྱས་པར་བཤད་པ་དང༌། སྡུག་བསྔལ་གྱི་རྣམ་པ་ཉིད་བཤད་པའོ། །གཉིས་པ་ལ་བཞི། སྡུག་བསྔལ་འབྱུང་བར་ངེས་པ་དང༌། བརྣག་པར་དཀའ་བ་དང༌། འགལ་བ་འདུ་བ་དང༌། དེ་ལས་ཐར་པའི་ཐབས་ལ་བརྩོན་པར་བསྐུལ་བའོ། །བརྩོན་འགྲུས་ཡང་དག་པར་སྤེལ་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། སྒྱིད་ལུག་སྤང་བ་དང༌། དཔུང་ཚོགས་སྐྱེད་པ་དང༌། ལྷུར་བླང་བ་དང༌། བདག་ཉིད་དབང་དུ་བྱ་བའོ། །དང་པོ་ལ་གཉིས། རྒྱུ་ནུས་པ་མེད་པས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བ་དང༌། རྐྱེན་གྲུབ་དཀའ་བས་སྒྱིད་ལུག་པའི་གཉེན་པོ་ཡིད་ལ་བྱ་བའོ། །དེ་ལ་གཉིས། སྡུག་བསྔལ་དོན་ཆེ་བའི་ཕྱིར་བྱ་དཀའ་བས་འཇིགས་པ་སྤང་བ་དང༌། བདེ་བ་ཉིད་ཡིན་པའོ། །དང་པོ་ལ་བཞི། མི་བཟོད་པའི་རྒྱུ་དང༌། ལྕི་ཡང་གི་རང་བཞིན་བརྟག་པ་དང༌། དཔེ་དོན་གྱི་དངོས་པོ་དགོད་པ་དང༌། ལམ་གོམས་པའི་ཚུལ་གྱིས་སྦྱང་བའོ། །བདེ་བ་ཉིད་ཡིན་པ་ལ་གསུམ། བྱེད་པ་ཁྱད་པར་དུ་འཕགས་པ་བསྔགས་པ་དང༌། བདེ་བའི་གཞིར་གྲུབ་པ་དང༌། སྒྱིད་ལུག་པ་སྤོངས་པར་གདམས་པའོ། །དཔུང་ཚོགས་བསྐྱེད་པ་ལ་གཉིས། ངོ་བོ་དང་འབྲས་བུའི་སྒོ་ནས་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བཞི། མོས་པ་དང༌། བརྟན་པ་དང༌། དགའ་བ་དང༌། དོར་བའི་དཔུང་ངོ༌། །དང་པོ་ལ་བཞི། སྔར་མོས་པ་མ་བྱས་པ་ལ་འགྱོད་པ་བསྐྱེད་པ་དང༌། མོས་པ་བསྐྱེད་པར་རིགས་པ་དང༌། དེ་ཇི་ལྟར་བསྐྱེད་པའི་ཐབས་དང༌། མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཉེས་པ་འདོར་བ་དང༌། ཡོན་ཏན་བསྒྲུབ་པ་དང༌། བྱས་པའི་རྣམ་གྲངས་བརྟག་པའོ། །ཇི་ལྟར་བསྐྱེད་པའི་ཐབས་ལ་བཞི། ལས་འབྲས་སྤྱིར་བསམ་པ་དང༌། འདྲེས་མའི་ལས་འབྲས་དང༌། གཅིག་ཏུ་དཀར་བའི་ལས་འབྲས་དང༌། གཅིག་ཏུ་གནག་པའི་ལས་འབྲས་སོ། །བརྟན་པའི་དཔུང་ལ་གཉིས། རྩོམ་པ་བརྟན་པ་དང༌། ཞུགས་པ་བརྟན་པའོ། །དང་པོ་ལ་གཉིས། མི་ལྡོག་པའི་ཐབས་དང༌། དེ་ལྟར་མ་བྱས་པའི་ཉེས་པའོ། །ཞུགས་པ་བརྟན་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། ལས་དང༌། ནུས་པ་དང༌། ཉོན་མོངས་པའི་ང་རྒྱལ་ལོ། །དང་པོ་ལ་གསུམ། བསྟན་པ་དང༌། བཤད་པ་དང༌། མཇུག་བསྡུ་བའོ། །ནུས་པའི་ང་རྒྱལ་ལ་གཉིས། རིགས་པ་དང༌། བསྟེན་པའི་ཐབས་སོ། །དང་པོ་ལ་ལྔ། ང་རྒྱལ་མེད་པའི་ཉེས་པ་དཔེས་བསྟན་པ་དང༌། ཉེས་པ་དེ་འབྱུང་བའི་རྒྱུ་དང༌། ང་རྒྱལ་དེའི་ཆེ་བ་དང༌། དེ་བསྟེན་པར་འབད་པ་དང༌། མ་འབད་ན་དམ་བཅའ་ཉམས་པའོ། །བསྟེན་པའི་ཐབས་ལ་གསུམ། གཉེན་པོའི་ང་རྒྱལ་གྱི་རང་བཞིན་དང༌། ཉོན་མོངས་པའི་ང་རྒྱལ་ལ་ང་རྒྱལ་གྱི་དོན་མེད་པ་དང༌། གཉེན་པོའི་ང་རྒྱལ་གྱིས་སྤྲོ་བ་བསྐྱེད་པའོ། །ཉོན་མོངས་པའི་ང་རྒྱལ་ལ་གསུམ། ཉོན་མོངས་པ་ཉེ་ན་སྟོབས་བསྐྱེད་པ་དང༌། ཉོན་མོངས་པས་མ་གོས་པ་ཉིད་དུ་ལྷུར་བྱ་བ་དང༌། དེ་ཉིད་བཤད་པའོ། །དགའ་བའི་དཔུང་ལ་གསུམ། ལས་ཀྱི་ངོ་བོ་ལ་དགའ་བར་བྱ་བ་དང༌། དེས་མི་ངོམས་པར་བྱ་བ་དང༌། དེ་ལ་འཇུག་པའི་ཚུལ་ལོ། །དོར་བའི་དཔུང་ལ་གཉིས། རེ་ཞིག་དོར་བ་དང༌། གཏན་དུ་དོར་བའོ། །ལྷུར་བླང་བ་ལ་གཉིས། ཉེས་པ་སྤང་བའི་ཚུལ་ལྷུར་བླང་བ་དང༌། རྗེས་སུ་མཐུན་པའི་བྱ་བ་བསྒྲུབ་པའོ། །དང་པོ་ལ་གཉིས། བག་ཡོད་པ་དང༌། དྲན་པ་དང་ཤེས་བཞིན་ནོ། །གཉིས་པ་ལའང་མི་དགེ་བའི་སྐབས་མི་དབྱེ་བ་དང༌། བྱུང་བ་བཟློག་པའོ། །བསམ་གཏན་གྱི་ལེའུ་ལ་གསུམ། མཚམས་སྦྱར་བའི་ཚུལ་གྱིས་བརྗོད་བྱའི་ངོ་བོ་བསྟན་པ་དང༌། དོན་དངོས་དང༌། རྗེས་སུ་གདམས་པའོ། །དོན་དངོས་ལ་གསུམ། ཞི་གནས་ཀྱིས་མི་མཐུན་པའི་ཕྱོགས་སྤང་བ་དང༌། དབེན་པའི་ཡོན་ཏན་བསྒོམ་པ་དང༌། ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། བསྡུས་ཏེ་གདམས་པའོ། །དང་པོ་ལ་གསུམ། འཇིག་རྟེན་དང༌། རྣམ་རྟོག་དོར་བ་དང༌། དེ་གཉིས་མི་སྤོང་བའི་རྒྱུ་བཤད་པ་དང༌། ཟུང་དུ་འཇུག་པས་ཉོན་མོངས་པ་སྤང་བའོ། །རྒྱས་པར་བཤད་པ་ལ་གཉིས། འཇིག་རྟེན་སྤང་བ་དང༌། རྣམ་པར་རྟོག་པ་དོར་བའོ། །དང་པོ་ལ་གསུམ། སེམས་ཅན་ལ་མ་ཆགས་པར་བསྒྲུབ་པ་དང༌། རྙེད་སོགས་ལ་མ་ཆགས་པར་བསྒྲུབ་པ་དང༌། ཞེན་པའི་ཡུལ་གཞན་སྤང་བའོ། །དང་པོ་ལ་གཉིས། ཡུལ་ཅན་ལ་ཆགས་པའི་ཉེས་པ་དང༌། ཆགས་བྱ་ཡུལ་གྱི་ཉེས་པའོ། །དང་པོ་ལ་ལྔ། འདོད་པ་དང་མི་ཕྲད་པ་དང༌། མ་མཐོང་ན་གདུང་བ་བསྐྱེད་པ་དང༌། ཆོག་མི་ཤེས་པ་དང༌། ཐར་པ་ལ་སྒྲིབ་པ་དང༌། དལ་འབྱོར་ཆུད་གསོན་པའོ། །གཉིས་པ་ལ་བདུན། དོན་ཆེན་པོ་འཇིགས་པ་དང༌། འགྲོ་བ་དམན་པར་ཁྲིད་པ་དང༌། མི་བརྟན་པ་དང༌། བརྟེན་པར་དཀའ་བ་དང༌། ཕན་པ་མི་ཐོབ་ཅིང་བདག་ཀྱང་ཉེས་པ་ལ་སྦྱོར་བ་དང༌། ཉེས་པ་མདོར་བསྡུ་བ་དང༌། དེ་སྤང་བའི་ཚུལ་ལོ། །རྙེད་སོགས་ལ་མ་ཆགས་པ་བསྒྲུབ་པ་ལ་གཉིས། ཡུལ་ཅན་གྱི་ཉེས་པ་དང༌། ཡུལ་གྱི་ཉེས་པའོ། །དང་པོ་ལ་གཉིས། དྲེགས་པའི་ཉེས་པ་དང༌། ཆགས་པའི་ཉེས་པའོ། །ཡུལ་གྱི་ཉེས་པ་ལ་གཉིས། གཡོ་བ་མེད་པ་དང༌། ཕན་གནོད་མེད་པའོ། །ཞེན་པའི་ཡུལ་གཞན་སྤང་བ་ལ་ལྔ། མི་ནུས་པའི་གཞན་དོན་ལ་མ་ཞེན་པ་དང༌། གྲོགས་དང་གནས་བཟང་བ་ལ་མ་ཞེན་པར་སྨོན་པ་དང༌། ལོངས་སྤྱོད་ལ་མ་ཞེན་པར་སྨོན་པ་དང༌། ལུས་ལ་མ་ཞེན་པ་དང༌། དོན་བསྡུ་བའོ། །དང་པོ་ལ་གསུམ། གཞན་རྗེས་སུ་འཛིན་པའི་མཐུ་མེད་པ་དང༌། དེའི་འཐད་པ་དང༌། ལུང་དང་སྦྱར་བའོ། །ལུས་ལ་མ་ཞེན་པ་ལ་ལྔ། མི་གཙང་བ་དང༌། མཛའ་བ་རྣམས་ངེས་པར་འབྲལ་བ་དང༌། ཡིད་བརྟན་པའི་གནས་མ་ཡིན་པ་དང༌། དབེན་པའི་གནས་ངེས་པར་འཛིན་པ་དང༌། མི་གཡེང་བའི་ཡོན་ཏན་བསྟན་པའོ། །རྣམ་པར་རྟོག་པ་དོར་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། ཚེ་འདི་ཕྱི་གཉིས་ཀྱི་ཉེས་པའི་འབྲས་བུ་འཇིག་པ་དང་བཅས་པར་བརྟག་པ་དང༌། རང་གི་ངོ་བོ་མི་གཙང་བར་བརྟག་པ་དང༌། རྒྱུས་གནོད་པ་མང་བར་བརྟག་པའོ། །དང་པོ་ལ་གཉིས། དུར་ཁྲོད་ཀྱི་ཆོས་ལ་སྦྱར་བ་དང༌། གསོན་པོའི་ཆོས་ལ་སྦྱར་བའོ། །དང་པོ་ལ་དྲུག བརྣག་པར་བྱ་བ་དོན་མེད་པ་དང༌། དུར་ཁྲོད་དུ་བོར་བ་ལས་མ་འདས་པ་དང༌། སེར་སྣས་བསྲུང་བར་མི་རིགས་པ་དང༌། རྒྱན་གདགས་པར་མི་རིགས་པ་དང༌། ཤིན་ཏུ་འཇིགས་པར་རིགས་པ་དང༌། གོས་ཀྱིས་བརྒྱན་པ་ཆགས་པའི་གནས་མ་ཡིན་པའོ། །གསོན་པོའི་ཆོས་ལ་སྦྱར་བ་ལ་གསུམ། མི་གཙང་བར་མངོན་སུམ་དུ་གྱུར་པ་དང༌། རྗེས་སུ་དཔག་པར་ངེས་པ་དང༌། གཙང་བའི་མཚན་མ་དགག་པའོ། །དང་པོ་ལ་ལྔ། མི་གཙང་བ་ལ་ཆགས་པ་སྨད་པ་དང༌། ཡུལ་ལ་བརྟགས་པས་ཆགས་པར་མི་རིགས་པ་དང༌། ལུས་སེམས་སོ་སོར་ཆགས་པའི་གནས་མ་ཡིན་པ་དང༌། རང་གཞན་གཉིས་ཀ་ཆགས་པའི་གནས་མ་ཡིན་པ་དང༌། དབྱིབས་ཆགས་པའི་གནས་མ་ཡིན་པའོ། །རྗེས་དཔག་གིས་ཉེས་པ་ལ་ལྔ། མི་གཙང་བའི་རྒྱུ་ཡིན་པ་དང༌། མི་གཙང་བའི་འབྲས་བུར་དཔོག་པ་དང༌། མི་གཙང་བ་ལ་བརྐམ་པར་མི་རིགས་པ་དང༌། རང་གི་ལུས་ཉིད་མི་གཙང་བར་བསྒྲུབ་པ་དང༌། མི་གཙང་བ་བསྒོམ་པ་ལ་སྦྱར་བས་ཞེན་པ་དང་བྲལ་བའོ། །གཙང་བའི་མཚན་མ་དགག་པ་ལ་གསུམ། བཅོས་མའི་རྒྱན་གྱིས་གཙང་མར་མི་སྒྱུར་བ་དང༌། ལུས་ཀྱི་རང་བཞིན་མི་སྡུག་པར་བརྟག་པ་དང༌། ཡིད་འབྱུང་བའི་གནས་ཡིན་པར་བརྟག་པའོ། །རྒྱུས་གནོད་པ་མང་བར་བརྟག་པ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་བདུན། འདོད་པ་སྤྱོད་པའི་མཐུ་མེད་པ་དང༌། སྐབས་མི་རྙེད་པ་དང༌། རང་དབང་མེད་པ་དང༌། དུས་གསུམ་དང་འབྲེལ་བའི་ཉེས་པས་ཐར་པ་འགོག་པ་དང༌། དཔེས་ཉེས་པ་བསྡུས་ཏེ་བསྟན་པ་དང༌། དལ་འབྱོར་ཆུད་གསོན་པ་དང༌། ཉེས་པ་རྣམས་རྒྱ་ཆེར་ཤེས་པར་བྱས་ལ་ཐར་པ་ལ་བློ་སྦྱར་བའོ། །སྤྱི་དོན་གཉིས་པ་དབེན་པའི་ཡོན་ཏན་བསྒོམ་པ་ལ་གསུམ། ཕུན་སུམ་ཚོགས་པའི་ཁྱད་པར་དང༌། བདེ་བའི་ཁྱད་པར་དང༌། རྙེད་དཀའ་བའི་ཁྱད་པར་རོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། འགལ་རྐྱེན་མེད་པ་དང༌། མཐུན་རྐྱེན་ཚང་བའོ། །སྤྱི་དོན་གསུམ་པ་ཞི་གནས་ཀྱི་དམིགས་པ་ཡིད་ལ་བྱ་བ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། དོན་རྗེས་སུ་གདམས་པའོ། །རྒྱས་པར་བཤད་པ་ལ་གཉིས། བདག་གཞན་མཉམ་པ་དང༌། བརྗེ་བའོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། ཉམས་སུ་བླང་བ་རྒྱས་པར་བཤད་པ་དང༌། མཇུག་བསྡུས་ཏེ་གདམས་པའོ། །རྒྱས་པར་བཤད་པ་ལ་གསུམ། སྡུག་བསྔལ་ཅན་བདག་ཏུ་བཟུང་བས་བདག་གཞན་མཉམ་པ་དང༌། སྡུག་བསྔལ་སྤང་བྱ་ཡིན་པས་མཉམ་པ་དང༌། མཉམ་པར་བསྒོམས་པའི་ཕན་ཡོན་ནོ། །དང་པོ་ལ་གསུམ། མདོར་བསྟན་པ་དང༌། བསྒྲུབ་པ་དང༌། དེ་རབ་ཏུ་ཕྱེ་སྟེ་བསྒོམ་པའོ། །སྡུག་བསྔལ་སྤང་བྱ་ཡིན་པས་མཉམ་པ་ལ་གསུམ། སྤང་བྱ་དང་བསྒྲུབ་བྱའི་རྟགས་དགོད་པ་དང༌། རྟགས་གཉིས་པའི་ཁྱབ་པ་བསྒྲུབ་པ་དང༌། རྟགས་དང་པོའི་ཁྱབ་པ་བསྒྲུབ་པའོ། །དེ་ལ་གཉིས། ཁྱབ་པ་མ་གྲུབ་པར་རྟོག་པ་དགག་པ་དང༌། གྲུབ་པ་ལ་འཁྲུལ་པ་སྤང་བའོ། །དང་པོ་ལ་གསུམ། སྡུག་བསྔལ་སྤང་བྱར་མཚུངས་པ་དང༌། མི་མཚུངས་པའི་རྒྱུ་མཚན་དགག་པ་དང༌། སྐབས་ཀྱི་དོན་བསྡུ་བའོ། །བར་པ་ལ་བཞི། གནོད་མི་གནོད་ཀྱི་རྒྱུ་མཚན་དགག་པ་དང༌། བདག་གཅིག་པུར་འཛིན་པས་འཁྲུལ་པ་དང༌། ལུས་ཀྱི་ཆ་ཐ་དད་པས་འཁྲུལ་པ་དང༌། མི་རིགས་པར་འཛིན་པ་སྤོང་བའི་དཔེས་བསྟན་པའོ། །གྲུབ་པ་ལ་འཁྲུལ་པ་སྤང་བ་ལ་གསུམ། རྒོལ་བ་དགོད་པ་དང༌། གཏན་ཚིགས་ངོ་བོ་མ་ཞུགས་པ་དང༌། ཁྱད་པར་མ་ཞུགས་པའོ། །མཉམ་པར་བསྒོམས་པའི་ཕན་ཡོན་ལ་བཞི། གཞན་དོན་ལ་དགའ་བས་འཇུག་པ་དང༌། དགའ་བདེ་མཆོག་ཏུ་གྱུར་པ་དང༌། རང་གི་དྲེགས་པ་ཞི་བ་དང༌། འབྲས་བུ་ལ་དོན་དུ་གཉེར་བ་མེད་པའོ། །མཇུག་བསྡུས་ཏེ་གདམས་པ་ལ་གཉིས། གཞན་དོན་ཆེད་ཆེར་གཟུང་བ་དང༌། མཉམ་པར་གཟུང་བར་ནུས་པའོ། །བདག་གཞན་བརྗེ་བ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གསུམ། བརྗེ་བའི་མཚན་ཉིད་བཤད་པ་དང༌། བརྗེ་བའི་བསམ་པ་རྗེས་སུ་བསྒྲུབ་པ་དང༌། སྦྱོར་བ་རྗེས་སུ་བསྒྲུབ་པའོ། །དང་པོ་ལ་བཞི། གཞན་བླང་བ་དང༌། བདག་གཅེས་པར་འཛིན་པ་དོར་བ་དང༌། དག་གཞན་གཙོ་བོར་བྱེད་པའི་སྐྱོན་དང་ཡོན་ཏན་དང༌། དོན་བསྡུ་བའོ། །དང་པོ་ལ་བདུན། བརྗེ་བར་ནུས་པ་དང༌། དྲེགས་པ་ཞི་བ་དང༌། འབྲས་བུ་ལ་མི་ལྟོས་པ་དང༌། སྒྲུབ་བྱེད་ལ་འབད་པ་དང༌། གཞན་དོན་ཆེད་ཆེར་གཟུང་བ་དང༌། གོམས་པས་འགྲུབ་པ་དང༌། བདག་གཞན་སྡུག་བསྔལ་ལས་སྒྲོལ་བའོ། །བདག་གཅེས་པར་འཛིན་པ་དོར་བ་ལ་གཉིས། སྐྲག་པའི་གནས་མ་ཡིན་པ་ལ་སྐྲག་པ་དང༌། ཉེས་པར་སྤྱོད་པ་ལ་སྦྱོར་བའོ། །བདག་གཞན་གཙོ་བོར་བྱེད་པའི་སྐྱོན་དང་ཡོན་ཏན་གྱི་རྣམ་གྲངས་ལ་གསུམ། སྐྱོན་ཡོན་གྱི་རྣམ་གྲངས་དངོས་དང༌། དེས་ན་གཅེས་པར་འཛིན་པ་དོར་བ་དང༌། དཔེ་དོན་གྱི་སྒོ་ནས་སྡུག་བསྔལ་གྱི་རྩ་བ་སྤང་བའོ། །དང་པོ་ལ་བཞི། སྦྱིན་པའི་དབང་དུ་བྱས་པ་དང༌། གནོད་པའི་དབང་དུ་བྱས་པ་དང༌། ཕན་པའི་དབང་དུ་བྱས་པ་དང༌། དོན་བསྡུས་ཏེ་གདམས་པའོ། །དེས་ན་གཅེས་པར་འཛིན་པ་དོར་བ་ལ་གཉིས། དོན་དངོས་དང༌། དེའི་དཔེ་དོན་བསྒྲུབ་པའོ། །དོན་བསྡུ་བ་ལ་ལྔ། བརྗེ་བའི་ཆེད་དུ་བྱ་བ་དང༌། རང་བཞིན་དང༌། བསམ་པའི་ཁྱད་པར་དང༌། ལོག་པར་སྦྱོར་བ་དགག་པ་དང༌། ཡང་དག་པའི་སྦྱོར་བ་བསྟན་པའོ། །བརྗེ་བའི་བསམ་པ་རྗེས་སུ་བསྒྲུབ་པ་ལ་གསུམ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། མཇུག་རྗེས་སུ་གདམས་པའོ། །རྒྱས་པར་བཤད་པ་ལ་བཞི། ཕྲག་དོག་བསྒོམ་པ་དང༌། འགྲན་སེམས་བསྒོམ་པ་དང༌། ང་རྒྱལ་བསྒོམ་པ་དང༌། དེ་དག་གི་ཕན་ཡོན་ཡིད་ལ་བྱ་བའོ། །དང་པོ་ལ་གསུམ། འཇིག་རྟེན་པའི་ཆོས་ལ་ཕྲག་དོག་བྱ་བ་དང༌། ཡོན་ཏན་ལ་ཕྲག་དོག་བྱ་བ་དང༌། བསྒོམས་ནས་ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །འགྲན་སེམས་བསྒོམ་པ་ལ་བཞི། བསྙེན་བཀུར་ལ་འགྲན་པ་དང༌། ཡོན་ཏན་ལ་འགྲན་པ་དང༌། ལེགས་པའི་རྣམ་གྲངས་ལ་འགྲན་པ་དང༌། གནོད་པ་ལ་སྦྱར་བ་ལ་དགའ་བ་བསྐྱེད་པའོ། །ང་རྒྱལ་བསྒོམ་པ་ལ་བཞི། བསྒོམ་པའི་རྣམ་པ་དང༌། བསྒོམ་པའི་ལེགས་པ་དང༌། བསྒོམས་ནས་བསྟེན་པའི་ཚུལ་དང༌། ང་རྒྱལ་དང་བྲལ་བའི་ཉེས་པའོ། །དེ་དག་གི་ཡོན་ཏན་ཡིད་ལ་བྱ་བ་ལ་གསུམ། མི་བསྒོམ་པ་སྨད་པ་དང༌། ཕན་ཡོན་གྱི་ཤེས་བྱེད་དང༌། ཕན་ཡོན་གྱི་རང་བཞིན་ནོ། །བསྒོམ་པའི་སྦྱོར་བ་རྗེས་སུ་བསྒྲུབ་པ་ལ་གཉིས། སྦྱར་བའི་ཚུལ་དང༌། སྦྱོར་བ་ལ་སེམས་དབང་དུ་བྱ་བའོ། །དང་པོ་ལ་དྲུག སྤྱིར་བསྟན་པ་དང༌། གཞན་བདེ་བ་ལ་སྦྱོར་བ་དང༌། ཉེས་པ་ཐམས་ཅད་དྭང་དུ་བླང་བ་དང༌། གཞན་གྱི་ཕྱིར་དམན་པའི་གནས་བླང་བ་དང༌། དོན་བསྡུ་བ་དང༌། དཔེ་དོན་གྱི་སྒོ་ནས་སེམས་ཡང་དག་པར་བསྲུང་བའོ། །སྦྱོར་བ་ལ་སེམས་དབང་དུ་བྱ་བ་ལ་གསུམ། བསྟན་པ་དང་བཤད་པའི་ཚུལ་གྱིས་ཚར་གཅད་པ་དང༌། རང་ཆེད་དུ་སྦྱོར་བའི་ཉེས་པ་དང༌། ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྦྱོར་བའོ། །བར་པ་ལ་ལྔ། རང་དོན་ལ་སྦྱར་བའི་ཉེས་པ་དྲན་པར་བྱ་བ་དང༌། དེའི་དབང་དུ་མི་གཏང་བའི་བསམ་པ་དང༌། བདག་འཛིན་གྱི་ཉེས་པ་དང༌། དེས་ན་སྟོང་པར་གདམས་པ་དང༌། གཞན་དོན་ལ་གཅེས་སྤྲས་སུ་བྱ་བའོ། །ལུས་ཀྱི་ཉེས་པ་བརྟགས་ནས་དགེ་བ་ལ་སྦྱར་བ་ལ་བཞི། ཆོག་མི་ཤེས་པའི་ཉེས་པ་དང༌། ཆོག་ཤེས་པའི་ཡོན་ཏན་དང༌། གཡོ་བ་མེད་པ་དང༌། རྨོངས་པའི་རྣམ་པ་ཡིད་ལ་བྱ་བའོ། །དེ་ལ་བཞི། ལེགས་ཉེས་ལ་རྨོངས་པ་དང༌། སྟོད་སྨད་ལ་རྨོངས་པ་དང༌། རྩོད་པ་སྤོང་བ་དང༌། དགོས་པ་ལ་སྦྱར་བའོ། །ཞི་གནས་ཀྱིས་དམིགས་པའི་དོན་གསུམ་རྗེས་སུ་གདམས་པ་ལ་གཉིས། མི་མཐུན་པ་སྤང་བ་དང༌། མཐུན་པའི་ཚོགས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལ་གསུམ། མཚམས་སྦྱར་བའི་ཚུལ་གྱིས་བརྗོད་བྱའི་ངོ་བོ་བསྟན་པ་དང༌། ལེའུའི་དོན་དངོས་དང༌། མཇུག་རྗེས་གདམས་པའོ། །དོན་དངོས་ལ་གསུམ། བདེན་པ་གཉིས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པ་དང༌། བདག་མེད་གཉིས་ཀྱི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་དང༌། ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གསུམ། བདེན་པ་གཉིས་སུ་དབྱེ་བ་དང༌། དེའི་མཚན་ཉིད་དང༌། མཚན་ཉིད་དེ་བསྒྲུབ་པའོ། །དེ་ལ་གསུམ། གནོད་པའི་ཡུལ་བློའི་རབ་ཏུ་དབྱེ་བ་དང༌། གནོད་པའི་རིམ་པ་དང༌། དེ་ལ་རྩོད་པ་སྤོང་བའོ། །གཉིས་པ་བདག་མེད་པ་གཉིས་ཀྱི་སྒོ་ནས་རྒྱས་པར་བཤད་པ་ལ་གཉིས། ཆོས་ཀྱི་བདག་མེད་པ་བསྒོམ་པ་དང༌། གང་ཟག་གི་བདག་མེད་པ་བསྒོམ་པའོ། །དང་པོ་ལ་གཉིས། ཡུལ་དང་ཡུལ་ཅན་སྟོང་པ་ཉིད་དུ་བསྒྲུབ་པ་དང༌། དེ་ལྟར་ཤེས་པ་ལམ་དུ་བསྒྲུབ་པའོ། །དང་པོ་ལ་གསུམ། བྱེ་བྲག་ཏུ་སྨྲ་བའི་རྩོད་པ་སྤང་བ་དང༌། མདོ་སྡེ་པའི་རྩོད་པ་སྤང་བ་དང༌། སེམས་ཙམ་པའི་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། ཚད་མ་དང་འགལ་བ་དང༌། ལུང་དང་འགལ་བའོ། །དེ་ལ་གསུམ། དགོངས་པའི་དགོས་པ་དང༌། དངོས་ཀྱི་དོན་ལ་གནོད་པའི་ཚད་མ་དང༌། རྩོད་པ་སྤང་བའོ། །མདོ་སྡེ་པའི་རྩོད་པ་སྤང་བ་ལ་བཞི། ཚོགས་ཀྱི་རྟེན་གསུངས་པ་འགལ་བ་དང༌། ཉིང་མཚམས་སྦྱོར་བར་གསུངས་པ་དང༌། ལས་ཀྱི་རྟེན་གསུངས་པ་དང༌། འཁོར་བ་དང་མྱ་ངན་ལས་འདས་པའི་ཐ་སྙད་རྣམ་པར་གཞག་པས་མི་གནོད་པའོ། །སེམས་ཙམ་པའི་རྩོད་པ་སྤང་བ་ལ་གཉིས། འཁྲུལ་ཤེས་མེད་ན་འཛིན་པ་མ་གྲུབ་པར་ཐལ་བ་དང༌། འཁྲུལ་གཞི་མེད་ན་འཁོར་བ་མ་གྲུབ་པར་ཐལ་བའོ། །དང་པོ་ལ་གསུམ། རྣམ་མེད་པའི་རྩོད་སྤང་དང༌། རྣམ་བཅས་པའི་རྩོད་སྤང་དང༌། བདེན་འཛིན་ལྡོག་སྡེ་སྐབས་བསྡུ་བའོ། །དང་པོ་ལ་གཉིས། རྒོལ་བ་དང༌། ལན་ནོ། །རྣམ་བཅས་པའི་རྩོད་སྤང་ལ་གསུམ། འདོད་པ་བརྗོད་པ་དང༌། སྒྲུབ་བྱེད་དགག་པ་དང༌། བཀག་པས་རང་ལ་གནོད་པ་སྤང་པའོ། །སྒྲུབ་བྱེད་དགག་པ་ལ་གསུམ། གནོད་པ་མདོར་བསྟན་པ་དང༌། ལུང་གིས་གནོད་པ་དང༌། རང་རིག་དོན་དམ་ལ་གནོད་པ་རྒྱས་པར་བརྗོད་པའོ། །དེ་ལ་ལྔ། དཔེ་ཉིད་མ་གྲུབ་པ་དང༌། དོན་དང་མི་མཚུངས་པ་དང༌། ཡོད་པར་ངེས་པའི་ཐ་སྙད་དགག་པ་དང༌། འབྲས་བུའི་རྟགས་འཁྲུལ་པ་དང༌། རང་བཞིན་གྱི་རྟགས་འཁྲུལ་བའོ། །དང་པོ་ལ་གསུམ། མར་མེའི་གསལ་བས་མ་ངེས་པ་དང༌། ལྷན་ཅིག་སྐྱེས་པའི་དངོས་པོ་མ་ངེས་པ་སྤང་བ་དང༌། བྱ་བྱེད་དགག་པའོ། འཁྲུལ་གཞི་མེད་ན་འཁོར་བ་མ་གྲུབ་པར་ཐལ་བ་ལ་གཉིས། རྒོལ་བ་དགོད་པ་དང༌། ལན་ནོ། །དེ་ལ་གསུམ། རྟེན་དངོས་མེད་ཀྱིས་དངོས་པོར་མི་འགྱུར་བ་དང༌། རང་ལ་མཚུངས་པ་དང༌། སྐབས་བསྡུ་བའོ། །དེ་ལྟར་ཤེས་པ་ལམ་དུ་བསྒྲུབ་པ་ལ་གསུམ། ཀུན་རྫོབ་སྒྱུ་མར་ཤེས་པ་ལམ་དུ་བསྒྲུབ་པ་དང༌། དོན་དམ་སྟོང་པར་ཤེས་པ་ལམ་དུ་བསྒྲུབ་པའི་ཕྱིར་ཉན་ཐོས་ཀྱི་རྩོད་སྤང་དང༌། ཤེས་པ་གཉིས་ཀྱིས་བྱེད་པ་བསྡུས་ཏེ་བསྟན་པའོ། །དང་པོ་ལ་གཉིས། རྒོལ་བ་དང༌། ལན་ནོ། །དེ་ལ་བཞི། ཕྱོགས་གཅིག་སྒྱུ་མར་རྟོགས་པ་ལམ་མ་ཡིན་པ་དང༌། ཐམས་ཅད་སྒྱུ་མར་རྟོགས་པ་ལམ་ཡིན་པ་དང༌། དེ་ལ་སྣང་བ་མེད་པའི་ཤེས་རབ་སྐྱེ་བའི་ཚུལ་དང༌། ཕྲིན་ལས་འཇུག་པ་བདེ་བ་ལ་མི་ལྟོས་པའོ། །གཉིས་པ་ལ་གསུམ། ཡོད་པར་འཛིན་པ་སྤང་བ་དང༌། མེད་པར་འཛིན་པའང་སྤང་བ་དང༌། དེའི་འཐད་པའོ། །ཕྲིན་ལས་འཇུག་པ་འབད་པ་ལ་མི་ལྟོས་པ་ལའང་གསུམ། རྒྱུད་དག་པའི་གདུལ་བྱ་ལ་སྣང་བ་དང༌། སྣང་བ་དེས་ཕན་པ་རྗེས་སུ་བསྒྲུབ་པ་དང༌། དེའི་རྩོད་པ་སྤང་བའོ། །དེ་ལ་གསུམ། རྩོད་པ་དགོད་པ་དང༌། ལུང་གིས་བསྒྲུབ་པ་དང༌། དེའི་ཁྱབ་པ་བསྒྲུབ་པའོ། །ཉན་ཐོས་ཀྱི་རྩོད་སྤང་ལ་གཉིས། རྒོལ་བ་དགོད་པ་དང༌། དེའི་ལན་ནོ། །དེ་ལ་གཉིས། ལུང་གིས་མདོར་བསྟན་པ་དང༌། བརྒལ་ལན་གྱིས་རྒྱས་པར་བཤད་པའོ། །དེ་ལ་བཞི། ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང༌། བཀའི་ནང་ནས་ངེས་དོན་དུ་བསྒྲུབ་པ་དང༌། སྐབས་བསྡུ་བ་དང༌། ཐེག་པ་ཆེན་པོ་བཀར་སྒྲུབ་བྱེད་རྒྱས་པར་བཤད་པའོ། །དང་པོ་ལ་གཉིས། བླང་བའི་རྒྱུ་མཚན་མཚུངས་པ་དང༌། དོར་བའི་རྒྱུ་མཚན་མཚུངས་པའོ། །ངེས་དོན་དུ་བསྒྲུབ་པ་ལ་གསུམ། སྡུག་བསྔལ་སྤང་བའི་མྱ་ངན་ལས་འདས་པ་མི་འཐད་པ་དང༌། དེ་ལ་རྩོད་པ་སྤང་བ་དང༌། འཐད་པ་ལ་སྦྱར་བའོ། །རྩོད་སྤང་ལ་གཉིས། ལྷག་བཅས་ཀྱི་སྡུག་བསྔལ་ཡོད་པ་དང༌། ལྷག་མེད་ཀྱི་སྡུག་བསྔལ་མེད་པའོ། །དང་པོ་ལ་གསུམ། རྩོད་པ་དགོད་པ་དང༌། དེའི་ལན་ནོ། །འདོད་པ་ལ་གནོད་པའོ། །ལྷག་མེད་ཀྱི་སྡུག་བསྔལ་ལ་གསུམ། རྩོད་པ་དགོད་པ་དང༌། སྲེད་པ་ཡོད་པ་དང༌། དེའི་རྒྱུ་ཚོར་བ་ཡོད་པའོ། །བཀར་སྒྲུབ་བྱེད་རྒྱས་པ་ལ་གཉིས། རྒྱུ་མཚན་མཚུངས་པ་དང༌། མ་རྟོགས་པ་སྤང་བར་མི་འཐད་པའོ། །ཤེས་པ་གཉིས་ཀྱིས་བྱེད་པ་མདོར་བསྡུས་ཏེ་བསྟན་པ་ལ་བཞི། མཆོག་ཏུ་གྱུར་པའི་འབྲས་བུ་བསྐྱེད་པ་དང༌། དེས་ན་སུན་དབྱུང་བའི་གནས་མ་ཡིན་པ་དང༌། བསྒོམས་པས་གཉེན་པོར་འགྲོ་ཚུལ་དང༌། ལྡོག་པའི་རྒྱུ་མཚན་མ་གྲུབ་པའོ། །དེ་ལ་གཉིས། སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་དང༌། འཇིགས་པར་འོས་པའི་རྒྱུ་བདག་མ་གྲུབ་པའོ། །གང་ཟག་གི་བདག་མེད་པ་བསྒོམ་པ་ལ་བཞི། ཁམས་དྲུག་བདག་མེད་པར་བསྒོམ་པ་སྤྱིར་བསྟན་པ་དང༌། མུ་སྟེགས་ཀྱིས་རྟག་པའི་བདག་དགག་པ་དང༌། བདག་མེད་པ་ལ་རྩོད་པ་སྤང་བ་དང༌། དྲན་པ་ཉེ་བར་གཞག་པའི་སྒོ་ནས་གང་ཟག་གིས་བདག་མེད་པ་བསྒོམ་པ་རྒྱས་པར་བཤད་པའོ། །མུ་སྟེགས་ཀྱིས་བདག་དགག་པ་ལ་གཉིས། གྲངས་ཅན་པའི་བདག་དགག་པ་དང༌། རིགས་པ་ཅན་གྱི་བདག་དགག་པའོ། །དང་པོ་ལ་གསུམ། སྐྱེས་བུ་སྤྱིར་དགག་པ་དང༌། གནས་སྐབས་དུ་མ་དང་འབྲེལ་བ་དགག་པ་དང༌། རང་བཞིན་གཅིག་དགག་པའོ། །དང་པོ་ལ་གསུམ། ཡུལ་ལ་རྟག་ཏུ་ལོངས་སྤྱོད་པར་ཐལ་བ་དང༌། ཁྱབ་པ་བསྒྲུབ་པ་དང༌། རྩོད་པ་སྤང་བའོ། །ཁྱབ་པ་བསྒྲུབ་པ་ལ་གསུམ། རང་བཞིན་མཉམ་པ་དང༌། ཧ་ཅང་ཐལ་བ་དང༌། སྐབས་བསྡུ་བའོ། །རྩོད་སྤང་ལ་ལྔ། སྒྲ་འཛིན་གྱི་གཟུགས་ཤེས་སུ་མི་འཐད་པ་དང༌། སྔར་བཤད་པའི་ཉེས་པ་མཚུངས་པ་དང༌། གཅིག་གིས་ཐ་སྙད་མི་འཐད་པ་དཔེ་མ་གྲུབ་པ་དང༌། གཅིག་པ་ཉིད་དུ་མི་དམིགས་པའོ། །རང་བཞིན་གཅིག་དགག་པ་ལ་གཉིས། དྲི་བ་དགོད་པ་དང༌། དེའི་ལན་ནོ། །དེ་ལ་གསུམ། སྐྱེས་བུ་ཐམས་ཅད་གཅིག་ཏུ་ཐལ་བ་དང༌། བློ་དང་སྐྱེས་བུ་གཅིག་ཏུ་ཐལ་བ་དང༌། སྤྱི་ཉིད་མ་གྲུབ་པའོ། །རིགས་པ་ཅན་གྱིས་བདག་དགག་པ་ལ་བཞི། རང་བཞིན་བེམས་པོ་བདག་མ་ཡིན་པ་དང༌། སེམས་ཅན་གཞན་དང་ལྡན་པས་བདག་ཏུ་མི་འཐད་པ་དང༌། དེའི་ཁྱབ་པ་བསྒྲུབ་པ་དང༌། དོན་བསྡུ་བའོ། །བདག་མེད་པ་ལ་རྩོད་པ་སྤང་བ་ལ་གཉིས། ལས་འབྲས་འབྲེལ་པ་མི་འཐད་པ་དང༌། སྙིང་རྗེ་བསྒོམ་པའི་ཡུལ་མི་འཐད་པ་སྤང་བའོ། །དང་པོ་ལ་དྲུག གཞན་གྱི་རྩོད་པ་དགོད་པ་དང༌། ཁས་བླངས་མཚུངས་པ་དང༌། དངོས་པོའི་ལན་དང༌། ལུང་དང་འགལ་བ་སྤང་བ་དང༌། རྩོད་པ་སྤང་བ་དང༌། དོན་བསྡུ་བའོ། །སྙིང་རྗེ་བསྒོམ་པའི་ཡུལ་མ་ཡིན་པ་མི་འཐད་པ་སྤང་བ་ལ་གཉིས། ཡུལ་མེད་པའི་རྩོད་པ་དང༌། ཡུལ་སེམས་ཅན་དུ་བསྒྲུབ་པའོ། །དེ་ལ་གཉིས། དགོས་པ་བཏགས་པ་ཙམ་འཐད་པ་དང༌། རྩོད་པ་སྤང་བའོ། །དེ་ལ་བཞི། རྫས་སུ་གྲུབ་པའི་གང་ཟག་ལ་མི་ལྟོས་པ་དང༌། བཏགས་པ་ཙམ་སྤང་བྱ་མ་ཡིན་པ་དང༌། རང་གིས་ཚིག་དང་འགལ་བ་སྤང་བ་དང༌། མཚུངས་པ་དགོད་པ་སྤང་བའོ། །དྲན་པ་ཉེ་བར་གཞག་པའི་སྒོ་ནས་བདག་མེད་པ་བསྒོམ་པ་རྒྱས་པར་བཤད་པ་ལ་བཞི། ལུས་དང༌། ཚོར་བ་དང༌། སེམས་དང༌། ཆོས་དྲན་པ་ཉེ་བར་གཞག་པའོ། །དང་པོ་ལ་གསུམ། ཡན་ལག་སོ་སོ་ཡུལ་མ་ཡིན་པ་དང༌། ཡན་ལག་ཅན་གྱིས་རྫས་མ་གྲུབ་པ་དང༌། སྤྱིའི་དོན་བསྡུ་བའོ། །བར་པ་ལ་ལྔ། ཡན་ལག་རྣམས་ལ་ཆའི་གནས་པ་མི་འཐད་པ་དང༌། བདག་ཉིད་ཐམས་ཅད་ཀྱིས་གནས་པ་མི་འཐད་པ་དང༌། ཚད་མས་ངེས་པའི་དོན་བསྡུ་བ་དང༌། ལུས་སུ་དམིགས་པ་འཁྲུལ་པ་ཡིན་པ་དང༌། འཁྲུལ་པར་བསྒྲུབ་པའོ། །དེ་ལ་གཉིས། འཁྲུལ་བའི་རྒྱུ་དང༌། འཁྲུལ་བའི་ཤེས་བྱེད་དོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ལ་བཞི། ཚོར་བའི་རང་བཞིན་མ་གྲུབ་པ་དང༌། རྒྱུ་རེག་པ་མ་གྲུབ་པ་དང༌། ཡུལ་མ་གྲུབ་པ་དང༌། འཛིན་བྱེད་མ་གྲུབ་པའོ། །དང་པོ་ལ་ལྔ། སྡུག་བསྔལ་དོན་དམ་དུ་མ་གྲུབ་པ་དང༌། བདེ་བ་དོན་དམ་དུ་མ་གྲུབ་པ་དང༌། རྩོད་པ་སྤང་བ་དང༌། དོན་དམ་དུ་མེད་པ་ཉིད་སྐབས་ལ་སྦྱར་བ་དང༌། རྣམ་པར་དཔྱད་པའི་དོན་ལ་རྣལ་འབྱོར་དུ་བྱ་བའོ། །རྩོད་པ་སྤང་བ་ལ་གསུམ། རྒོལ་བ་དགོད་པ་དང༌། ཚོར་བ་ཉིད་ཉམས་པ་དང༌། བདེ་བ་ལས་མ་འདས་པའོ། །རྒྱུ་རེག་པ་མ་གྲུབ་པ་ལ་བཞི། དབང་པོ་དང་དོན་ཕྲད་པ་མེད་པ་དང༌། རྣམ་ཤེས་དང་ཕྲད་པ་མེད་པ་དང༌། སྐབས་བསྡུ་བ་དང༌། དེས་གྲུབ་པའི་དོན་ཏོ། །དང་པོ་ལ་གཉིས། དབང་པོ་དང་དོན་རགས་པ་ཕྲད་པ་མེད་པ་དང༌། ཕྲ་བ་རྡུལ་ཕྲན་དང་ཕྲད་པ་མེད་པའོ། །དེ་ལ་བཞི། རྟགས་དགོད་པ་དང༌། ཕྱོགས་ཆོས་བསྒྲུབ་པ་དང༌། ཁྱབ་པ་བསྒྲུབ་པ་དང༌། དོན་བསྡུ་བའོ། །འཛིན་བྱེད་མ་གྲུབ་པ་ལ་བཞི། སེམས་མྱོང་བྱེད་མ་ཡིན་པ་དང༌། རང་མྱོང་བྱེད་མ་ཡིན་པ་དང༌། དེ་ལས་གཞན་མ་ཡིན་པ་དང༌། སྐབས་བསྡུ་བའོ། །སེམས་དྲན་པ་ཉེ་བར་གཞག་པ་ལ་གཉིས། ཡིད་ཀྱི་རང་བཞིན་མ་གྲུབ་པ་དང༌། རྣམ་པར་ཤེས་པ་ལྔའི་དམིགས་པ་མ་གྲུབ་པའོ། །ཆོས་དྲན་པ་ཉེ་བར་གཞག་པ་ལ་གཉིས། ཆོས་ཐམས་ཅད་སྐྱེ་བ་མེད་པར་གྲུབ་པ་དང༌། དེ་ལ་རྩོད་པ་སྤང་བའོ། །དེ་ལ་གསུམ། ཀུན་རྫོབ་མེད་པའི་ཧ་ཅང་ཐལ་བ་སྤང་བ་དང༌། ངེས་བྱེད་ཐུག་པ་མེད་པའི་སྐྱོན་སྤང་བ་དང༌། ཕྱི་རོལ་མུ་སྟེགས་བྱེད་ཀྱི་རྩོད་པ་སྤང་བའོ། །གཉིས་པ་ལ་གསུམ། ཡུལ་དང་ཡུལ་ཅན་གྱི་རྣམ་པར་གཞག་པ་སྤྱིར་བརྗོད་པ་དང༌། ཡུལ་ཅན་སྐྱེ་མེད་དུ་རྟོགས་པ་གཞན་ལ་ལྟོས་ན་ཐུག་པ་མེད་པ་དང༌། རང་ལ་ཉེས་པ་མེད་པའོ། །མུ་སྟེགས་བྱེད་ཀྱི་རྩོད་པ་སྤང་བ་ལ་གསུམ། སྒྲུབ་བྱེད་མེད་པ་དང༌། གནོད་བྱེད་ཡོད་པ་དང༌། ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་ལ་རྩོད་པ་སྤང་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ལ་གཉིས། ཕན་ཚུན་བརྟེན་པ་དཔེ་དང་བཅས་པ་དང༌། དཔེ་མི་མཚུངས་པས་འབྲས་བུའི་ཤེས་རྟོགས་དགག་པའོ། །གནོད་བྱེད་མེད་པ་ལ་གསུམ། རྒྱུ་མེད་ལས་སྐྱེ་བ་དགག་པ་དང༌། གཞན་ལས་སྐྱེ་བ་དགག་པ་དང༌། རང་ལས་སྐྱེ་བ་དགག་པའོ། །དང་པོ་ལ་བཞི། སྤྱིར་བསྟན་པ་དང༌། འབྲས་བུའི་རྣམ་དབྱེ་རྒྱུ་ལ་ལྟོས་པ་དང༌། རྒྱུའི་རྣམ་དབྱེ་རྒྱུ་ལ་ལྟོས་པ་དང༌། ནུས་པའི་རྣམ་དབྱེ་རྒྱུ་ལ་ལྟོས་པའོ། །གཞན་སྐྱེ་ལ་གཉིས། དབང་ཕྱུག་རྒྱུ་མ་ཡིན་པ་དང༌། རྡུལ་ཕྲན་རྒྱུ་མ་ཡིན་པའོ། །དང་པོ་ལ་བཞི། དྲི་བ་དགོད་པ་དང༌། དབང་ཕྱུག་ཉིད་མ་གྲུབ་པ་དང༌། འབྲས་བུ་མི་སྲིད་པ་དང༌། སྐྱེད་བྱེད་དགག་པའོ། །གཉིས་པ་ལ་བཞི། འབྱུང་བ་དགག་པ་དང༌། ནམ་མཁའ་དང༌། བདག་དང༌། བསམ་གྱིས་མི་ཁྱབ་པ་དགག་པའོ། །འབྲས་བུ་མི་སྲིད་པ་ལ་གཉིས། བདག་ལ་ནུས་པ་འགལ་བ་དང༌། ཤེས་པ་དང༌། བདེ་སྡུག་གཞན་ལ་ནུས་པ་མཐོང་བའོ། །སྐྱེད་བྱེད་དགག་པ་ལ་གསུམ། འབྲས་བུ་རེས་འགའ་བས་འགལ་བ་དང༌། དེ་ལྟོས་མེད་ཀྱིས་གྲུབ་པ་དང༌། ལྟོས་པ་ཉིད་དགག་པའོ། །དེ་ལ་གཉིས། ཐམས་ཅད་འབྲས་བུ་ཡིན་པས་ལྟོས་པ་འགལ་བ་དང༌། ལྟོས་ནས་དབང་ཕྱུག་ཏུ་འགལ་བའོ། །དེ་ལ་གསུམ། ཚོགས་པ་རྒྱུ་ཉིད་དུ་འགྱུར་བ་དང༌། ཚོགས་པའི་གཞན་དབང་དུ་འགྱུར་བ་དང༌། འདོད་པའི་གཞན་དབང་དུ་འགྱུར་བའོ། །རང་ལས་སྐྱེ་བ་དགག་པ་ལ་གཉིས། དགག་པའི་ཡུལ་བསྟན་པ་དང༌། དེ་དག་དགག་པའོ། །དང་པོ་ལ་གསུམ། ཡུལ་སྤྱིར་བརྗོད་པ་དང༌། གཙོ་བོའི་རང་བཞིན་དང༌། འབྲས་བུའི་རང་བཞིན་ནོ། །དེ་དག་དགག་པ་ལ་བཞི། གནོད་པ་སྤྱིར་བརྗོད་པ་དང༌། བདེ་སྡུག་ཕྱི་རོལ་གྱི་དོན་ཡིན་པ་དགག་པ་དང༌། གཙོ་བོ་བརྟག་པར་མི་འཐད་པ་དང༌། ཡོད་པ་སྐྱེ་བར་འགལ་བའོ། །དང་པོ་ལ་གསུམ། གཙོ་བོའི་རང་བཞིན་དགག་པ་དང༌། དེའི་ཡོན་ཏན་དགག་པ་དང༌། འབྲས་བུའི་རང་བཞིན་དགག་པའོ། །བདེ་སྡུག་ཕྱི་རོལ་གྱི་དོན་ཡིན་པ་དགག་པ་ལ་གཉིས། སྣང་བ་མི་དམིགས་པས་དགག་པ་དང༌། བདེ་སོགས་ཀྱི་རྒྱུ་ཡིན་པས་དགག་པའོ། །དེ་ལ་བཞི། བརྗོད་ཟིན་པའི་རིགས་པ་དྲན་པ་ལ་སྦྱར་བ་དང༌། ཐ་སྙད་དུ་རང་གི་ཚིག་དང་འགལ་བ་དང༌། སྔ་མ་ཉིད་བརྟན་པར་མི་གནས་པ་དང༌། བཟློག་པ་དེ་ཁོ་ན་ཉིད་དུ་མ་གྲུབ་པའོ། །གཙོ་བོར་བརྟག་པར་མི་འཐད་པ་ལ་བཞི། སྣང་བ་མི་དམིགས་པས་དགག་པ་དང༌། ཕྲ་རགས་སུ་འགལ་བ་དང༌། དེ་དག་གནས་སྐབས་མི་རྟག་པར་འགྱུར་བ་དང༌། དེས་ན་མི་རྟག་པར་གྲུབ་པའོ། །ཡོད་པ་སྐྱེ་བར་འགལ་བ་ལ་བཞི། དགག་པའི་ཡུལ་སྤྱིར་བརྗོད་པ་དང༌། རང་གིས་འདོད་པས་མ་ངེས་པ་དང༌། འདུག་པ་འཆོལ་བར་འགྱུར་བ་དང༌། རྩོད་པ་སྤོང་བའོ། །དེ་ལ་གསུམ། འཇུག་པ་མཚུངས་པ་དང༌། འཇིག་རྟེན་རྨོངས་པ་དང་འགལ་བ་དང༌། འབྲས་བུའི་འཇུག་པ་སླུ་བར་ཐལ་བའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་པའི་རྩོད་པ་སྤང་བ་ལ་གསུམ། རྒོལ་བ་དགོད་པ་དང༌། ཡོངས་གཅོད་ལ་ཚད་མ་ཡིན་པ་དང༌། རྣམ་བཅད་ལ་ཚད་མ་མ་ཡིན་པའོ། །སྤྱི་དོན་གསུམ་པ་ཆོས་ཐམས་ཅད་སྐྱེ་འགག་དང་བྲལ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་ཏེ་བསྟན་པ་ལ་བཞི། ཆོས་ཐམས་ཅད་སྐྱེ་འགག་མེད་པའི་དོན་དངོས་དང༌། ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མར་བསྟན་པ་དང༌། རྟེན་འབྲེལ་ཙམ་ཉིད་ངོ་བོར་འདོད་པ་དགག་པ་དང༌། སྲིད་ཞི་མཉམ་པའི་ལམ་དུ་བསྡུ་བའོ། །དང་པོ་ལ་གཉིས། བསྒྲུབ་བྱའི་གཏན་ཚིགས་དང༌། དུས་གསུམ་མཉམ་པ་བསྒྲུབ་པའོ། །གཉིས་པ་སྒྱུ་མར་བསྟན་པ་ལ་བཞི། དཔེས་བསྟན་པ་དང༌། དོན་ལ་སྦྱར་བ་དང༌། དཔེ་དོན་བསྲེ་བ་དང༌། དོན་བསྡུ་བའོ། །གཉིས་པ་རྟེན་འབྲེལ་ཙམ་ཉིད་ངོ་བོར་འདོད་པ་དགག་པ་ལ་གཉིས། ཡོད་པར་སྐྱེ་བ་དགག་པ་དང༌། མེད་པར་སྐྱེ་བ་དགག་པའོ། །དེ་ལ་གསུམ། རིག་པ་མདོར་བསྟན་པ་དང༌། དངོས་མེད་རྒྱུའི་ཡུལ་དུ་དགག་པ་དང༌། ནུས་པ་ཡུལ་ཉིད་དགག་པའོ། །དེ་ལ་གཉིས། དངོས་མེད་དངོས་པོར་མི་འགྱུར་བ་དང༌། དངོས་མེད་གཞན་དུ་མི་འགྱུར་བའོ། །མཇུག་ཕན་ཡོན་རྗེས་སུ་གདམས་པ་ལ་གཉིས། སྟོང་ཉིད་རྟོགས་ནས་རང་དོན་གྲུབ་པའི་ཕན་ཡོན་དང༌། ཟུང་འཇུག་ཏུ་བྱ་བའི་ཕྱིར་གཞན་ལ་སྙིང་རྗེ་བསྐྱེད་པར་གདམས་པའོ། །དང་པོ་ལ་གསུམ། འཇིག་རྟེན་ཆོས་བརྒྱད་མ་གྲུབ་པ་དང༌། དེ་ལ་བརྟེན་པའི་སྲེད་པ་ལྡོག་པ་དང༌། དེས་ན་དོན་ལ་གདམས་པའོ། །ཟུང་འཇུག་ཏུ་བྱ་བའི་ཕྱིར་གཞན་ལ་སྙིང་རྗེ་བསྐྱེད་པར་གདམས་པ་ལ་གསུམ། མཐོང་བའི་སྡུག་བསྔལ་དང༌། མ་མཐོང་བའི་སྡུག་བསྔལ་དང༌། དེ་རྗེས་སུ་གཟུང་བར་སྨོན་པའོ། །བར་པ་ལ་བཞི། འཁོར་བའི་སྡུག་བསྔལ་མདོར་བསྟན་པ་དང༌། སྡུག་བསྔལ་བརྒྱུད་མར་འཇུག་པ་དང༌། སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་པ་དང༌། མྱོང་བར་འགྱུར་བའི་སྡུག་བསྔལ་གྱི་རྣམ་པའོ། །གཉིས་པ་ལ་ལྔ། སྡུག་བསྔལ་གྱི་རྩ་བ་མ་ཞི་བས་སྡུག་བསྔལ་གྱི་རྣམ་གྲངས་བསྟན་པ་དང༌། བཟློག་པའི་ཐབས་མེད་པ་དང༌། བར་ཆད་མང་བ་དང༌། རྟེན་རྙེད་པར་དཀའ་བ་དང༌། རྒྱུ་ཡང་དཀའ་བའོ། །དེ་རྗེས་སུ་གཟུང་བར་སྨོན་པ་ལ་གཉིས། སྡུག་བསྔལ་ཞི་བ་དང༌། མངོན་ཞེན་མེད་པའོ། །ལེའུ་བཅུ་པ་བརྩམས་པ་མཐར་ཕྱིན་པ་མཇུག་གི་དོན་ལ་གསུམ། བསྔོ་བའི་རྒྱུ་དང༌། ཇི་ལྟར་བསྔོ་བའི་ཚུལ་དང༌། བཀའ་དྲིན་རྗེས་སུ་དྲན་པའི་ཕྱག་བྱ་བའོ། །བར་པ་ལ་གསུམ། གཞན་དོན་དུ་བསྔོ་བ་དང༌། རྩོམ་པ་པོ་རང་དོན་དུ་བསྔོ་བ་དང༌། བདེ་བའི་འབྱུང་གནས་བསྟན་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས། འཇིག་རྟེན་པའི་དོན་དུ་བསྔོ་བ་དང༌། འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བའོ། །དང་པོ་ལ་གསུམ། སྤྱིར་བསྔོ་བ་དང༌། ངན་འགྲོའི་དོན་དུ་བསྔོ་བའོ། །བར་པ་ལ་གསུམ། དམྱལ་བ་དང༌། དུད་འགྲོ་དང༌། ཡི་དྭགས་ཀྱི་དོན་དུ་བསྔོ་བའོ། །དང་པོ་ལ་གཉིས། སྡུག་བསྔལ་ཞི་བར་བསྔོ་བ་དང༌། གཞན་གྱི་མཐུས་ཞི་བའོ། །དང་པོ་ལ་གསུམ། སྤྱིར་ཞི་བ་དང༌། གཞིའི་སྡུག་བསྔལ་ཞི་བ་དང༌། ཉེ་འཁོར་གྱི་སྡུག་བསྔལ་ཞི་བའོ། །བར་པ་ལ་གཉིས། གྲང་བའི་དམྱལ་བ་ཞི་བ་དང༌། །ཚ་བའི་དམྱལ་བ་ཞི་བའོ། །ཉེ་འཁོར་ལ་བཞི། ཤིང་གི་གནོད་པ་དང༌། བྱའི་གནོད་པ་དང༌། ཆུའི་གནོད་པ་དང༌། གཞིའི་གནོད་པ་ཞི་བར་བསྔོ་བའོ། །དང་པོ་ལ། གཞན་གྱི་མཐུས་ཞི་བར་བསྔོ་བ་ལ་བཞི། ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང༌། སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང༌། འཇམ་དཔལ་གྱི་ཆོ་འཕྲུལ་དང༌། ཉེ་བའི་སྲས་གཞན་གྱི་ནུས་པས་ཞི་བའོ། །བདེ་འགྲོའི་དོན་དུ་བསྔོ་བ་ལ་གསུམ། སྤྱིར་མིའི་དོན་དུ་བསྔོ་བ་དང༌། བྱེ་བྲག་ཏུ་བསྟན་པ་ལ་ཞུགས་པའི་དོན་དུ་བསྔོ་བ་དང༌། སེམས་ཅན་གྱི་དོན་ཀུན་ལ་ཐུན་མོང་དུ་བསྔོ་བའོ། །དང་པོ་ལ་གཉིས། མི་འདོད་པ་བྲལ་བ་དང༌། འདོད་པའི་དོན་བསྒྲུབ་པ་བསྔོ་བའོ། །དང་པོ་ལ་བརྒྱད། དབང་པོ་མ་ཚང་བའི་སྡུག་བསྔལ་ཞི་བ་དང༌། མངལ་གྱི་སྡུག་བསྔལ་ཞི་བ་དང༌། དབུལ་བ་དང༌། ཡིད་མི་བདེ་བ་དང༌། ན་བའི་དང༌། སྡང་བ་དང་ཕྲད་པའི་དང༌། འགྲོན་པོའི་དང༌། མི་མ་ཡིན་པའི་གནོད་པ་ཞི་བའི་དོན་དུ་བསྔོ་བའོ། །འདོད་པའི་དོན་གྲུབ་པར་བསྔོ་བ་ལ་གསུམ། ཕུན་སུམ་ཚོགས་པའི་དོན་དུ་བསྔོ་བ་དང༌། ཡང་དག་པའི་བསམ་པ་ལ་འཇུག་པར་བསྔོ་བ་དང༌། མཐུན་པའི་རྐྱེན་ཚོགས་པར་བསྔོ་བའོ། །དང་པོ་ལ་དྲུག དལ་འབྱོར་ཕུན་སུམ་ཚོགས་པ་ཐོབ་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང༌། འཚེ་བ་མེད་པ་དང༌། གཟུགས་ཕུན་སུམ་ཚོགས་པ་དང༌། རྩོད་པ་མེད་པ་དང༌། དམན་པ་ལས་མཆོག་ཏུ་གྱུར་པའོ། །ཡང་དག་པའི་ལམ་ལ་འཇུག་པ་ལ་གཉིས། དགེ་བ་ཕུན་སུམ་ཚོགས་པའི་དོན་དུ་བསྔོ་བ་དང༌། བསྒྲུབ་པ་ཕུན་སུམ་ཚོགས་པའི་དོན་དུ་བསྔོ་བའོ། །མཐུན་པའི་རྐྱེན་འཚོགས་པའི་དོན་དུ་བསྔོ་བ་ལ་ལྔ། རིང་དུ་བདེ་བར་འཚོ་བ་དང༌། སྣོད་རྣམ་པར་དག་པ་དང༌། བཅུད་རྣམ་པར་དག་པ་དང༌། བསྒྲུབ་པའི་རྐྱེན་ཕུན་སུམ་ཚོགས་པ་དང༌། གནོད་པ་ཞི་བའོ། །བསྒྲུབ་པའི་རྐྱེན་ཕུན་སུམ་ཚོགས་པ་ལ་ལྔ། ཆོས་ཐོབ་པའི་རྐྱེན་དང༌། མཆོད་བྱ་མཆོད་པའི་རྒྱུ་དང༌། འཚོ་བའི་རྒྱུ་དང༌། གྲོགས་ཕུན་སུམ་ཚོགས་པ་དང༌། སྨན་ཕུན་སུམ་ཚོགས་པའོ། །བྱེ་བྲག་ཏུ་བསྟན་པ་ལ་ཞུགས་པའི་དོན་དུ་བསྔོ་བ་ལ་ལྔ། དགེ་འདུན་གྱི་དོན་དུ་བསྔོ་བ་དང༌། དགེ་སློང་གི་དོན་དུ་བསྔོ་བ་དང༌། དགེ་སློང་མའི་དོན་དུ་བསྔོ་བ་དང༌། རབ་ཏུ་བྱུང་བའི་དོན་དུ་བསྔོ་བ་དང༌། སྡེ་སྣོད་འཛིན་པའི་དོན་དུ་བསྔོ་བའོ། །འཇིག་རྟེན་ལས་འདས་པའི་དོན་དུ་བསྔོ་བ་ལ་གསུམ། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་དང༌། ཉན་ཐོས་དང་རང་རྒྱལ་གྱི་དོན་དུ་བསྔོ་བའོ། །རང་གི་དོན་དུ་བསྔོ་བ་ལ་བཞི། གནས་སྐབས་ཀྱི་འབྲས་བུ་ཐོབ་པ་དང༌། འཇམ་པའི་དབྱངས་དང་ཕྲད་པ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་དང༌། གཞན་གྱི་དོན་གྲུབ་པར་སྨོན་པའོ། །བསླབ་པ་ཀུན་ལས་བཏུས་པའི་དོན་གསུམ་གྱི་བསྡུས་དོན་ལེའུ་བདུན་པ་གཉིས་ཀྱིས་ཏེ། གཉིས་ནི་ལེའུའི་མིང་བཞིན་ལས། དབེན་པ་རྟེན་འབྲེལ་བསམ་གཏན་དེ། །བདག་མེད་ཤེས་རབ་གཉིས་པའོ། །བཏང་དང་བསྲུང་དང་ལུས་ངག་པས། །ཕ་རོལ་ཕྱིན་དྲུག་བཅུ་བཞིར་ཕྱེ། །དག་པ་གཉིས་དང་སྤེལ་བ་གསུམ། །ལྔ་ནི་དོན་འདིར་རྟོགས་འགྱུར་ལ། །དེས་ན་བསླབ་པ་བསྡུས་པ་ཡི། །དོན་བསྡུས་འདིར་ནི་ཤེས་པར་བྱ། །བྱང་ཆུབ་སྤྱོད་ལ་འཇུག་པ་འདི། །མཁས་པ་བརྒྱུད་ནས་འོངས་མོད་ཀྱིས། །བདག་གི་བླ་མ་མ་གཏོགས་པ། །འདི་འདྲའི་དོན་བསྡུས་དྲན་པ་མེད། །དེས་ན་བླ་མའི་གསུང་བཞིན་དུ། །གསལ་བར་བཀོད་པའི་བསོད་ནམས་ཀྱིས། །ནམ་མཁའི་འཐས་གཏུགས་གྱུར་པ་ཡིས། །ལུས་ཅན་སངས་རྒྱས་ཐོབ་པར་ཤོག །ས་སྐྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་ལ། །དོན་འདི་ཀུན་གྱིས་གསོལ་བ་འདེབས་མོད་ཀྱི། །ལྷ་ཐོག་སྟོན་པ་དགེ་སློང་ཡོན་ཏན་གཟུངས། །དེ་ཡིས་ནན་ཏན་བསྐྱེད་དེ་བསྐུལ་ནས་བྲིས། །བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྡུས་དོན། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ།།  །།བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*