གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པའི་ཡི་གེ

༼ཏ༽

༄༅། །གྲིབ་སེལ་གྱི་སྦྱིན་སྲེག་བསྡུས་པའི་ཡི་གེ་བཞུགས།།

༄༅། །བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །རྫ་གསར་པ་གཞན་དུ་ལོངས་མ་སྤྱད་པར། སོལ་བའི་ངར་མེ་བཞག་ལ་བསྲེག་རྫས་ཏིལ་ནག་པོ་འབའ་ཞིག་མདུན་དུ་བཞག་སྟེ། དེ་ནས་བདག་རང་ལྷག་པའི་ལྷར་བསམ་ཞིང༌། འབར་བའི་མེའི་ནང་དུ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་གཟུགས། རྡོ་རྗེ་དྲིལ་བུ་སྣོལ་བའི་མཐེའུ་ཆུང་སྦྲེལ་ལ་སྡིགས་མཛུབ་བརྐྱང་པས་འཛིན་པར་སྐད་ཅིག་གིས་བསམས་ལ། བདག་གི་སྣ་བུག་གཉིས་ནས་ཡི་གེ་ཀཾ་ལས་སྡིག་པའི་གཟུགས་རྒྱུན་མི་ཆད་པར་བྱུང་སྟེ། ཏིལ་ལ་ཐིམ་པར་བསམ་ཞིང༌། ཨོཾ་བཛྲ་ཌཱ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ཞིང་རྡོ་རྗེ་མཁའ་འགྲོའི་ཞལ་དུ་ཐིམ་པར་བསམ། རིགས་དྲུག་གི་སྐྱེ་གནས་ཀྱི་བག་ཆགས་མ་ལུས་པ་དག་པར་བསམ་ཞིང༌། གྲངས་ཚད་མི་གཟུང་བར་བྱ། ལུས་ལ་དྲི་མ་མང་པོ་བྱུང་བ་དང༌། ཁྲུས་བྱེད་པ་དང༌། གོས་དཀར་པོ་གོན་པའི་རྨི་ལམ་བྱུང་གི་བར་དུ་བྱའོ། །འདི་ནི་རྡོ་རྗེ་ཌཱ་ཀ་ལས་ཀྱང་འབྱུང་ལ། གནས་སྦྱོང་གི་ཉམས་སྐྱེས་པ་དང་མ་སྐྱེས་པ་གཉིས་ཀའི་ཐུན་མོང་དུ་བྱ་བ་ཡིན་ཏེ། གནས་སྦྱངས་འབྱམས་པ་ལ་སོགས་པ་དུཿཁ་གཅོད་པའི་མཆོག་ཀྱང་འདི་ཡིན་ནོ། །གནས་སྦྱོང་གི་ཉམས་མ་སྐྱེས་པ་ལའང་འདི་བྱས་ན་ངན་སོང་དུ་མི་འགྲོ་བའི་གདེངས་ཐོབ། ཚེ་ཕ་རོལ་དུ་སོང་བའི་མིང་ངམ། གོས་སམ། རུས་པ་ལ་ཏིལ་བསྐོར་ཞིང་བསྲེགས་ན་དེའི་སྡིག་པ་འདག་པར་འགྱུར་ཏེ། དག་པའི་རྟགས་ཚེ་དང་ལྡན་པ་བཞིན་ནོ། །སྡིག་ཤས་ཤིན་ཏུ་ཆེ་བ་ལ་ནི་སྲོག་ཆགས་མང་པོ་མངོན་སུམ་དུ་བྱུང་ནས་བྱེད་དུ་མི་སྟེར་བ་ཡང་ཡོད། འདི་ནི་བྱིན་རླབས་ཤིན་ཏུ་ཆེ་ཞེས་རྗེ་དགོན་པ་བས་གསུངས། འདི་གྲིབ་མ་སེལ་བ་དང་གནས་སྦྱངས་འབྱམས་པ་བཅད་པ་གཉིས་ཀ་ལ་དགོས། དུས་གཞན་དུ་བྱས་ཀྱང་དགའ། སྦྱིན་སྲེག་རྒྱས་པའང་ལོགས་སུ་རྟོགས་པར་བྱ། འདི་ཞུ་བ་ནན་ཆེ་བ་ལ་གུད་དུ་སྟོན་ཅིང་ཡང་འདུག།  །།ས་མཱཔྟ་མི་ཐི།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*