ཕྱག་རྒྱ་ཆེན་པོ་གཅེས་པ་བཏུས་པའི་མན་ངག

༼ཏ༽

༄༅། །ཕྱག་རྒྱ་ཆེན་པོ་གཅེས་པ་བཏུས་པའི་མན་ངག་ཅེས་བྱ་བ་བཞུགས།།

༄༅། །བླ་མ་རྡོ་རྗེ་གདན་པའི་མན་ངག་ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་འོད་གསལ་བ་ཞེས་བྱ་བ། འདི་ལ་སྔོན་འགྲོ་མེད། ལུས་སྐྱིལ་ཀྲུང་བཅས་ཏེ། ལག་པ་མཉམ་གཞག་བྱས་ལ། མིག་སྣ་རྩེར་ཕབ་ལ། ཧཱུྃ་ཞེས་བརྗོད་པས། སྐད་ཅིག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་དཀར་མོ། ཕྱག་གཉིས་ཀས་ཨུཏྤ་ལའི་སྟེང་ན་པུསྟི་འཛིན་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན། དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་དེ་ལས་འོད་ཟེར་དཀར་པོ་འཕྲོས། སྤྱི་བོ་ནས་སོང་བས་ལྷ་དང་ལྷ་མ་ཡིན་ལ་ཕོག་པས། དེ་རྣམས་རྣམ་པར་སྣང་མཛད་དུ་བྱས་ཏེ། དེ་དག་གནས་དང་བཅས་པ་སྤྱི་བོ་ནས་ཧཱུྃ་ལ་ཐིམ། ཡང་འོད་ཟེར་སྔོན་པོ་ཁ་ནས་འཕྲོས། མི་ལ་ཕོག་པས། མི་བསྐྱོད་པར་བྱས་ཏེ། དེ་དག་གནས་དང་བཅས་པ་ཧཱུྃ་ལ་ཐིམ། ཡང་འོད་ཟེར་སེར་པོ་ལྟེ་བ་ནས་འཕྲོས། བྱོལ་སོང་ལ་ཕོག་པས། རིན་འབྱུང་དུ་བྱས་པ་གནས་དང་བཅས་པ་ལྟེ་བ་ནས་ཧཱུྃ་ལ་བསྡུ། ཡང་འོད་ཟེར་དམར་པོ་གསང་གནས་ནས་འཕྲོས། ཡི་དྭགས་ལ་ཕོག་པས། སྣང་མཐར་བྱས། གནས་དང་བཅས་པ་ཆོས་འབྱུང་ནས་ཧཱུྃ་ལ་བསྡུ། ཡང་འོད་ཟེར་ལྗང་གུ་བཤང་ལམ་ནས་འཕྲོས། དམྱལ་བ་ལ་ཕོག་པས། དོན་གྲུབ་ཏུ་བྱས་པ། གནས་དང་བཅས་པ་བཤང་ལམ་ནས་ཧཱུྃ་ལ་བསྡུའོ། །དེ་ནས་རང་ཡང་ཧཱུྃ་ལ་བསྡུའོ། །ཨཱུ་ཧ་ལ། ཧ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། ནཱ་ད་མི་དམིགས་པར་བྱས་ཏེ། སྤྲོས་པ་དང་བྲལ་བར་བསྒོམ། དེ་ལྟར་ཡང་ཡང་བསྒོམས་པས། རྟགས་ལུས་ཡང་བ་དང༌། དྭངས་པ་དང༌། སྲིན་བུ་མེད་པ་དང༌། ཟོ་མདོག་བདེ་བ་ལ་སོགས་པ་ཡོན་ཏན་དུ་མ་འབྱུང༌། དེ་ནས་ས་རྣམས་ཐོབ་ནས་ཕྱག་རྒྱ་ཆེན་པོ་ཡང་ཚེ་འདི་ཉིད་ལ་ཐོབ་བོ། །མཉམ་གཞག་ལ་ནུས་ཚད་དུ་སྤྲོས་བྲལ་ལ་བསླབ། རྗེས་སྤྱོད་ལ་ཡང་སྤྲོས་བྲལ་ལ་བསླབ་ཅིང་གོམས་པར་བྱའོ། །སྤྲོས་བྲལ་ལ་གནས་མ་ནུས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྐྱེད་པ་ནས་བསླབ། དབང་གསུམ་པའི་དུས་ལས་ཤེས་པར་བྱའོ། །ཨི་ཐི།།  །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསམ་མི་ཁྱབ་ཀྱི་མན་ངག་ལུགས་གཅིག་ནི། སྐད་ཅིག་གིས་རང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མར་བྱས་ཏེ། སྙིང་ཁོང་སྟོང་དུ་ཟླ་བའི་དཀྱིལ་འཁོར་དཀར་ལ་འཚེར་ཞིང་དྭངས་པ་བསམས་ཏེ། སྣང་སྲིད་ཀྱི་ཆོས་ཐམས་ཅད་རང་ལ་བསྡུ། རང་ཟླ་བ་ལ། ཟླ་བ་ཇེ་ཆུང་ཡུངས་ཀར་ཙམ་དུ། དེ་ནཱ་དའི་རྣམ་པར་གྱུར། དེའང་ཇེ་ཕྲ་པདྨའི་སྣལ་མ་ཙམ་དུ། དེའང་རྗེ་ཕྲ་མི་སྣང་བར་བསམས་ལ། སྟོང་པ་མཐའ་བརྒྱད་དང་བྲལ་བ། དབང་གསུམ་པའི་དུས་ཀྱི་བདེ་བ་དྲན་པར་ནུས་ཚད་དུ་བསྒོམ་མོ། །གཏོང་ན་སྐད་ཅིག་གིས་ལྷར་བསམས་ཏེ། སྒྱུ་མ་ལྟ་བུས་རྒྱས་བཏབ་ལ། ལུས་ངག་གི་དགེ་བ་བྱ། ཐུན་གཞན་ལ་ཡང་དེ་བཞིན་ནོ། །བླ་མ་རྡོ་རྗེ་གདན་པའི་མན་ངག བླ་མ་བ་རི་བ་ལས་བརྒྱུད་པའོ།།  །།ན་མོ་གུ་ར་ཝེ། སྟན་བདེ་བ་ལ་སྐྱིལ་ཀྲུང་གིས་གནས་ཏེ། བྱང་ཆུབ་ཀྱི་སེམས་མངོན་དུ་བྱ། དེ་ནས་ལྷའི་རྣལ་འབྱོར་རམ་ཐ་མལ་པས། སྒྱུ་མ་ལྟ་བུ་ཡིད་ལ་བྱ། དེ་ནས་རྣལ་འབྱོར་དངོས་ལ་འཇུག་པར་བྱ་སྟེ། ལུས་ལ་རྩ་དཔག་ཏུ་མེད་པ་ཡོད་ཀྱང༌། རྩ་སུམ་ཅུ་རྩ་གཉིས་སུ་འདུ། དེ་དག་ཀྱང་རྩ་གསུམ་དུ་འདུའོ། །དེའང་ལྟེ་བའི་སྟེང་འོག་ནས་རྩ་གསུམ་སོ་སོར་གྱེས། ལྟེ་བར་འདུས་པས་རྡོ་རྗེའི་རྣམ་པ་ལྟ་བུའོ། །དེ་ལྟར་རྩ་གསུམ་དམིགས་ལ། སྟེང་རླུང་འོག་རླུང་ཁ་སྦྱར་ཏེ། ལྟེ་བའམ། དེ་བས་མཐོ་ཙམ་དུ་རྃ་ལས་མེ་འབར་བར་བསམ། དེས་ལྟེ་བའི་གནས་རྩ་གསུམ་འདུས་པ་དྲོས་པར་བསམ་ཞིང༌། སྟེང་འོག་གི་རླུང་གཉིས་ཀྱང་ལྟེ་བར་ཁ་སྦྱར། དེས་རླུང་དང་བྱང་སེམས་ཐམས་ཅད་ལྟེ་བར་འདུས་ནས། རྩ་ཨ་ཝ་དྷཱུ་ཏཱིར་འཇུག་པར་བསམ། གཏུམ་མོའི་མེ་ནི་ལྟེ་བར་སྤྲོ་བ་ཙམ་ལས། རྩ་དབུ་མའི་ནང་དུ་འགྲོ་བའི་དམིགས་པ་མི་བྱ། དེ་ལྟར་བསྒོམས་པས་ལུས་ལ་དྲོད་དང་བདེ་བས་ཁྱབ་ཅིང༌། རྩའི་མདུད་པ་སོ་གཉིས་དྲལ་ཏེ། བྱང་སེམས་སུམ་ཅུ་སོ་གཉིས་ཀྱིས་སྤྱི་བོའི་བར་དུ་གང་བར་བསམ་མོ། །སྤྱོད་ལམ་གྱི་དུས་སུ་རླུང་གསུམ་ཁ་སྦྱར་བར་བྱ་ཞིང༌། མཉམ་གཞག་གི་དུས་སུ་ཉམས་མྱོང་སྐྱེས་པ་དྲན་པར་བྱ་བའམ། སྔར་དབང་གསུམ་པའི་དུས་སུ་ཉམས་མྱོང་སྐྱེས་པ་ཡོད་ན་དེའི་རྒྱུན་དྲན་པར་བྱའོ། །རླུང་དང་བྱང་སེམས་ཐམས་ཅད་དབུ་མར་ཚུད་པར་འགྱུར་རོ། །དཔལ་ནཱ་རོ་ཏ་པའི་མན་ངག་རྩ་གསུམ་ལ་བརྟན་པའི་ཙཎྜཱ་ལཱིའོ། །ས་མཱཔྟ་མི་ཐི།།  །།ན་མོ་གུ་ར་ཝེ། རྡོ་རྗེ་སྐྱིལ་ཀྲུང་ལག་པ་མཉམ་གཞག་སོགས་དང༌། སྔགས་དྲན་པ་སྔར་དང་འདྲ། སྟོང་པའི་ངང་ལས་དགྱེས་པ་རྡོ་རྗེ་ཡབ་ཡུམ་གྱི་སྐུར་སྐྱེད་དེ། པདྨ་དང་ཉི་མ་དང་རོའི་སྙིང་གར་གནས་པ། གཡས་རྡོ་རྗེ་གཡོན་ཐོད་པ་རྡོ་རྗེས་མཚན་པ། ཡུམ་གྱི་གྲི་གུག་ཐོད་པ་ཅན། གཉིས་ཀའང་ཕྱག་རྒྱ་ལྔས་བརྒྱན་པ། མི་བསྐྱོད་པས་དབུར་བརྒྱན་པའི་ཡབ་ཀྱི་ཐུགས་ཀར་ཧཱུྃ། ཡུམ་གྱི་ལྟེ་བར་ཨཾ་བསམས་ལ་སྙོམས་པར་ཞུགས་པས། བདེ་བའི་སྟོབས་ཀྱིས་ཨཾ་ནོར་བུར་སོང༌། ཧཱུྃ་ཡང་ནོར་བུར་སོང་སྟེ། ཡི་གེ་གཉིས་འོད་དུ་ཞུ་བ་ལས། ཡབ་ཡུམ་གཉིས་ཀྱང་འོད་དུ་ཞུ་སྟེ། མར་མེ་གསལ་བ་ལྟར་བསམས་ལ་མཐར་མི་དམིགས་པར་བྱའོ། །མི་དམིགས་པ་དེ་ཉིད་སྔོན་ཉམས་སུ་མྱོང་བ་དེ་ལྟ་བུའི་བདེ་བ་ཆེན་པོ། ཁམས་གསུམ་པོ་ཐམས་ཅད་སྣང་བ་མེད་ལ། བདེ་བའི་རང་བཞིན་དུ་བྱས་ཏེ་བསྒོམ་མོ། །དེ་ལྟར་རྟག་ཏུ་བསྒོམས་ན་ལུས་དྭངས་པར་སོང་སྟེ་སངས་རྒྱས་སུ་འགྱུར་རོ། །ནོར་བུར་ཕྱིན་པའི་དུས་བདེ་བ་མྱོང་བ་ནི་ཤེས་རབ་ཡེ་ཤེས་སོ། །ཕྱིས་བླ་མས་ཉམས་མྱོང་དེ། བདེ་ཆེན་མཚོན་བྱེད་ཡིན་ནོ། །ཞེས་ངོ་སྤྲད་པ་ནི། བཞི་པ་ཡིན་ཟེར། ཡང་ན་དེ་ངོ་སྤྲོད་དང་བཅས་པ་ཤེས་རབ་ཡེ་ཤེས་ཕྱིས་བསྙེན་བཀུར་བྱས་ཏེ། བླ་མས་སྔོན་མྱོང་བ་དེ་ལུས་ཐམས་ཅད་དུ་བདེ་བས་གང་བར་བྱས་ཏེ། བསྒོམས་ནས་མཐར་ཏྲི་དྷཱ་རུ་བདེ་བ་བསྒོམ་ཞིང་སྐྱེས་པ་ནི་བཞི་པའོ། །ཐམས་ཅད་སེམས་སུ་བསྡུ་བྱས་ལ། སེམས་ནི་གང་དུའང་མི་རྟོག་གོ །ཧེ་བཛྲའི་མན་ངག སཾ་བ་ར་དང་ཡང་ཐུན་མོང་ངོ༌། །ཨི་ཐི།།  །།ཨོཾ་སྭ་སྟི། འདོད་ཁམས་ཀྱི་སེམས་ཅན་ཕལ་ཆེ་བ་མངལ་ནས་སྐྱེ་བས། མོ་ནི་ཕ་ལ་ཆགས་མ་ལ་སྡང༌། ཕོ་ནི་དེ་ལས་བཟློག་པར་རོ། །དེ་ལྟར་སེམས་ཅན་ཀུན་གྱི་དེ་ཉིད་མ་རྟོགས་པར་ཆགས་པས་བཅིངས་ལ། དེ་ཉིད་ཤེས་ན་ལམ་དུ་འགྱུར་ཏེ། འཁྱུད་པ་དང་ཙུམྦ་དང༌། དབང་པོ་སྦྱོར་ཙམ་ན་ཕྱིའི་དོན་ལོག ནོར་བུའི་རྩ་བར་ཕེབས་ཙམ་ན། དེས་སེམས་སུ་ཤེས། རྐེད་པར་སླེབ་ཙམ་ན་སྒྱུ་མ། རྩེ་མོར་ཕེབས་ཙམ་ན་རབ་ཏུ་མི་གནས་པར་ཤེས་ཏེ། དེ་ལྟར་སེམས་ཅན་ཀུན་ལ་འབྱུང་ཡང་ངོ་མ་ཤེས་པས། ཕྱིན་ཅི་ལོག་ཏུ་ཞེན་པས་འཆིང་བའི་རྒྱུར་འགྱུར་རོ། །སྔགས་པ་ལ། བླ་མ་རྣམས་ཀྱིས་ངོ་ཤེས་པར་མཛད་པ་དང༌། ཆོས་ལྔས་རྟོགས་པར་བྱས་པས། དེ་ཉིད་ཀྱིས་གྲོལ་ཏེ། ཧེ་བཛྲ་ལས། ཇི་ལྟར་འཚེད་པས་ཚིག་པ་ལ། །མེ་ཡིས་ཡང་ནི་གདུང་བར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཨི་ཐི།།  །།རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། དམ་ཚིག་དང་རྗེས་སུ་མཐུན་པའི་ཡོ་བྱད་མ་ཚང་བའམ། དམ་ཚིག་གི་ཉེས་པ་བྱུང་ན། དེའི་སྐྱོན་བསལ་བའི་ཕྱིར། དང་པོར་སྦྲང་རྩི། མར། ཏིལ་ནག་པོ་གསུམ་བསྲེས་ལ། སྡིག་པའི་གཟུགས་གསུམ་ལ་སོགས་པ་ཅི་རིགས་བྱ། དེ་ནས་སྲོད་ཀྱི་དུས་སུ་སྣོད་ཤིན་ཏུ་གཙང་མར། མར་དཀར་པོ་བཞུ་ལ། རས་དཀར་པོ་དྲི་མ་མེད་པའི་སྡོང་བུ་ལ་མེ་སྦར་ཏེ། དེ་ཆང་གིས་བྱུགས་པའི་ཆོས་འབྱུང་གྲུ་གསུམ་གྱི་སྟེང་དུ་བཞག དེ་ནས་རང་ཉིད་རྣལ་འབྱོར་རྫོགས་པར་བསྒོམས་ལ། སྙིང་གར་སེམས་ཀྱི་རྟེན་ཧཱུྃ་གནས་པ་ལས། ཀཾ་ནག་པོའི་ཕྲེང་བ་ཀྲིག་ཀྲིག་བྱུང་བ། གཟུགས་བརྙན་ལ་བསྟིམ་པ་སྟེ། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དང༌། དམ་ཚིག་གི་ཉེས་པའི་ངོ་བོར་དྲན་པར་བྱ། དེ་ནས་མར་མེ་དེ་རྗེ་བཙུན་མ། རང་གང་བྱེད་དུ་སྐད་ཅིག་གིས་མོས། གཡོན་པའི་མཐེབ་མཛུབ་གཉིས་ཀྱིས། སྡིག་པའི་གཟུགས་དེའི་མགོ་བོ་ནས་དུམ་བུ་དུམ་བུར་བཅད་ཅིང༌། རྗེ་བཙུན་མའི་ཞལ་དུ་དབུལ་བར་དམིགས་ལ། སྔགས་རེ་བརྗོད་ཅིང་བསྲེག དེ་ལྟར་རྫས་ཟད་ཟད་བྱ། རྫས་ཟད་ཀྱང་མར་མེ་མ་མན་ལན། དེའི་བར་དུ་བསྒོམ་བཟླས་བྱ། ནང་པར་ཀོང་བུའི་ནང་གི་རྫས་ཀྱི་ཐལ་བ་རྣམས་ཆུ་བོར་དོར། ཀོང་བུ་ཕྱིས་ལ། ཡང་སྔར་བཞིན་བྱ། མཚན་མ་བཟང་པོ་བྱུང་བྱུང་བྱའོ། །དཔལ་ལྡན་རི་ཁྲོད་ཞལ་གྱི་གསུང་ངག སྒྲུབ་པ་པོ་ལ་ཕན་པར་བྱེད་པའོ། །རི་ཁྲོད་པ། མེ་ཏྲཱི་པ། རྒྱ་གར་ཕྱག་ན། ཧང་དུ་དཀར་པོ། བླ་མ་ལོ་ཆུང་ལེགས་པའི་ཤེས་རབ། བླ་མ་ཨ་སེང༌། བླ་མ་ས་སྐྱ་པའོ།།  །།ཁྱད་པར་དུ་དབང་གི་སྦྱིན་སྲེག་བྱེད་པར་འདོད་ན། ས་ཕྱོགས་དབེན་པར་ཆང་དང་བདུད་རྩིས་མཎྜལ་བྱུགས་ལ། དེར་ལི་ཁྲི་ལ་སོགས་པས་ཐབ་གྲུ་གསུམ་དམར་པོ་བྱ། དེར་ཤིང་གང་རྙེད་བརྩིགས། དེ་ནས་ཀཎྜ་ཀ་རི། མེ་ཏོག་དམར་པོ། ལན་ཚྭ་དང༌། བུ་རམ་བསྲེས་པའི་རི་ལུ་སྲན་མ་ཙམ་པ་བྱ། གཡས་སུ་གཏོར་མ་དམར་པོ་ཁ་དོག་བསྒྱུར་ལ་བཞག རང་གི་མདུན་དུ་མཎྜལ་དམར་པོར་བྱུགས་པ་ལ། མེ་ཏོག་ཚོམ་བུ་ལྔ་དགྲམ། ཉི་མ་ཕྱེད་དྲང་པོར་གྱུར་པ་ན། ལྷའི་བསྒོམ་བཟླས་སྔོན་དུ་སོང་བས་ལྷག་པའི་ལྷའི་སྙིང་པོའི་མཐར། ཆེ་གེ་མོ་ཝ་ཤ་མ་ན་ཡ་ཧྲཱིཿཛཿ ཞེས་ཅུང་ཟད་བཟླས། དེ་ནས་ཐབ་ཏུ་མེ་སྦར་ལ། བསྲེག་རྫས་གསུམ་པོ་རིམ་པ་བཞིན་མ་ནོར་བར་སྔར་གྱི་སྔགས་དེས། སྔགས་རེས་རྫས་རེས་མོས་སུ་ཇི་སྲིད་རྫས་ཟད་ཟད་བསྲེག་གོ །སྦྱིན་སྲེག་འདི་ཞག་ཉེར་གཅིག་རྫོགས་པར་བྱ། སྒྲུབ་པའི་དུས་འདིར་ཁ་ཟས་མང་པོ་སྟེར་བ་བྱུང་ན་མྱུར་དུ་འགྲུབ་པ་ཡིན་ནོ། །གཏོར་མ་ལ་བསྔོ་བ་མེད་དེ་འབུལ་ལོ། །སྤོགས་ཆོག་ལན་གསུམ་གྱིས་མི་འགྲུབ་མི་སྲིད་དོ། །དབང་གི་སྦྱིན་སྲེག་མདོར་བསྡུས། བླ་མ་ལོ་ཆུང་གི་མན་ངག་གོ །ཨི་ཐི།།  །།ཞི་བའི་སྦྱིན་སྲེག་མདོར་བསྡུས་ནི། ས་ཕྱོགས་དེ་དྲི་ཞིམ་པོའི་ཆུས་སྐྱང་ནུལ་བྱ། དེར་རེ་ཁ་དཀར་པོས་ཁྲུ་གང་བསྐོར། ཞི་བའི་ཤིང་ངམ། བ་ལང་གི་ལྕི་བ་སྲོག་ཆགས་མེད་པ་ལ། རྩྭ་ལ་སོགས་པས་མེ་སྦར་ཏེ། མདུན་དུ་ཏིལ་ནག་པོ་བཞག་ལ། རང་ལྷའི་རྣལ་འབྱོར་སྐད་ཅིག་གིས་བསྒོམས་ལ། ལྷག་པའི་ལྷའི་སྙིང་པོའི་མཐར། སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་པ་ཤམ་བུར་བཏགས་ཏེ་ཏིལ་མེ་ལ་བསྲེག གྲངས་བཟུང༌། བསྲེག་རྫས་ཟད་པ་དང༌། སྟན་དེ་ལས་མ་ལངས་པར། སྙིང་པོ་ཅི་ནུས་གཅིག་བཟླས། དེ་མ་ཐག་ཏུ་ཐལ་བ་ཆུ་བོར་དོར། རྨི་ལྟས་སུ་ཁྲག་སྐྱུགས་པ། འཁྲུ་བ། སྣ་ཁྲག་མང་དུ་བྱུང་བ། ཁྲུས་བྱེད་པ། ལུས་ལས་སྲོག་ཆགས་འཐོན་པ་ལ་སོགས་པ་སྡིག་པ་དག་པའི་རྟགས་དུ་མ་འབྱུང་ངོ༌། །དུས་ལ་ངེས་པ་མེད། འདི་བྱས་ན་ཡིད་ཆེས་ཁྱད་པར་ཅན་སྐྱེའོ། །ཨི་ཐི།།  །།རྒྱས་པ་ལ། ཚེའམ་ལོངས་སྤྱོད་རྒྱས་པར་འདོད་ན། ཐབ་ལ་ངེས་པ་མེད། མེ་གང་ཡང་རུང་བ་ལ་བཏུབ། ལྷག་པའི་ལྷའི་སྙིང་པོའི་མཐར། ལས་ཀྱི་ཤམ་བུ་སོ་སོར་གདགས་ཏེ། ཨཱ་ཡུཿཔུཥྚིཾ་ཀུ་རུ་ཨོཾ། དྷཱ་ན་པུཥྚིཾ་ཀུ་རུ། པུཎྱ་པུཥྚིཾ་ཀུ་རུ་ཨོཾ་ཞེས་པས། དང་པོ་ལ་དཱུར་བའི་མྱུ་གུ། གཉིས་པ་ལ་འབྲས། སོ་བ་མ་ཉམས་པ་བསྲེག་གོ །ཕྱི་ནས་བཟླས་པ་བྱ་བ་ལ་སོགས་པ་གོང་དང་འདྲའོ། །དེ་དག་ཀྱང་རྒྱུད་ལས། ཏིལ་ནག་པོ་ཡི་སྦྱིན་སྲེག་གིས། །སྡིག་པ་ཐམས་ཅད་ཞི་བར་བྱེད། །དཱུར་བའི་མྱུ་གུའི་སྦྱིན་སྲེག་གིས། །ཚེ་ཡི་རིག་པ་འཛིན་པར་བྱེད། །སོ་བ་དག་གི་སྦྱིན་སྲེག་གིས། །ནོར་གྱི་འབྱོར་པ་ཕུན་སུམ་ཚོགས། །ཞེས་སོ། །ཨཱ་ཡུརྡཱ་ཏེ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཚེའིའོ། །དྷཱ་ན་པུཥྚིཾ་སྭཱ་ཧཱ། ལོངས་སྤྱོད་ཀྱིའོ། །བླ་མ་དྷ་བྱང་ཆུབ་སེམས་དཔས་གནང་བའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཛེ་ཏཱ་རི། རྡོ་རྗེ་གདན་པ་ཆེ་བ། བླ་མ་དྷ། བླ་མ་བ་རི་བ། བླ་མ་ཨ། བླ་མའོ། །ཨི་ཐི།།  །།གཞན་ཡང༌། སྣ་ཚོགས་པའི་སྦྱིན་སྲེག་ནི། ས་བདག་གི་གདོན་གནོད་ན། མར་དང༌། ཏིལ་དང༌། འབྲས་ཡོས་གསུམ་གྱི་སྦྱིན་སྲེག་བྱ། ནད་གློ་བུར་བ་བྱུང་ན། མར་དང་བྲ་བོ་བསྲེས་པའི་སྦྱིན་སྲེག་བྱ། སྲིན་པོའི་གདོན་གནོད་ན། ཤ་སྣ་ཚོགས་མར་དང་བསྲེས་པའི་སྦྱིན་སྲེག་བྱ། བུད་མེད་ཀྱི་གདོན་གྱིས། བྱིང་བ་ལ་སོགས་པར་གྱུར་ན། ཁྲག་སྣ་ཚོགས་བསྐམས་པ་མར་དང་ལྡན་པའི་སྦྱིན་སྲེག་བྱ། གདོན་སྣ་ཚོགས་གནོད་ན། ིསབང་མ་དང༌། ལོ་མ་དང༌། འབྲུ་སྣ་ཚོགས་དང༌། ཚྭ་དང༌། མར་བསྲེས་ཏེ་སྦྱིན་སྲེག་བྱ། རྟག་ཏུ་འདྲེས་གནོད་ན་རང་གི་གོས་ཀྱི་དུམ་བུ་དང༌། མར་བསྲེས་པའི་སྦྱིན་སྲེག་བྱ། འདི་དག་ནི་མེ་གང་ཡང་རུང་བ་ལ་བྱས་པས་བཏུབ་སྟེ། ལན་བདུན་བདུན་གྱིས་འགྲུབ་པར་འགྱུར་རོ། །ཇོ་བོ་རྗེ་ལྷ་ཅིག་ལས་བརྒྱུད་པའོ། །སློབ་དཔོན་ཆེན་པོ་ཨིནྟྲ་བྷཱུ་ཏིའི་མན་ངག བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་གནས་པ་དེ་ལྟར་གཞག །ཅེས་པ་སྟེ། བྱ་བ་བཏང་བའི་སེམས་བཞིན་ཞེས་པ་ནི། ལུས་ངག་ཡིད་གསུམ་གྱི་ལས་སྔར་ཟིན་པ་རྣམས་བོར། ཕྱིས་འབྱུང་བ་ལ་མ་ཞུགས་པའི་བར་དེར། རྩོལ་བ་མེད་པར། རང་རྡོལ་གྱི་ཡེ་ཤེས་རྟོག་པ་མེད་པ། ལྷན་ཅིག་སྐྱེས་པ་ངང་གིས་སྐྱེ་བ་དེ་བཞིན་དུ། རྩོལ་བ་མེད་པའི་མི་རྟོག་པ་སྐྱེ་སྟེ། ཇི་ལྟར་སྐྱེ་ན་ཇི་ལྟར་གནས་པ་དེ་བཞིན་གཞག ཅེས་པ་ཕྱི་ནང་གི་ཆོས་རྣམས་ཇི་ལྟ་གནས་ན། སྐྱེ་འགག་མེད་པ། རྩོལ་སྒྲུབ་མེད་པ་དེ་ལྟར་གནས། དེ་ལ་ཇི་ལྟར་བློ་འཇོག་ན། །རྩོལ་བ་མེད་པར་སེམས་ལྷུག་པར་གཞག་གོ །དེ་ལྟར་བཞག་པས། རང་རྡོལ་གྱི་ཡེ་ཤེས་རྟོག་པ་མེད་པ་འབྱུང་བས། དེ་ལ་འབད་པ་མེད་པར་གཞག་གོ །དེ་ལྟར་མཉམ་པར་བཞག་པས། རྩོལ་བ་མེད་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ནི། ཡེ་ཤེས་ཀྱི་ཚོགས། དགག་སྒྲུབ་མེད་པར་ཆོས་ཐམས་ཅད་མ་བཀག་པར་སྤྱོད་པ་ནི་བསོད་ནམས་ཀྱི་ཚོགས་སོ། །དེ་ལྟར་ཚོགས་གཉིས་བསགས་པས་སྐུ་གསུམ་གྱིས་བསྡུས་པ། བདེ་བ་ཆེན་པོའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་མ་བཀག་པར་སྤྱོད་པ་ནི། ཟས་ལ་སྨེ་གཙང་མེད། གནས་ལ་གཙང་མི་གཙང་མེད། གྲོགས་ལ་བླང་དོར་མེད། དགེ་སྡིག་གི་རྟོག་པ་མེད། མོ་རིགས་ལ་དུས་རྟག་ཏུ་ཕྱག་འཚལ། རྒྱལ་པོ་དང་ཕ་མ་ལ་སོགས་པ་ལ་རྡོ་རྗེ་འཛིན་པར་བསམས་ཏེ་ཕྱག་འཚལ་བ་དང༌། སེམས་ཅན་ཐམས་ཅད་ལ་ཟས་གོས་ལ་སོགས་པ་སྟེར་བ་ན། སངས་རྒྱས་ལ་མཆོད་པར་བསམ་མོ། །ཡི་གེ་ཕྱེད་པའི་མན་ངག་རྫོགས་སོ། །སེམས་ཅན་ཐམས་ཅད་རྒྱལ་བ་ཡིན་པས་གང་གིས་ཀྱང་གྲིབ་མ་ལ་འགོམ་པར་མི་བྱ་ཞིང༌། གང་ལ་ཡང་བརྙས་པར་མི་བྱའོ།།  །།དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །སློབ་དཔོན་དགའ་རབ་རྡོ་རྗེའི་བརྒྱུད་པ་སྟེ། རང་གི་ལྷག་པའི་ལྷ་མཉེས་པར་འདོད་ཅིང༌། དམ་ཚིག་དང་སྡོམ་པ་ལ་སོགས་པ་དག་པར་འདོད་པས། ས་ཕྱོགས་དབེན་པར་བ་བྱུང་ལྔ་དང་དྲི་ཞིམ་པོས་བྱུགས་པར། གྲུ་མོ་ནས་མཐེའུ་ཆུང་གི་རྩེའི་ཚད་ཀྱི་རེ་ཁ་དཀར་པོ་ཟླུམ་པོ་ཞིག་བྱ། དེས་འོ་མ་ཅན་གྱི་ཤིང་ངམ། ནགས་ཀྱི་བ་ལང་གི་ལྕི་བ་སྲོག་ཆགས་མེད་པས་ཐབ་ཅི་རིགས་བརྩིག འབྱོར་ན་གཡོན་དུ་མཆོད་པ་ལྔ་བཤམ། མར་དང༌། ཏིལ་ནག་པོ་གཉིས་གཡས་སུ་བཤམ། རྡོ་རྗེ་དྲིལ་བུ་མདུན་དུ་གཞག དེ་ནས་རང་ཉིད་ལྷའི་རྣལ་འབྱོར་སྐད་ཅིག་ཙམ་གྱིས་བསྒོམ། བཟླས་པ་ཅུང་ཟད་བྱ། དེ་ནས་མེ་སྦར་ཏེ། ཐབ་དབུས་སུ་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་སྐད་ཅིག་གིས་བསྐྱེད་དེ། སྐུ་མདོག་དམར་སེར། པད་ཟླ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་བགྲང་ཕྲེང༌། གཡོན་རིལ་པ་སྤྱི་བླུགས་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་གསལ་གདབ་ཅིང༌། དངོས་སམ་ཡིད་ལས་བྱུང་བས་མཆོད་ནས། ཨོཾ་ཨགྣ་ཡེ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་མར་དང་ཏིལ་ལན་གསུམ་གསུམ་འབུལ། དེ་ནས་འདོད་དོན་གསོལ་བ་བཏབ་ལ། འབར་བར་ཐིམ་པར་བསམ། དེ་ནས་རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་འཁོར་ལོ་བསྐྱེད་པའམ། སྐད་ཅིག་གིས་དམིགས་ལ། མཆོད་པ་ལྔས་མཆོད། ལྷའི་ཐུགས་ཀར་ས་བོན་དམིགས་ནས། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་མོས་པས། ལྷའི་སྙིང་པོའམ། ཉེ་སྙིང་གི་མཐར། སརྦ་པཱཾ་པཾ་ཤཱནྟིཾ་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་བཏགས་པས་མར་དང་ཏིལ་གཉིས་ཀ་བརྒྱ་རྩ་ལ་སོགས་པ་འབྱོར་ཚད་བསྲེག་གོ །དེ་ནས་མཆོད་པ་ལྔས་མཆོད་དེ། དམ་ཚིག་གི་ཉེས་པ་དང༌། སྡིག་སྒྲིབ་དག་པར་གསོལ་བ་གདབ། དེ་ནས་ཡི་དམ་རང་གི་ཐུགས་ཀར་བསྡུས་ལ། མེ་ལྷ་སྐད་ཅིག་མས་དམིགས་ཏེ། བསྲེག་རྫས་ལྷག་མ་ཅི་འབྱོར་པ་ཕུལ་ལ། མཆོད་ཅིང་བསྟོད་ལ་སྡིག་པ་དང་བར་ཆད་ཞི་བར་གསོལ་བ་གདབ། དེ་ནས་མི་དམིགས་པར་བྱའོ། །འདི་ནི་ཆོ་ག་ཤིན་ཏུ་བསྡུས་པ་ཡིན་ཏེ། མང་དུ་བྱས་ན་འཕྲལ་དུ་རྨི་ལྟས་བཟང་པོ་ལ་སོགས་པ་འབྱུང་བར་འགྱུར་རོ། །རྫོགས་སོ།།  །།ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །གདུག་པ་ཅན་འགའ་ཞིག་ཚར་གཅད་པར་འདོད་པས། རོ་བསྲེགས་པའི་སར། རྡོ་གསུམ་ལ་སྒྱེད་པུ་བྱས་ལ། དེའི་ནང་དུ་ཡམ་ཤིང་ལས་ཐབ་གྲུ་གསུམ་བརྩིག དེའི་སྟེང་དུ་སླ་ང་གཟུགས། ཤ་ཁྲག་གིས་སྦགས་བའི་གཏོར་མ་གཅིག་གཡོན་དུ་བཞག གཡས་སུ་དང་པོར་ནས་ནག་པོ། དེ་ནས་སྐེ་ཚེ། ཡུངས་ཀར། ཡུངས་ནག སལ་ཀ མར་རྣམས་གཞག མདུན་དུ་ཤོག་བུ་ལ་གནོད་བྱེད་ཀྱི་གཟུགས་བརྙན་བྲིས་ལ་གཞག དེ་ནས་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་རྡོ་རྗེ་ཕུར་པ་ཞལ་གསུམ་གཡས་དཀར། གཡོན་དམར། དབུས་མཐིང༌། ཕྱག་དྲུག་ཀས་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པར་བསམས་ལ། ཨོཾ་པ་ཏི་པ་ཤུ་ཧཱུྃ་ཕཊ། ཅེས་པ་སྟོང་བཟླས་ལ། མེ་སྦར་ལ་སླ་ང་དམར་ལྷང་གིས་བསྲེག དེ་ནས་རང་གི་སྙིང་གའི་ཧཱུྃ་ལས། ཁྲོ་བོ་རང་འདྲ་བ་དཔག་ཏུ་མེད་པ་སྤྲོས་ནས། རང་ངམ་གཞན་ལ་གནོད་པའི་བསྒྲུབ་བྱ་དེ་རང་དབང་མེད་པར་ལྕགས་ཀྱུས་སྙིང་ག་ནས་ཕུག ཞགས་པས་མགྲིན་པ་ནས་བཅིངས། ཐོ་བ་ལ་སོགས་པའི་མཚོན་ཆས་རྒྱབ་ནས་བརྡེག་ཅིང༌། ཁྲོ་བོ་ལ་ལས་རྐང་པ་ནས་བཏེག་ཅིང་བཀུག་སྟེ། སྔར་གྱི་གཟུགས་བརྙན་ལ་བསྟིམ་པ་ཡང་ཡང་བྱས་ལ། དེ་ནས་སླ་ངའི་ནང་དུ། དབུས་སུ་རྡོ་རྗེ་ཕུར་པའི་ལྷ་རང་འདྲ་བ་གཅིག་བསམ། ཐབ་ཀྱི་ཟུར་གྱི་ཐད་ཀ་ལ། སྐུའི་ཁྲོ་བོ་དཀར་པོ། གསུང་གི་ཁྲོ་བོ་དམར་པོ། ཐུགས་ཀྱི་ཁྲོ་བོ་ནག་པོ། གསུམ་ཀའང་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཉིས་ཀས་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་རྒྱན་གྱིས་བརྒྱན་པ་གསལ་བར་དམིགས་ལ། དང་པོ་ལིངྒ་དེ་སླ་ངར་བསྐྱུར་ལ། ཁྲོ་བོ་བཞི་ཀའི་ཞལ་དུ་ཐིམ་པར་བསམ། དེ་ནས་དཔའ་ཟས་འདྲེན་པའི་ཚུལ་དུ། གཏོར་མ་དེ་འབྲུ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ། ཨ་ཀཱ་རོའི་སྔགས་ཀྱིས་དབུལ། དེ་ནས། ནས་ནག་པོ་ནས་བཟུང་སྟེ། རྫས་རྣམས་བཤམས་པའི་གོ་རིམ་བཞིན་མ་ནོར་བར། ཨོཾ་པ་ཏི་པ་ཤུ་ཧཱུྃ་ཕཊ། གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་བཟླས་ཤིང༌། རེ་རེ་ནས་ཁྲོ་བོ་བཞི་པོའི་ཞལ་དུ་ཕུལ་བར་བསམ་ཞིང་བསྲེག དེ་བཞིན་དུ་ཡང་ནས་ནག་པོ་ནས་བཟུང་སྟེ་ལྡབས་ཤིང༌། རྫས་རྣམས་མ་ཟད་བར་དུ་དབུལ། བསྲེག་རྫས་ཟད་པ་དང་ཁྲོ་བོ་བཞི་པོ་རང་གི་སྙིང་གའི་ཧཱུྃ་ལ་བསྡུ། ཚོགས་ལ་ལོངས་སྤྱོད། དེ་ནས་སླ་ངའི་ཐལ་བ་སྦའོ། །ནུབ་བདུན་ནམ། ཟླ་བ་ཕྱེད་ཀྱི་བར་དུ་ནུབ་རེ་ལ་ལན་རེ་བྱ། མཐར་ལས་ཀྱི་རྗེས་ཁྱིའམ་ཕྱི་བའི་ཐོད་པར་ཐལ་བ་རྣམས་བླུགས་ལ། བུ་ག་ཐམས་ཅད་འདག་པས་བཀག་ལ། སྐྱེ་བོ་མང་པོ་འདྲུལ་བྱེད་པའི་ལམ་གྱི་འོག་ཏུ། མཚུལ་པ་ཕྱིར་བསྟན་ལ་སྦའོ། །གནུབས་ནམ་མཁའི་སྙིང་པོའི་ནག་པོ་འབྲུ་བདུན་ཅེས་བྱ་བའོ།།  །།ཨེ་ཀང་ཧེ་ཐཾ་ཧ་ཏེ། ཨ་པ་རེ་ཧ་ཐོང་ཙ་ཏི། ཨ་བྷ་ང་ཕཊ་མ། མེ་གྷ་ཕཊ་མ། སིནྡྷུ་ར་ན་མ། མེ་གྷཾ་ཕཊ་མ། སི་གྷཾ་ཕཊ་ཕཊ། རེ་ཕཊ་ཕཊ། སེར་བ་དང་རླུང་དང་ཆར་གཅོད་པའོ། །རང་ཉིད་ལྷག་པའི་ལྷར་བསམས་ཏེ། ལག་པ་གཡོན་པར་ཕུབ་ཀྱིས་ལོ་ཏོག་སྐྱོབ་པར་བསམ། གཡས་ཟོར་བས་སྤྲིན་གཤོག་ཅིང་གཅོད་པར་བསམ། དེ་ལྟར་བསྒོམ་ཞིང་བསྙེན་པ་མང་དུ་བྱས་ན་ལེགས། ཟློས་པའི་དུས་སུ། དམིགས་པ་སྔ་མ་ལྟར་བྱ་སྟེ། སྔགས་དྲག་ཏུ་བཟླ་ཞིང་དྲག་ཏུ་མཆོངས་ཤིང་ཕུས་གདབ། དེས་ངེས་པར་ཟློག་གོ །བསྙེན་པ་མ་སོང་ཡང་ཟློག་གོ །ཨི་ཐི།།  །།ན་མོ་གུ་ར་ཝེ། ཆོས་ཀྱི་བདེ་བ་ཆེན་པོའི་མན་ངག ངོ་བོ་གསུམ། དམ་ཚིག་བཞི། གོལ་ས་གསུམ། གཞག་ཐབས་བཞིའོ། །ངོ་བོ་གསུམ་ནི་རྩོལ་སྒྲུབ་མེད་པ། མ་བཅོས་པ། བྱུང་ཚོར་ཐམས་ཅད་རང་གི་སེམས་སུ་ཤེས་པའོ། །དམ་ཚིག་བཞི་ནི། ཉོན་མོངས་པ་སྤང་དུ་མེད་དེ། རང་གི་སེམས་ཡིན་པའི་ཕྱིར་རོ། །གཉེན་པོ་བསྟེན་དུ་མེད་དེ། སེམས་གཉིས་སུ་མེད་པ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ལ་བསྒོམ་དུ་མེད་དེ། སེམས་ངོས་བཟུང་མེད་པའི་ཕྱིར་རོ། །འབྲས་བུ་ལ་རེ་བ་མེད་དེ། སེམས་རྟོགས་པ་ཉིད་སངས་རྒྱས་ཡིན་པའི་ཕྱིར་རོ། །གོལ་ས་གསུམ་ནི། སངས་རྒྱས་ལ་རེ་ན་གོལ་ས། འཁོར་བ་ལ་དོགས་ན་གོལ་ས། དངོས་པོར་སྣང་བ་འདི་ལ་ཞེན་ན་གོལ་སའོ། །གཞག་ཐབས་བཞི་ནི། ཆུ་མ་རྙོག་ན་དྭངས་པ་བཞིན། སེམས་མ་བཅོས་པར་ལྷུག་པར་གཞག བར་སྣང་གི་བྱའི་རྗེས་མེད་པ་བཞིན། ཤེས་པ་རྟེན་མེད་པར་གཞག ཉི་མ་སྤྲིན་གྱིས་མ་བསྒྲིབས་པ་བཞིན། ཚོགས་དྲུག་ཡུལ་ལ་ལྷུག་པ། མི་འགག་པ་རང་ལུགས་སུ་གཞག ཆུ་བོ་རྟག་ཏུ་དབབ་པ་བཞིན། དུས་དང་སྤྱོད་ལམ་ཐམས་ཅད་མ་ཡེངས་པར་གཞག་གོ །སློབ་དཔོན་ཆེན་པོ་ཌོཾ་བི་ཧེ་རུ་ཀའི་ཐུགས་ཀྱི་མན་ངག ཡི་གེ་བཞི་པ་ཞེས་བྱ་བའོ། །རྫོགས་སོ།།  །།ན་མོ་གུ་ར་ཝེ། ཕྱག་རྒྱ་ཆེན་པོ་དབུ་མར་འཇུག་པ་ལ། རླུང་ལུས་ལ་གནས་པར་བྱ་བའི་ཐབས་ནི། རང་གི་མཛོད་སྤུར་ཆོས་ཀྱི་འབྱུང་གནས་དམར་སང་ངེ་བ་གཅིག་བསམ། དེའི་ནང་དུ་ཐིག་ལེ་ཁ་སྦྱོར་སྣ་ཚོགས་པ་གཅིག་བསམ། དེ་ལ་ཤེས་པ་གཏད་དེ་བསྒོམས་པས། མཛོད་སྤུར་བདེ་བ་སྐྱེ། དེ་ནས་རྩ་དབུ་མ་གྲོ་སོག་གི་སྦུབས་ཙམ་གྱི་ནང་ན་ཡར་ཐིག་ལེ་དེ་སོང་ནས། སྤྱི་གཙུག་ན་མར་འཁྱོག་པའི་མཚམས་སུ་ཐིག་ལེ་དེ་གཞག དེ་ལ་ཤེས་པ་གཏད། དེར་བདེ་བ་སྐྱེས་པ་དང༌། དབུ་མ་ན་མར་བ་བླའི་ཐག་པ་ཙམ་དུ་ནར་གྱིས་སོང་བས། འོག་སྒོ་བདེ་བ་ཆེན་པོའི་ལམ་གྱི་ཆོས་འབྱུང་ལས་ཀྱང་ཐལ་ཏེ། ཕྱིར་སོར་ཕྱེད་དང་གསུམ་ཙམ་དུ་ཉུག་བྱུང་བ་ལན་འགས་མི་བཟོད་པའི་བདེ་བ་སྐྱེའོ། །ཐིག་ལེ་འཛག་པ་སྙམ་བྱེད་པ་བྱུང་ན། སོར་ཕྱེད་ཕྲི་ལ་སོར་གཉིས་བསྒོམ། དེས་ཀྱང་མི་བཟོད་ན་ཡང༌། རན་ཚད་དབྲི། ད་རུང་མི་བཟོད་ན་ཕྱིར་ཉུག་ཙམ་བྱ། དེ་ལྟར་བྱས་པས་རླུང་ལུས་ལ་ཕོག་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་བདེ་བ་སྐྱེ་བར་འགྱུར་བས་ན། རླུང་ལུས་ལ་གནས་པ་ཡིན་ནོ། །དེ་ནས་རླུང་སེམས་ལ་གནས་པར་བྱ་བ་ནི། སྟེང་སྒོ་རྣམ་པར་གྲོལ་བའི་ལམ་གྱི་ཐིག་ལེ་རང་ལ་ཤེས་པ་གཏད་པས། ཅི་ཞིག་ན་ལུས་མེད་པ་སྙམ། གཞའ་ཚོན་ཡིན་པ་སྙམ་བྱེད་པ་འབྱུང་སྟེ། དེ་ནི་རླུང་སེམས་ལ་གནས་པ་ཡིན་ནོ། །དེ་ནས་སྟོང་པ་ཉིད་ལ་སེམས་བཞག་པས། འོད་གསལ་མངོན་དུ་གྱུར་པ་ནི། ཕྱག་རྒྱ་ཆེན་པོ་དབུ་མར་ཞུགས་པ་ཡིན་ནོ། །དཔལ་ནཱ་རོ་ཏ་པའི་མན་ངག་ཕྱག་རྒྱ་ཆེན་པོ་དབུ་མར་གཞུག་པ། ཨི་ཐི།།  །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ཆེན་པོ་སིངྷཱརྠ་ཞེས་པ་འདི་མཁའ་སྤྱོད་དུ་གཤེགས་པ་ཡིན་ཏེ། ཁོང་དཔོན་གཡོག་གཉིས་བཞུགས་པའི་ཚེ། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ནས། ཤིང་རིང་པོ་གཅིག་གི་རྩེ་ནས་གཅིག་གི་རྩེར་འཛེགས་ཏེ། མཐར་མཁའ་སྤྱོད་དུ་གཤེགས་སོ། །དེས་མན་ངག་འདི་གཡོག་པོ་ལ་བསྟན་པ་ཡིན་ཏེ། འདི་ནི་གང་ལ་ཞེན་པ་ཡོད་པ་གཏང་བའི་མན་ངག་སྟེ། དེའང་རང་གི་རྩ་བའི་བླ་མ་མདུན་གྱི་ནམ་མཁར་བསམས་ལ། དེ་ལ་ཞིང་དང་ཁང་པ་ལ་སོགས་པ་ཅི་ཡོད་ཀྱི་དངོས་པོ་རྣམས་དབུལ། དེ་ནས་དགྲ། དེ་ནས་གཉེན། དེ་ནས་བུ་དང་ཆུང་མའང་བཏང་ལ། རང་མིན་པ་མ་ལུས་པར་བྱ། དེ་ནས་རང་གི་ལུས་ཀྱང་བཏང་སྟེ། དེའང་ཐོག་མར་རྐང་པ་གཡས་བཅད་ལ་དབུལ། དེ་ནས་གཡོན། དེ་ནས་ལག་པ་གཡས། དེ་ནས་གཡོན། དེ་ནས་མགོ མཐར་རྩེང་ཁོག་ཕུལ་ལ་གང་ལ་ཡང་ཆགས་ཞེན་མེད་པར་བྱ། བདག་གི་བྱ་བ་ཐམས་ཅད་བླ་མ་མཁྱེན་པར་བསམ། དེ་ལྟར་ཡང་ཡང་བསྒོམས་པས། དང་པོ་སྙིང་མི་དགའ་བ་སྙམ་བྱེད། དེ་ནས་ཆགས་ཞེན་ཆུང༌། སྣང་བ་རྣམས་བུན་བུན་ལོང་ལོང་པོ་འབྱུང་ངོ༌། །འདིས་སྙིང་རླུང་དང༌། གདོན་གྱི་བར་ཆད་ལ་ཡང་ཕན་པར་འགྱུར་རོ། །ཕྱག་རྒྱ་ཆེན་པོ་བསྒོམ་པའི་མན་ངག རྣལ་འབྱོར་པ་ཆེན་པོ་སིདྡྷཱརྠས་གསུངས་པ། བོ་ཏ་རཱ་ཧུ་ལ་གནང་བ། སློབ་དཔོན་རིན་པོ་ཆེས་བདག་ལ་གནང་བའོ།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་བསྐྱེད་པ་ལ་བཞི། རྨི་ལམ་ངོས་གཟུང༌། དེ་སྦྱང༌། སྤེལ། དེ་ཁོ་ན་ཉིད་བསྒོམས་ལ་རྟོགས་པ་ཕུལ་དུ་དབྱུང་བའོ། །ཡང་གནད་རྣམས་པ་བཞི་སྟེ། འབྱམས་པ། འགོལ་བ། ཉོན་མོངས་ལྡང་བའི་རོ། །དེ་ཁོ་ནའི་ཡེ་ཤེས་སླེབ་པའི་ཚད། འཁོར་བ་ལྡོག་པའི་ཚད་དེ་བརྒྱད་པ་འདི་འདྲེ་ཞིང་ལམ་རྒྱུད་ལ་བསྐྱེད་དེ། དེ་ལ་དང་པོར་ཉམས་སུ་བླང་བ་ནི། གནས་དབེན་པར་ཕྱིན་ལ། ཁ་ཟས་ཅུང་ཟད་བཅུད་དབྲི་ཞིང་ཆ་སྙོམས། སྤྱོད་ལམ་དལ་བར་བྱ། སྨྲ་བ་བཅད། དུབ་ན་མི་ཟིན། དེ་ལྟར་ཞག་ཅི་རིགས་བྱས་ལ། སྔ་དྲོ་ནས་བཟུང་སྟེ། ཕྱི་དྲོའི་བར་དུ་འདུན་པ་བཏང་བ་ནི། མདང་གི་རྨི་ལམ་ལ། རྨི་ལམ་དུ་ངོ་ཤེས་པར་བྱའོ། །ཞེས་ཡང་ཡང་བསམ་པ་བཏང༌། སྲོད་དང་ཉལ་ཁར་འདུན་པ་མི་བཏང༌། དེ་ནས་ལུས་ཙོག་པུའམ། སྐྱིལ་ཀྲུང་དུ་བྱས་ལ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བ་དང་ལྔ་ལ། ཨོཾ་ཨ་ནུ་ཏ་ར། ཞེས་པ་ཁ་དོག་དཀར་པོ་གཡོན་སྐོར་དུ་དགོད། ཨ་ནས་བཟུང་སྟེ་འདབ་མའི་ཡི་གེ་ལ་རིམ་པས་དམིགས་པ་གཏད། མཐར། ཨོཾ་ལ་གཏད། དེ་ནས་གཉིད་དུ་བཏང༌། དེས་རྨི་ལམ་ཟིན་ན་རྟགས་ནི། གཡང་ས་དང༌། ཆུས་ཁྱེར་བ་དང༌། རྦབ་ཏུ་འདྲིལ་བ་དང༌། གཞན་ཡང་སྔངས་སྐྲག་ལ་སོགས་པ་དུ་མ་འབྱུང༌། ཤིན་ཏུ་ཟིན་ན། རྨི་ལམ་ཉིད་རྨི་ལམ་དུ་ངོ་ཤེས་པ་འབྱུང༌། སེམས་ལ་དགའ་བ་དང༌། ལུས་ལ་བདེ་བའི་ཏིང་ངེ་འཛིན་སྐྱེའོ། །ཟིན་རུང་མ་ཟིན་རུང་དེ་འདྲ་ཞག་འགའ་བྱ། དེ་ལྟར་བྱས་ཀྱང་མ་ཟིན་ན་ཅུང་ཟད་འབྱམས་པ་ཡིན་པས། དེའི་སྐྱོན་བསལ་བ་ནི། གཉིད་ཆེས་ནས་རྨི་ལམ་གསལ་པོ་མི་ཡོང་ན། ཁ་ཟས་དབྲི། ཆུང་ནས་མི་ཡོང་ན། ཕྱི་དྲོ་ཆང་རན་ཙམ་བཏང༌། ཉིན་མོ་སྔར་བཞིན་འདུན་པ་བཏང༌། ཉལ་ཁར་མཛོད་སྤུར་ཐིག་ལེ་ནག་པོ་དམིགས་ལ་སེམས་གཏད་ལ་ཉལ། དེས་ཟིན་ཏོ། །གལ་ཏེ་དེས་ཀྱང་མ་ཟིན་ན། འདུན་པ་བཏང་ལ་སྔར་བཞིན་བྱའོ། །ཉལ་ཁར་མཛོད་སྤུར་ཐིག་ལེ་ཕྱི་ནག་པོ་ནང་དུ་དཀར་པོ་ལ་བློ་གཏད་ལ་ཉལ་ལོ། །དེས་ཟིན་ཏོ། །དེ་ལྟར་ཟླ་བ་ཕྱེད་ལ་སོགས་པའི་བར་དུ་ཞག་གྲངས་ཅི་རིགས་བྱའོ། །ཁ་ཅིག་ལ་རྨི་ལམ་མ་ཟིན་པར་ལུས་ལ་བདེ་བ་ཆེར་སྐྱེ་ཞིང༌། ཉིན་པར་ཤེས་པ་མྱོས་པ་ལྟ་བུས་མི་རྟོག་པར་གྱུར་ན། མྱུར་དུ་རྨི་ལམ་ཟིན་པའི་རྟགས་ཡིན་པས་སྔར་བཞིན་བསྒོམ། དེས་ཀྱང་མ་ཟིན་ན། འབྱམས་པ་ཆེར་གོལ་བ་ཡིན་པས། ཉིན་མོ་ལུང་སྟོང་མི་མེད་པ་ཡ་ང་བའི་སར་ཕྱིན་ལ། གཅེར་བང་རྒྱུག འོ་དོད་སྣ་ཚོགས་འབོད། གོས་གྱོན་ལ་གཡང་སར་འདུག་པ་ལ་སོགས་བྱས་ལ་འདུན་པ་བཏང༌། ཡང་འདུན་པ་སྤོ། དེ་ནས་ལུས་ཙོག་པུ་ལ་སོགས་པ་ཅི་རིགས་པར་འདུག་སྟེ། ལུས་འདི་ཕྱིར་ལོག་ཏུ་བསྒོམས་པས་ཏེ། ནང་གྲོལ་ལ་སོགས་པ་ཐམས་ཅད་ཕྱི་ན་གནས། པགས་པ་ངོས་ནང་ན་གནས་པར་བྱས་ལ། དེའི་མཛོད་སྤུར་ཐིག་ལེ་དཀར་པོ་གསལ་བ། ཆེ་ཆུང་ཉམས་དང་བསྟུན་པའི་གང་བདེ་གཅིག་བསམས་ལ། དེ་ལ་ཡིད་གཏད། དེ་ཉིད་དུ་ཉལ། དེས་རྨི་ལམ་མི་ཟིན་མི་སྲིད། ཏིང་ངེ་འཛིན་བདེ་སྟོང་ཡང་དེ་དང་ལྷན་ཅིག་སྐྱེའོ། །གོལ་ས་སྤངས་པའོ། །དེ་ནས་རྨི་ལམ་སྦྱང་བ་ནི། རྨི་ལམ་མམ་སྒྱུ་མ་དེ་ཉིད་ནི། རང་གི་སེམས་ཡིན་པས། རྨི་ལམ་དུས་ཀྱི་ལུས་དེས། ཉི་ཟླའི་སྟེང་དུ་འགྲོ་བ། རྡོག་པས་མནན་པ། རི་རབ་ཀྱི་སྟེང་དུ་འགྲོ་བ། སུམ་ཅུ་རྩ་གསུམ་བལྟ་བ། འོག་མིན་གྱི་སངས་རྒྱས་ཀྱི་ཞིང་བལྟ་བ། ཕྱོགས་བཅུའི་མཁའ་འགྲོའི་གནས་ཉེར་བཞི་བལྟ་བ་ལ་སོགས་པ་ཡང་དང་ཡང་དུ་བྱས་པས། གཉིད་དང་རྨི་ལམ་གྱི་ཚེ། ཏིང་ངེ་འཛིན་མཆོག་ཏུ་འགྱུར་རོ། །དེ་ནས་དེ་བས་ཀྱང་ཕུལ་དུ་བྱུང་བའི་རྨི་ལམ་སྤེལ་ཏེ། གཡང་ས་གཅིག་ལས་ཀྱང་གཡང་ས་ལོ་ཀའི་ཁམས་གང་བ་དང༌། ཉི་ཟླ་གཅིག་ལས་ཀྱང་ཉི་ཟླ་བྱེ་བ་ཕྲག་འབུམ་དང༌། རྨི་ལམ་དུ་བསྐྱེད་རིམ་བསྒོམས་ཏེ། ཌཱ་ཀི་ཁྱི་གདོང་མ་གཅིག་པུས་ཀྱང་ནམ་མཁའ་གང་བ་དུ་མ་སྤྲོས་ཏེ། སླར་གཅིག་ཏུ་བསྡུ་བ་ལ་སོགས་པ་ཆོ་འཕྲུལ་དུ་མ་བྱའོ། །དེ་ལྟ་བུའི་ཏིང་ངེ་འཛིན་སྦྱང་བ་དང་སྤེལ་བ་བསྒོམས་ཀྱང༌། སླར་རྟོག་པ་མང་དུ་འགྱུར། སྣང་བ་ལ་ཞེན་པ་ཆེ། བདེ་ཤུགས་ཆུང་ན། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམས་ཏེ། མཛོད་སྤུ་ཉམས་གསུམ་དང་ལྡན་པའི་ཐིག་ལེ། ཆེ་ཆུང་ཅི་རིགས་བསྒོམས་པས། མཛོད་སྤུའི་དབུ་མའི་གནས་སུ་བདེ་སྟོང་རྒྱུན་མི་ཆད་པར་འགྱུར་རོ། །དབང་གསུམ་པའི་ཉམས་མྱོང་ཡང་ཅུང་ཟད་དྲན་པར་བྱའོ། །དེས་ལུས་བདེ་བས་གང་བ་དང༌། སེམས་ལ་དགའ་བ་ཁྱད་པར་ཅན་སྐྱེ་ཞིང་གཉིད་ལོག་སད་པ་མི་ཕྱེད་པ་འབྱུང་ངོ༌། །དེ་བཞིན་བསྒོམས་པ་ལས། ཆོས་ཐམས་ཅད་སེམས་དང༌། སྒྱུ་མ་དང༌། བདེ་ཆེན་དུ་རྟོགས་པར་འགྱུར་རོ། །དེ་ལྟར་རྟོགས་ཀྱང་སླར་བདེ་བ་ལ་ཞེན་ན། ཉོན་མོངས་པའི་རོ་ཞེས་བྱ་བ་ཡིན་ཏེ། དེ་ལས་སྲེད་པ་ལ་སོགས་པ་འཕེལ་བར་འགྱུར་རོ། །དེའི་གཉེན་པོར་དེ་ཁོ་ན་ཉིད་བསྒོམ་པ་ནི། བདེ་བ་དེ་ཡང་སྣང་བ་ཙམ་ཡོད་ཀྱིས། བདེན་པར་མ་གྲུབ་པ། སྟོང་པ་ཉིད་སྤྲོས་པའི་མཚན་མ་དང་བྲལ་བར་བལྟས་ཏེ། བདེ་བ་སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས་བསྒོམས་ལ། སྔར་ཐོས་བསམ་བྱས་པའི་ལྟ་བ་ཡོད་ནའང་རྗེས་སུ་དྲན། དེ་མིན་ན་མིག་དཔངས་བསྟོད་དེ། མིག་འབྲས་རྟེན་མེད་དུ་མི་འགྱུར་བར་བྱའོ། །ཡང་ན་ཚངས་སྒོའི་བུ་ག་ཡངས་པར་བསམས་ལ། དེ་ནས་སྟེང་གི་ནམ་མཁའ་སྔོན་པོ་ལ་བལྟའོ། །དེས་བདེ་སྟོང་ཟུང་དུ་ཆུད་པར་འགྱུར་ཞིང༌། རྗེས་ཀྱི་སྣང་བ་ཐམས་ཅད་ལ་ཡང་སྒྱུ་མ་དང༌། བདེ་སྟོང་གཉིས་རོ་གཅིག་ཏུ་མཉམ་རྗེས་མེད་པར་བསྐྱང་ངོ༌། །དེ་ལྟ་བུའི་ཏིང་ངེ་འཛིན་མཆོག་སྐྱེས་ཀྱང༌། ལུས་སྒྱུ་མ་ལྟ་བུར་མ་གྱུར་པས། བར་དོ་ལ་བརྟེན་ཏེ་ལུས་ལེན་ནོ། །འདི་ནི་འཁོར་བ་ལྡོག་པའི་དུས་ཞེས་བྱ་སྟེ། དེ་ལ་མན་ངག་གི་གནད་ནི། སྔར་རྨི་ལམ་དུ་ཤེས་པར་བྱའོ། །ཞེས་འདུན་པ་བཏང་བ་བཞིན་དུ། འཆི་ཁའི་བར་དུ། བར་དོ་སྒྱུ་ལུས་ལ་སྒྱུ་ལུས་སུ་ཤེས་པར་བྱའོ་སྙམ་དུ་འདུན་པ་ཡང་ཡང་བཏང་ཞིང༌། སྐབས་སྐབས་སུ་ལུས་ཕྱི་ལོག་གི་ལོག་གནོན་བསྒོམ་པ་ཤིན་ཏུ་གཅེས། གནད་དེ་ཉིད་ཀྱིས། འཆི་ཁར་ཡ་ང་བ་དང་བྲལ་ཏེ། བར་དོར་སྐུ་གསུམ་མཆོག་ངེས་པར་འགྲུབ་པར་བཞེད་དོ། །དེ་ལྟར་དོན་བརྒྱད་ཀྱིས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ངེས་པར་འགྲུབ་པའི་ཐབས་གནད་ཀྱི་ཕྲེང་བ་བསྡུས་པའི་དབྲི་བསྣན་མེད་པར་རྫོགས་སོ། །ཟབ་མོའི་གནད་ཡིན་ནོ། །ཨི་ཐི།།  །།ཛཱ་ལནྡྷ་རའི་ཞབས་བཏུད་ནས། །ཙཎྜཱ་ལཱི་ཡི་མན་ངག་བྲི། །བདེ་བའི་སྟན་ལ་འདུག་ནས་ནི། །རྐང་པ་བསྣོལ་ཏེ་ལག་པ་ཡང༌། །བསྣོལ་བར་བྱས་ལ་རྐང་པ་ཡི། །མཐེ་བོང་གཉིས་ནི་སོ་སོར་གཟུང༌། །ལུས་ཀྱི་གནད་ཡིན་ངག་ཀྱང་ནི། །སོ་བཟུང་སེམས་ཀྱང་རྣལ་དུ་དབབ། །དེ་ནས་སྐད་ཅིག་རྣལ་འབྱོར་གྱིས། །རང་ཉིད་ལྷག་པའི་ལྷར་བསྐྱེད་དེ། །ལྟེ་བའི་དབུས་སུ་ཨ་ཐུང་ནི། །ཤད་ཀྱི་རྣམ་པ་གསལ་བར་བལྟ། །དེ་ལས་མེ་འབར་ཀླད་པ་ཡི། །དུང་ཁང་ནས་ནི་རྐང་མཐིལ་བར། །མེ་ཡིས་ཡོངས་སུ་གང་བར་བསམ། །སྲིན་པོའི་ལམ་ཡང་རབ་ཏུ་བསྡམས། །སྲོག་དང་རྩོལ་བའང་བཀག་བྱས་ལ། །ཁ་སྦྱོར་རླུང་གི་རྣལ་འབྱོར་བྱ། །ལུས་ནི་གཡོ་ཞིང་གཅུ་བ་དང༌། །གཞུ་སྲན་འགེངས་པ་ལྟར་ཡང་བྱ། །དེ་ལྟར་བསྒྲིམས་ཏེ་འགའ་བྱས་ན། །ལུས་ལ་དྲོད་དང་བདེ་བ་སྐྱེ། །ཐིག་ལེ་ཡང་ནི་ཉམས་མི་འགྱུར། །གོམས་ན་མཆོག་གི་དངོས་གྲུབ་ཐོབ། །རྣལ་འབྱོར་བསྡུས་པ་ས་མཱཔྟ། །མགོ་ན་ན་མགོ་སྤྲུག་ཅིང་གཡས་གཡོན་དུ་བལྟ། ལག་པ་དང་སྟོད་ན་བར་གྱུར་ན། མདའ་འཕེན་པ་ལྟར་བྱ་ཞིང༌། རྒྱུད་དང་ལྟོང་གི་ཕྱོགས་སུ་ཁ་གཅུ། དཔུང་པ་ན་ན། དཔུང་པ་གཡས་གཡོན་ན། ལག་པ་བསྣོལ་བས་འཇུ་ཞིང་བསྡམ་པར་བྱའོ། །ལུས་ཀྱང་གཅུ་ཞིང་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །རྐང་པ་ན་ན་ལངས་ཏེ་རྐང་པ་དྲག་ཏུ་སྤྲུག་ཅིང༌། རྐང་མཐིལ་ས་ལ་བརྡབ། དེས་སྐྱོན་ལས་གྲོལ་བར་འགྱུར་རོ། །བདག་བྱིན་གྱིས་བརླབ་པའི་རིམ་པ། བླ་མ་འགོས་ལྷས་བཙས་ཀྱི་ཐུགས་དམ། དགེ་བཤེས་བླན་གྱིས་གནང་བའོ།།  །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རང་ཐ་མལ་པའི་གཞི་ལ་གནས་ལ། མདུན་གྱི་ནམ་མཁའ་ལ་བླ་མ་དམ་པ། པདྨ་དམར་པོའི་སྟེང་ན་བཞུགས་པ། ཡུམ་དང་གཉིས་སུ་མེད་པར་བསམས་ཏེ། སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དང༌། བླ་མ་ཡབ་ཡུམ་གྱི་མཛོད་སྤུ་ནས། གཉིས་སུ་མེད་པའི་རང་བཞིན་གྱི་འོད་བྱུང་བས། བདག་གི་མཛོད་སྤུ་ནས་ཞུགས་པས། ཐོག་མ་མེད་པ་ནས་ལུས་ཀྱི་དྲི་མ་ཐམས་ཅད་སྦྱངས། ལུས་ཤེལ་སྒོང་དག་པ་ལྟར་བསམ། ཡང་སྦྱོར་མཚམས་ནས་ཁུ་བ་དང༌། མགྲིན་པ་ནས་འོད་བྱུང་བས་བདག་གི་ཁ་ནས་ཞུགས། ཐོག་མེད་ནས་བསགས་པའི་ངག་གི་དྲི་མ་སྦྱངས། སྔ་མ་བཞིན་འགྱུར་བར་བསམ། ཡང་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་གཞའ་ཡི་རྣམ་པ་ཡེ་ཤེས་ལྔའི་རང་བཞི་འཕྲོས་པས། བདག་གི་སྙིང་ག་ནས་ཞུགས། ཐོག་མ་མེད་པ་ནས་བསགས་པའི་ཡིད་ལ་གནས་པའི་ལས་དང་ཉོན་མོངས་པའི་དྲི་མ་སྦྱངས། རྣམ་པར་དག་པའི་ཤེས་པ་རང་རིག་རང་གསལ་དུ་ཝལ་བསམས་ཏེ། སེམས་ཀྱི་འདུན་པ་ཁོང་ནས་ཀློད་པས། ཡོན་ཏན་གཉིས་འབྱུང་སྟེ། ལོག་འདྲེན་གྱིས་མི་ཚུགས་པ་དང༌། རིམས་དང༌། དུག་དང༌། རིག་སྔགས་ཀྱི་སྦོད་གཏོང་ཐམས་ཅད་ཀྱིས་མི་ཉམས་པ་རྡོ་རྗེའི་ལུས་སུ་འགྱུར་རོ། །ཡུན་དུ་བྱས་ན། བག་ཆགས་མ་ལུས་པ་བྱང་སྟེ། མཁའ་འགྲོ་མ་ཀུན་གྱིས་ཀྱང་ན་གྱིས་རློབ་པར་འགྱུར་རོ། །དམ་ཚིག་གི་ཉེས་པ་ཏིང་ངེ་འཛིན་གྱིས་སྦྱངས་པའི་ཐབས་འདི་ཉིན་རེ་ལ་ལན་གསུམ་གསུམ་བྱས་ན། ངན་འགྲོ་ཐམས་ཅད་ལས་ཐར་ཏེ། རིག་པ་འཛིན་པའི་རྒྱུད་དུ་མི་འགྲོ་རེ་ཞེས་བླ་མ་ཆེན་པོས་ལན་གསུམ་དུ་དབུ་བསྙུང་བ་ཞེས་སོ། །ས་མཱཔྟ། ཇོ་བོ་ནཱ་རོ་ཏ་པས། བླ་མ་བཙུན་མོ་ཅན་ལ་གནང༌། དེས་བླ་མ་འགོས་ལ་གནང༌། དེའང་ཁྱད་པར་ཅན་གྱི་ཆོས་གསུམ་གནང་སྟེ། ལཱུ་ཧི་པ་རྒྱས་བསྡུས་གསུམ་གྱི་མན་ངག ཕག་མོ་མཁའ་སྤྱོད་བྱིན་རླབས། འདིའོ། །འགོས་ཀྱིས་བླན་གྲགས་པ་དབང་ལ་གནང༌། དེས་བླ་མ་ཨ་ལ། འདི་དང་སེམས་འཛིན་བརྒྱ་པ་ལ་སོགས་པ་གནང༌། དེས་བླ་ཆེན་ལ་གནང་བ། ཁྱད་པར་ཅན་གྱི་གདམས་ངག་ཡིན་ནོ། །སིདྡྷི། གཞན་ཡང་ཉིན་མོའི་དུས་སུ་སྤྱི་གཙུག་ཏུ་པད་ཉིར་བླ་མ་དམ་པ་བཞུགས། མཚན་མོ་རིན་ཆེན་གཞལ་ཡས་ཁང༌། སྙིང་གའི་དཀྱིལ་དུ་བཞུགས་པར་བྱ། བླ་ཆེན་གྱི་གསུང་ངོ༌།།  །།ཨོཾ་སྭ་སྟི་སིདྡྷཾ། ས་ར་ཧ་པ་གསུམ་ལས། འདི་ས་ར་ཧ་པ་ཆེན་པོ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་དཔོན་ཡིན། དེས་ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་དཔྱད་པས། མུ་སྟེགས། ཉན་ཐོས། སེམས་ཙམ། དབུ་མ་སྒྱུ་མ་ཙམ་དུ་སྣང་བ་མན་ཆད་ཀྱིས། དེ་ཁོ་ནའི་དོན་མི་རྟོགས་པར་གཟིགས་ནས། དབུ་མ་རབ་ཏུ་མི་གནས་པའི་སྒོ་ནས་དོན་དཔྱད་པ། རང་བྱིན་གྱིས་བརླབ་པ་ཞེས་ཀྱང་བྱ། སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་བསྒོམ་པ་ཞེས་ཀྱང་བྱ། འདི་བཻ་རོ་ཙ་ན་རཀྵི་ཏས། བླ་མ་བ་རི་ལ་གནང་བའོ། །དེ་ལ་སྣང་སྲིད་ཀྱི་ཆོས་ཐམས་ཅད་དཔྱད་ཅིང༌། ཉམས་སུ་བླངས་པས། རང་གི་སྔར་ཡན་ཆད་ཅི་བྱས་ལ། ད་ལྟར་དཔྱད་པས། དེ་གང་དུའང་མི་སྣང་མ་གྲུབ་པས། དེ་ཡོད་པ་གསལ་བ་ཡིན་ཏེ། མ་གྲུབ་པའི་སེམས་ཉིད་མཐའ་བརྒྱད་དང་བྲལ་བའི་ངོ་བོའོ། །དེ་བཞིན་དུ་ད་ལྟར་གྱིས་སེམས་ཀྱང་མཐའ་བརྒྱད་དང་བྲལ་བར་གོམས་པར་བྱ། སྔར་གྱི་སེམས་སངས་རྒྱས། ད་ལྟར་གྱི་སེམས་བྱང་སེམས། བྱང་སེམས་སངས་རྒྱས་སུ་འགྲོའོ། །དེ་ལྟར་གོམས་པ་ལས་མཐར་ལུས་ཡང་བ་དང༌། དྭངས་པ་འབྱུང་རིམ་གྱིས་ཚེ་འདི་ཉིད་ལ་མཆོག་འགྲུབ་བོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་དུས་ཀྱི་མྱོང་བ་དང༌། རྟོགས་པ་དེ་གཙོའོ།།  །།བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྲམ་ཟེ་ཆེན་པོ་ས་ར་ཧའི་གསུང་ངག་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྒྲུབ་པ་པོའི་རྒྱུད་ལ་བསྐྱེད་པའི་ཐབས་དཔག་ཏུ་མེད་པ་ཅིག་གསུངས་པ་ཡིན་པས། གཞུང་འདི་ལ་རྣལ་འབྱོར་གྱི་འཆིང་བ་བཅུ་ཞེས་བྱ་བ་ཡོད་པར་བཞེད་པ་ལས། རྗེ་བཙུན་རྒྱ་གར་ཕྱག་ན་ཉིད་ནི། དེ་དག་ཞིབ་ཏུ་ཕྱེ་སྟེ་མི་གསུང་ངོ༌། །བསྡུ་ན་དཔེ་དོན་སྦྱར་ནས་སེམས་སྦྱོང་བར་བཞེད་པ་ལས། དཔེ་ནི་ཐག་ཉེ་ཞིང་མཚོན་སླ་བ། གང་ཡང་རུང་བ་ཅིག་ལ་བསླབ་པས། ཕྱིས་དོན་ཐོག་ཏུ་བློ་སྐྱེ་ཞིང༌། མ་བཅོས་པའི་ཕྱག་རྒྱ་ཆེན་པོ་དཔེ་ལས་འདས་པའི་ཉམས་མྱོང་སྐྱེ་སྟེ། དཔེ་ཉིད་ནི་གཞུང་དུ་བརྟག་གོ །དེ་ལ་ཉམས་སུ་བླང་བའི་མན་ངག་ནི། དང་པོར་ལུས་སྐྱིལ་ཀྲུང༌། སྒལ་ཚིགས་དྲང་པོར་བསྲངས་ཏེ་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཆེན་པོ་རྣམས་དྲན་པར་བྱས་ལ། སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད། དེ་ནས་རང་ཐ་མལ་པའི་སྤྱི་བོར། བླ་མ་དར་ལ་བབ་པའི་ཆ་ལུགས་ཅན་དུ་བསམས་ལ་གུས་འདུད་དྲག་པོ་ཡང་ཡང་བྱ་སྟེ། སྤྱི་བོ་ནས་རང་ལ་བསྟིམ། དེ་ནས་ལྷའི་རྣལ་འབྱོར་དྲན་པ་ཙམ་བྱ་བའམ། ཐ་མལ་པས་ཀྱང་རུང་སྟེ། དང་པོར་དཔེ་ཐོག་ཏུ། དཔེ་ལ་ངེས་ཤེས་བསྐྱེད་པ་ཉིད་ལ། སེམས་གནས་སུ་བཞེད་དེ། དེ་ཡང་དང་པོར་ཞི་གནས་ཚོལ་བ་མ་ཡིན་ནོ། །དེ་ཡང་ཕྱོགས་གཅིག་ལ་མཚོན་ན། ཆུ་རླབས་རྒྱ་མཚོ་ལས་འབྱུང་ཞིང༌། འགག་པའང་རྒྱ་མཚོ་ཉིད་ལ་ཐིམ་པའི་ཚུལ་དུ་འགགས་པས། སྐྱེ་འགག་གཉིས་ཀ་རྒྱ་མཚོ་ལས་ལོགས་ན་མེད་པ་ཡང་ཡང་བརྟགས་པས། རྣམ་རྟོག་ཆུ་རྒྱུན་དེ་བྲལ་ཞིང༌། རྟོག་པ་ཉིད་རྟོག་མེད་དུ་ལྷོད་པར་འགྱུར་རོ། །དེ་ཉིད་ཀྱི་དོན་རང་རིག་པའི་སེམས་ཐོག་ཏུ་སྐྱེ་སྟེ། དེ་ལྟར་རྟོག་པ་སྣ་ཚོགས་སྐྱེ་ཡང༌། རང་གི་སེམས་ཉིད་ལས་སྐྱེས་པས། དེ་ཀ་ལ་འཁོར་བའི་ཐ་སྙད་གདགས། རྟོག་པ་དེ་ཐིམ་ཡང་སེམས་ཉིད་ལ་ཐིམ་པས། མྱ་ངན་ལས་འདས་པའི་ཐ་སྙད་གདགས་ཏེ། དེ་ལྟ་ནའང་ཕྱག་རྒྱ་ཆེན་པོར་རང་ཉིད་གཅིག་པ་ཡིན་ནོ། །དེ་ལྟར་ངེས་ཤེས་བསྐྱེད་པས་དོན་ཕྱག་རྒྱ་ཆེན་པོ་རྟོགས་པ་ཤུགས་ལས་འཆར་གྱི། ལོགས་སུ་བསྒོམ་མི་དགོས་སོ། །དེ་བཞིན་དུ་དེ་བརྟན་ཅིང་བོགས་དབྱུང་བའི་ཕྱིར། ལན་ཚྭ་ཆུ་ལ་ཐིམ་པ་ལ་སོགས་པ་ལའང་བསླབ་པའང༌། དེ་དག་ལ་བསླབ་མི་དགོས་པར་ཏིང་ངེ་འཛིན་དེ་བཞིན་དུ་བསྐྱང་བར་བྱའོ། །རྗེས་ཐུན་མཚམས་སུ་འགྲོ་བའི་སྡུག་བསྔལ་དྲན་པར་བྱས་ལ། སྙིང་རྗེ་ཆེན་པོ་བསྒོམ། དེའང་ས་ར་ཧ་པ་ཉིད་ཀྱི་གཞུང་ལས། སྟོང་པའི་སྙིང་པོ་སྙིང་རྗེའི་ཡལ་འདབ་ཅན། །མིང་ནི་གཞན་ལ་ཕན་པའི་འབྲས་བུ་འཛིན། །ཞེས་པ་དང༌། གཉིས་མེད་སེམས་ཀྱི་ལྗོན་ཤིང་མཆོག །རྒྱ་ཆེན་ས་གསུམ་དག་ཏུ་ཁྱབ། །སྙིང་རྗེའི་མེ་ཏོག་འབྲས་བུ་ནི། །མགོན་པོ་གཞན་གྱི་དོན་མཛད་པ། །ཞེས་འབྱུང་བ་བཞིན་ནོ། །དཔེ་ནི་དང་པོ་གང་ལ་བསླབ་ཀྱང་འདྲ། གོ་རིམ་ངེས་པ་མེད་དོ། །ཇི་ལྟར་གཟིངས་ལས་འཕུར་བའི་བྱ་རོག་ནི། །ཕྱིར་ལ་ལོག་ནས་དེ་ཉིད་དུ་ནི་ལྷུང༌། །ཆུ་རླབས་གཞན་ལ་ཆུ་ནི་གཞན་ནམ་ཅི། །སྲིད་དང་ཞི་བ་ནམ་མཁའི་རང་བཞིན་ནོ། །གང་དུ་ཆུ་ལ་ཆུ་ཞུགས་པ། །དེར་ནི་རོ་མཉམ་འགྱུར་བ་ཡིན། །ཞེས་པ་ལ་སོགས་པའི། དོ་ཧ་མཛོད་ཀྱི་གླུའི་མན་ངག་རྒྱ་གར་ཕྱག་ནའིའོ། །ས་མཱཔྟ།།  །།ཨོཾ་སྭ་སྟི། དེ་ཁོ་ན་ཉིད་རྩ་བའི་སྒོམ་ཐབས་ནི། རང་འཁོར་ལོ་བདེ་མཆོག་གི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ལ་གནས་ཏེ། སྙིང་གར་པདྨ་འདབ་བརྒྱད་ཀྱི་སྟེང་དུ། ཉི་མ། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་ཐིག་ལེ་དམིགས་ལ་བསྒོམ་མོ། །དེ་ནས་ཁམས་གསུམ་ཐིག་ལེ་ལ་བསྡུ། དེ་ནས་ལུས་སྟོད་སྨད་ཀྱང་བསྡུ། དེ་ནས་ཉི་ཟླ་བསྡུ། དེ་ནས་ཐིག་ལེ་ནཱ་དར་གྱུར། དེའང་སྟོང་པར་གྱུར་པར་བསམས་ལ། སྤྲོས་བྲལ་དེ་ལ་བློ་ཅུང་ཟད་གནས་པར་བྱས་ཏེ། ཇི་ཙམ་དུ་གནས་པར་ནུས་ནུས་གཞག དེ་ནས་ཡང་ནཱ་དར་བྱུང༌། དེ་ལས་ཐིག་ལེ། དེ་ནས་ཉི་ཟླ། དེ་ནས་རང་གི་ལུས་པོ་འབྱུང་བར་བྱ་བ་སྟེ། དེ་ལྟར་དང་པོ་སྟོང་པར་བསྒོམ། དེ་ནས་གཟུགས་སུ་ལྡང་བ་དེ་ལྟ་བུ་ཐུན་རེ་ལ་གསུམ་གསུམ་བྱ། དེ་ལྟར་ཐུན་བཞིའི་རྣལ་འབྱོར་བྱའོ། །རྗེ་བ་རི་ལོ་ཙཱ་བའི་མན་ངག ཨི་ཐི།།  །།ཨོཾ་སྭ་སྟི། ཕྱག་རྒྱ་ཆེན་པོའི་གོ་བ་བདུན་ལ་སྤྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་ནི། རང་གི་རིག་པ་གསལ་ལ་ངོས་བཟུང་མེད་པ་འདི་ཉིད་ཡིན། ཞེས་ངོ་ཤེས་པར་བྱ། དེ་ལས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་འདི་འཕྲོས་པ་ཡིན་ཏེ། གུད་ན་མེད་ཅེས་བྱ་བ་ནི་གོ་བ་དང་པོའོ། །ཡང་སྣང་བ་སྣ་ཚོགས་འདི་རང་ཉིད་ལ་ཐིམ་པ་ཡིན་གྱིས། གཞན་དུ་སོང་བ་མེད་ཅེས་བྱ་བ་ནི་གོ་བ་གཉིས་པའོ། །ཡང་འདས་མ་འོངས། ད་ལྟར་ཞེས་བྱ་བ་དུས་གསུམ་དུ་བཏགས་པ་འདི་ཡང་ཕྱི་ན་མེད་དེ། རང་གི་རིག་པ་རྒྱུན་ཆགས་པ་འདི་ཉིད་ལ་དུས་གསུམ་མཉམ་པ་ཉིད་དུ་གནས་པ་ཡིན། ཞེས་བྱ་བ་ནི། གོ་བ་གསུམ་པའོ། །ཡང་སེམས་ཅན་རྟོག་པ་འཁྲུལ་པའི་སྣང་བ་ལ། ཕྱོགས་བཅུར་སྣང་ཡང༌། ལོགས་ན་མེད་དེ། རིག་པ་ཉིད་ལ་ཤར་ཕྱོགས་ལ་སོགས་པར་སྣང་ཞིང་ཐིམ་པ་ནི་གོ་བ་བཞི་པའོ། །ཡང་ཉོན་མོངས་པ་དང་རྣམ་རྟོག་འདི་དག་ཀྱང༌། རིག་པ་ཉིད་ལས་བྱུང་བ་ཡིན་པས། ལོགས་ན་མེད་ཅེས་པ་ནི་གོ་བ་ལྔ་པའོ། །དེའང་ལོག་པར་འཛིན་ན། སྤང་བྱ་ལ་སྤྱོད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཤེས་བྱའི་སྒྲིབ་པར་འགྱུར་རོ། །ཡང་ཉོན་མོངས་པའི་གཉེན་པོར་མི་སྡུག་པ་ལ་སོགས་པ་དང༌། རླུང་དང་ལྷ་སྐུ་ལ་སོགས་པ་ཐ་དད་དུ་མ་བསྒོམ་པར་འདོད་པ་ལོག་པ་སྟེ། རིག་པ་འདི་རྟོགས་ན་གཉེན་པོ་གཞན་མི་དགོས་ཏེ། རྟོགས་པ་ཉིད་གཉེན་པོར་གོ་བ་ནི་གོ་བ་དྲུག་པའོ། །ཡང་རིག་པ་འདི་ལས་ལོགས་པ་དེ་ཁོ་ན་ཉིད་དམ། འབྲས་བུ་སྐུ་གསུམ་མེད་དེ། རིག་པ་རྟོག་པ་ཉིད་སངས་རྒྱས་ཡིན་པར་གོ་བ་ནི། གོ་བ་བདུན་པའོ། །དེ་དག་ཀྱང་གོ་བ་གཉིས་སུ་འདུས་ཏེ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་པ་འདི་ཉིད་ལས་འཕྲོས་ཞེས་པ་དང༌། དེ་ཐམས་ཅད་རིག་པ་ཉིད་དུ་ཐིམ་ཞེས་པའོ། །ཡང་གོ་བ་གཅིག་ཏུ་འདུས་ཏེ། ཐམས་ཅད་རིག་པ་གཅིག་པོ་ཉིད་ཀྱི་ངང་ཡིན་ཞེས་ངོ་ཤེས་སྐྱེས་ན། ལག་མཐིལ་ན་གནས་པའི་རྡོ་རྗེ་འདྲ་ཞེས་པའོ། །ཐ་མ་གསུམ་པོ་འདི་ལ། ཐབས་ཤེས་རབ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་དུ་མར་བཏགས་ཀྱང་ལོག་པ་མེད་དོ། །ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ནི། བླ་མས་བསྟན་པའི་བརྡ་གཅིག་ལ། །རྟོག་པ་གསུམ་སྐྱེ་ངོ་མཚར་ཆེ། །མ་སྐྱེས་དུས་དང་སྐྱེས་བ་དང༌། །སྐྱེས་ནས་ཟུང་དུ་ཆུད་པའོ། །སྣང་བ་སློབ་དཔོན་གྱུར་པ་ན། །ཕྱག་རྒྱ་ཆེ་ལ་མཉམ་རྗེས་མེད། །ཅེས་པ་ནི། བླ་མ་རྒྱ་གར་ཕྱག་ནའི་གསུང་ངོ༌། །ཨི་ཐི།།  །།དེ་ལ་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། གནས་དབེན་པར་སློབ་མ་གྲངས་ཉུང་བར་བྱས་ལ། ཅུང་ཟད་ཤེས་པ་ཡེངས་སུ་གཞུག དེ་ནས་སེམས་དུང་ལྟ་བུ་ཞིག་ལ་བཞག་ལ། དེ་ནས་བླ་མས་སློབ་མ་ལ། ད་ལྟའི་ཁྱོད་ཀྱི་དུང་གི་རྟོག་པ་དེ། སྔར་མ་སྐྱེས་པས་སྐྱེ་བ་མེད་པའི་དུས་ཞེས་བྱ་བ། ཆོས་ཀྱི་དབྱིངས་ཀྱི་དེ་ཁོ་ན་ཉིད་ཡིན་ལ། ད་ལྟ་དེ་ཉིད་རྣམ་རྟོག་དེར་སྐྱེ་བའི་དུས་ཞེས་བྱ་མོད། སྣང་བ་ཙམ་ཡོད་ཀྱིས་བདེན་དངོས་དང་བྲལ་ལོ། །དུང་དེ་མི་སྣང་བར་བྱས་ཏེ། ད་ཅིའི་དུང་གི་སྣང་བ་དེ་ནུབ་པས་ན། དེ་ཉིད་སྐྱེ་མེད་དུ་ཐིམ་པས་ཟུང་དུ་ཆུད་པའི་དུས་ཞེས་བྱ། དེ་ཉིད་ལ་ཐ་སྙད་དང་པོ་ལ་ཤེས་རབ། གཉིས་པ་ལ་ཐབས། གསུམ་པ་ལ་ཟུང་འཇུག་ཅེས་ལུང་རྣམས་ལས་གསུངས་སོ། །སེམས་སྦྱོང་བའི་དུས་སུ། རྟོག་པ་དེ་ཉིད་ཀྱིས་སློབ་དཔོན་བྱས་ལ། དེ་སྔར་མ་སྐྱེས་ཞེས་ཉམས་མྱོང་གིས་གྲུབ་པ་དེ་ལ་གོམས་པར་བྱས་ན། སྐྱེ་མེད་ཀྱི་ཏིང་ངེ་འཛིན་སྐྱེ་སྟེ། རྟོག་པ་གློ་བུར་བ་ཐམས་ཅད་ལ་དེ་བཞིན་གོམས་པར་བྱའོ། །དེ་ལ་ཅུང་ཟད་བརྟན་པ་དང༌། སྐྱེས་པའི་དུས་ལ་བསླབ། དེ་ནས་ཟུང་དུ་ཆུད་པ་ལ་བསླབ་པར་བྱའོ། །དེས་དུས་གསུམ་མཉམ་པ་ཉིད་དུ་འགྱུར་རོ། །གཞན་ཡང་སྒྲ་དང་ངག་གི་བརྡ་ཐམས་ཅད་ལའང་དེ་བཞིན་བསླབ་པར་བྱའོ། །མཐར་མཉམ་རྗེས་མེད་པར་འགྱུར་ཏེ། སྣང་བ་ཐམས་ཅད་སློབ་དཔོན་དུ་འཆར་རོ། །དེ་སྐད་དུའང་སངས་རྒྱས་མཉམ་སྦྱོར་ལས། ཨེ་མ་སངས་རྒྱས་ཀུན་གྱི་གསུང༌། །རྫོགས་པའི་སངས་རྒྱས་སྐྱེ་བ་མེད། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་ཙམ་ཉིད་ན་སྐྱེ་བ་མེད། །ཅེས་གསུངས་སོ།།  །།ཕུལླ་ཧ་རིའི་པཎྜི་ཏའི་མན་ངག་ལ། སྤྱིར་རྣལ་འབྱོར་གསུམ་སྟན་ཐོག་གཅིག་ཏུ་བསྒོམ་པ་ཡིན་གསུང༌། དེའང་རང་བྱིན་བརླབ། བསྐྱེད་རིམ། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་གསུམ་བསྒོམས་པ་ལ་ལམ་ཅིག་ཅར་བ་ཡིན་གསུང༌། རང་བྱིན་བརླབ་ལ། རྩ་ལ་བརྟེན་པ། རླུང་ལ་བརྟེན་པ། བྱང་ཆུབ་ཀྱི་སེམས་ལ་བརྟེན་པ། བསམ་གྱིས་མི་ཁྱབ་པ་ལ་བརྟེན་པ་བཞི་ལས། འདི་རྩ་ལ་བརྟེན་པ་ཡིན་གསུང༌། དེ་ལའང་འཁོར་ལོ་བཞི་ལ་བརྟེན་པ། གཉིས་ལ་བརྟེན་པ། གཅིག་ལ་བརྟེན་པ་གསུམ་ལས། འདི་གཉིས་ལ་བརྟེན་པའོ། །དེ་ལ་གནད་གསུམ་སྟེ། རླུང་ལུས་ལ་གཟུད་པ། སེམས་ལ་གཟུད་པ། འོད་གསལ་དུ་གཟུད་པའོ། །དང་པོ་ནི་གནད་གསུམ་འཛོམ་པར་བྱས་ལ། སྟེང་རླུང་མནན། འོག་རླུང་དྲངས་ཏེ། ལྟེ་བའི་ཨ་ཐུང་ལ་བུས་པས་དྲོད་སྐྱེ་སྟེ། ཞག་གཉིས་སམ་གསུམ་ཙམ་དུའོ། །དེ་ནས་རྩ་གཡས་གཡོན་གྱི་རླུང་གིས་དབུ་མ་ལ་བསྲུབས་ཏེ། ཨ་ཐུང་ལ་སོ་སོར་བསྲུབ་པར་བསམ་ཞིང༌། སྟེང་འོག་གི་རླུང་ཐུབ་ཚད་དུ་བསྡམ་མོ། །དེས་ལུས་ཀྱི་ནང་སྟོང་པར་གཏུམ་མོའི་མེ་འོད་དམར་ལམ་ལམ་བསྒོམ། དེས་དངོས་སུ་དྲོད་སྐྱེ་ཡང་སྐྱེ། སྐྱེ་བར་ཡང་བསྒོམ། དེ་ལ་ཞག་གསུམ་བཞིར་བསྒོམ། དེ་བཞིན་ཡང་ཡང་བསྒོམས་པས། རྩ་དབུ་མ་ཁ་ཕྱེ་སྟེ། ནང་ན་ཡང་མེ་སོར་བཞི་ཙམ་ནར་ནར་བསྒོམ། དེ་རླུང་ཁ་སྦྱར་དང་བསྟུན་ལ་ཞག་བཞི་ལྔར་བསྒོམ། དེ་ནི་ལུས་ལ་གཞུག་པའོ། །དེ་གོམས་པ་ལས། ཡང་ཇེ་རིང་ཇེ་རིང་དམར་ནར་གྱིས་སོང༌། རྩ་དབུ་མ་ན་ཡར་རླུང་ནང་དུ་འཇུག་པ་དང་བསྟུན་ཏེ། སྤྱིབོའི་ཧཾ་ལ་མེ་རེག་རེག་པ་ལ། ཞག་གསུམ་ཙམ་དུ་བསྒོམ། དེ་ལས་དྲོད་སྐྱེས་ནས་མེའི་རྩེ་མོས་ཧཾ་ཕུག་པ་ལས། བྱང་སེམས་དཀར་ཤར་བབས་པ། ལྟེ་བའི་ཨ་ལ་ཕོག་པས། སླར་ཡང་མེ་ཁྲོས་པ་བཞིན་འབར་ཏེ། བྱང་སེམས་ཧཾ་ལ་རེག་སྟེ། ཧཾ་ལས་སླར་བྱང་སེམས་དྲག་ཏུ་བབས་པ་ཨ་ལ་ཕོག་པས་མེ་ཆེར་འབར་བ་རྣམས། རླུང་དང་བསྟུན་ཏེ། ཕྱིར་ལྡང་བ་དང་འབར་བ་བསྟུན། ནང་དུ་འཇུག་པ་དང༌། འཛག་པ་བསྟུན། གནས་པ་དང་འབར་འཛག་དབུ་མར་ཐིམ་པ་བསྟུན་ཏེ། ཡང་ཡང་བསྒོམས་པས་ལུས་ལ་བདེ་བའི་ཉམས་སྐྱེས། དེ་ཉིད་ལ་རླུང་སེམས་ལ་གཟུད་པའོ། །གསུང༌། དེ་ལྟར་བསྒོམས་པས་ལྕི་བའམ། གྲང་སིལ་གྱིས་སོང་ན། ལྟེ་བ་ནས་བྱང་སེམས་ཡར་དེད་དེ། སྤྱི་བོར་ལན་གསུམ་ཙམ་བསྐོར་ལ། ཧཱུྃ་གིས་དྲང་ཞིང་རྩ་མིག་ཏུ་དགྲམ་མོ། །ལན་གསུམ་བཞི་བྱས་པས། ཡང་ཕྱེད་ཀྱིས་འོང་ངོ༌། །དེ་ལྟར་བསྒོམས་པས་བདེ་བ་དངོས་སུ་སྐྱེ་ལ། མི་རྟོག་པ་ཤུགས་ལས་སྐྱེའོ། །ཡང་ན་སྔར་ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་བསྒོམ་མོ། །རང་བྱིན་བརླབ་ཀྱི་དོན་ནི། དེ་ཁོ་ན་ཉིད་ལ་བློ་གཏད་པའི་ཐབས་ཡིན་གསུང༌། འདིའི་དམ་ཚིག་ནི། མེ་དང་ཉི་མ་ལ་མི་བསྡད། གོས་མཐུག་པོ་མི་གོན། ཉི་མ་ལ་རྐང་པ་མི་བརྐྱང༌། མི་དང་གཏམ་མང་པོ་སྤངས་ལ། ཕལ་ཆེར་ཙོག་པུར་གནས་པར་བྱའོ། །འགྲངས་ཐོག་དང་ནམ་ཕྱེད་དང༌། ཉིན་ཕྱེད་མི་བསྒོམ། སྔ་དགོངས་ཐུན་ཆུང་ལ་མང་བར་བསྒོམ་མོ། །རླུང་ལུས་ལ་གཟུད་པའི་ལག་ལེན་ནི། ལུས་གནད་སྐྱིལ་ཀྲུང༌། ལག་པའི་སོར་མོ་བསྣོལ་བ་ལ་མཉམ་གཞག་གི་ཕྱག་རྒྱ་རྒྱུ་ཞབས་ནས་བཅེར་ལ། ལྟེ་བ་ལག་པའི་སྟེང་དུ་འབོལ་གྱིས་གཏང༌། རླུང་གི་གནད། སྟེང་རླུང་རྔུབས་ལ་མནན། འོག་རླུང་དྲངས་ཏེ་ཁ་སྦྱར་ལ་ཐུབ་ཚད་མནན། མི་ཐུབ་ན་དལ་བུས་བཏང༌། སེམས་ཀྱི་གནད་ནི། ལྟེ་བའི་ཨ་ཐུང་ལ། རོ་རྐྱང་གཉིས་ཀྱིས་སྦུད་པས་བུས་པ་ལྟར་བྱས་ལ། མེ་དམར་ངར་ངར་བ་ལ་དམིགས་པ་གཏད་ལ། ཞག་གསུམ་བཞི་བསྒོམ། དེ་ནས་མེ་སོར་བཞི་འབར་བ་དང༌། དེ་ནས་རོ་རྐྱང་གཉིས་པོས། དབུ་མའི་མར་སྣ་རྩ་སྣ་རིང་བ་ཨ་ཤད་ལྟ་བུ་ལ་བསྲུབ་ཅིང་བྲུས་པས། ལུས་ལ་དྲོད་དང་བདེ་བ་སྐྱེས་ཏེ། དེ་ཀ་ཙམ་ལ་རླུང་ལུས་ལ་ཚུད་པ་ཞེས་བྱའོ། །སེམས་ལ་ཚུད་པ་ནི། ཇི་ལྟར་འདོད་པ་བཞིན་དུ་སེམས་བཀོལ་དུ་བཏུབ་པར་འགྱུར་རོ། །འོད་གསལ་དུ་ཚུད་པ་ནི། ཇི་ལྟར་འདོད་བཞིན་བཏུབ་ལ། བདེ་བ་སྐྱེས་པ་ཡང་སྟོང་པར་ལྷང་འཆར་བ་ལ་བྱའོ། །ས་མཱཔྟ།།  །།འདིར་སྒོམ་པ་པོ་ལ་ལུས་གནད་དུ་ཆེ་བ་རླུང་གི་རྣལ་འབྱོར་ལས། ཁྱད་པར་དུ་ཁ་སྦྱོར་བསྒོམ་པ་ནི། དང་པོར་ལུས་གཡས་སུ། དེ་ནས་མདུན་དུ། དེ་ནས་གཡོན་དུ། ཡང་མདུན་དུ་བཏུད་ལ་འོག་བསྡམ། དེ་ནས་སྟེང་གཞུག དེ་ནས་འོག་རླུང་དྲག་ཏུ་འཐེན། བྲང་ཚ་ཞིང༌། མགོ་ན་ཀམ་བྱེད་ན་ཀློད་པར་བྱ། དེ་ལ་ཡང་ཕྱིར་གཏང་བའི་དུས་སུ་གནད་དུ་ཆེ་བ་གསུམ་སྟེ། སྔོན་ལ་སྟེང་རླུང་འགྲོ་ན་འཁྲུལ་པའི་གནད་ཡིན་པས་མྱུར་དུ་མགོ་བཏུད་དེ། མི་འཁྲུལ་བར་བྱ་བའི་ཕྱིར་ལུས་ཙོག་པུར་བྱ། དབུགས་སྣ་ནས་རྔུབས་ལ་ཐུབ་ཚད་དུ་མནན་པ་འགའ་བྱས་ལ། དེ་ནས་སྔ་མ་བཞིན་བསྒོམ། དེས་གནད་མ་འཁྲུལ་བར་འབྱུང་ངོ༌། །མཉམ་པར་འགྲོ་ན་མ་འཁྲུལ་བའི་གནད། དང་པོར་འོག་རླུང་འགྲོ་ཞིང༌། དེ་ནས་སྟེང་རླུང་འཇུག་ན། ཡོན་ཏན་འབྱུང་བའི་གནད་དོ། །དེ་ལྟར་གོམས་པས་བགྲད་པའི་མཐའི་འགྱུར་བ་ཙམ་མམ། ཁུ་ཚུར་བཅངས་པ་ཙམ་གྱིས་རླུང་ཟིན་ཅིང༌། ཏིང་ངེ་འཛིན་སྐྱེ་ན་མཐར་ཕྱིན་པ་ཡིན་པས། དམིགས་པ་གང་ལ་གཏད་ཀྱང་གསལ་པོ་འབྱུང་ལ། ཡུལ་གྱིས་ཕན་འདོགས་སྲིན་བུ་སྤང༌། མངོན་ཤེས་དྲུག་དང༌། རྗེས་དྲན་དྲུག་ཤེས་སོ། །དེ་ཙམ་ན་གགས་རགས་པ་ལས་ཐར་རོ། །ངག་གནད་དུ་ཆེ་བ་ནི། ལུས་གར་བདེར་བྱས། ཁུ་ཚུར་གཉིས་བྲང་དུ་བསྣོལ་ཏེ། མིག་སྟེང་དུ་བལྟས་ལ། ཧྲིཾ། ཞེས་དྲག་ལ་རིང་བ་དྲང༌། ཡང་རྩོལ་བ་བཀག་སྟེ། ཧཱུྃ། དྲག་པོ་ལན་བདུན་ཙམ་དྲང་ངོ༌། །དེ་ལྟར་བྱས་པས་རྣ་བའམ། མིག་ནས་རླུང་པོའི་ཟེར་འགྲོ་བའང་སྲིད། ལུས་ཐམས་ཅད་བེར་ལངས་ནས་འོང་བ་ཡང་སྲིད་དེ། ལུས་ཐམས་ཅད་ལ་དྲོད་ཀྱི་ཕུང་པོ་མི་འབྱུང་མི་སྲིད་དོ། །དེ་ནས་ངག་འདྲེན་པ་ཞི་བ་བྱ། དེ་ནས་དྲག་པོ་བྱ། དེ་རྣམས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱི་རླུང་དབུ་མར་ཞུགས་པས། རྗེས་ལྟ་བ་སྐྱོང་བའི་དུས་སུ་བདེ་ལ་མི་རྟོག་པ་མཆོག་ཏུ་གྱུར་པ་སྐྱེའོ། །དེ་ནས་སེམས་ཀྱི་གནད་དུ་ཆེ་བ་ནི། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་དམིགས་པ་ལྟར་བྱ། ཁྱད་པར་དུ་པད་ཟླའི་སྟེང་དུ། ཧཱུྃ་དཀར་པོ་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བསྐྱེད་པའི་ཞལ་གྱི་སྒོར་ཨོཾ། དེ་ལས་འོད་ཟེར་འཕྲོས་པས། སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་བསྟིམ་ནས། ཨོཾ་དེ་ཐུགས་ཀར་བསམ། དེ་ལས་འོད་ཟོར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས། སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། རེས་ཉི་ཟླའི་སྟེང་དུ་འགྲོ་བ་ལ་སོགས་པའི་དམིགས་པ་ཐམས་ཅད་མྱུར་པོར་བྱ། དེ་ལྟར་དེ་དག་ལ་ཤེས་པ་གཏང་སར་འགྲོ་བ་ཅིག་བྱུང་ན། བཞག་སར་སྡོད་པ་འོང་གསུང་ངོ༌། །ཨི་ཐི།།  །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྤྱིར་བསྒོམ་པའི་སྐྱོན་དང་ཡོན་ཏན་རྣམས་ལ། འབྱམས་པ་གོལ་བའི་ཚད། ཉོན་མོངས་ལྡང་བའི་རོ། །འཁོར་བར་ལྡོག་པའི་ཚད། ཡེ་ཤེས་སློབ་པའི་ཚད་དང་བཞིའོ། །དེ་ལ་དང་པོ་ནི། སེམས་ཟིན་ཀྱང་ཉོན་མོངས་པ་ཆུང་དུ་མ་སོང་བའོ། །གཉིས་པ་ཏིང་ངེ་འཛིན་མི་བརྟན་པར་ཡུལ་ཉེ་བ་དང་ཕྲད་པའོ། །གསུམ་པ་ནི་འདའ་ཀ་མའི་གདམས་ངག་མ་ཤེས་པའོ། །བཞི་པ་ནི། གཉིད་དང་གདམས་ངག་བསྲེ་མ་ནུས་པའོ། །དེ་ལ་དང་པོ་ལ་ཞེན་ཡུལ་སྒྱུ་མར་བསྟན། གཉིས་པ་ལ་ཡུལ་ཐག་བསྲིང༌། གསུམ་པ་ལ་འདའ་ཀ་མ་གོང་ནས་གོང་དུ་བསྒོམ། བཞི་པ་ལས་སྒྱུ་ལུས་བསྒོམ་མོ། །སྒྱུ་ལུས་ཀྱི་མན་ངག་ལ། རྨི་ལམ་ཟིན་ཟིན་དུ་འདུ་འཛི་སྤང༌། ལུས་ངག་དབེན་པ་གཅེས། དེ་ནས་འདུན་པ་དྲག་པོ་བཏང་སྟེ། བདག་གི་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་དུ་ཡང་ཡང་བསྒོམ་ཞིང་གོམས་པར་བྱ། ཞག་བདུན་ཙམ་སོང་བ་དང༌། དེ་ནས་ནུབ་དང་པོ་ལ་སྨྲ་བཅད་བྱས་ལ། མགྲིན་པར་པདྨ་དམར་པོ་འདབ་མ་བཞི་པ་བསམས་པའི་མདུན་གྱི་འདབ་མ་ལྕེ་ཡིན་པར་བསམ་མོ། །དབུས་སུ་ཨོཾ་དཀར་པོ། ཡི་གེ་གཞན་ཚོ་དམར་པོ་སྟེ། མདུན་གྱི་འདབ་མ་ལ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བཀོད་ལ། ཨོཾ་ཨ་ནུ་ཏ་ར། ཞེས་དེས་དཔེ་བྱས་ནས་ཀློག་པ་ལྟར་བཟླས། གཉིད་བྲོ་ན་སྔ་མའི་ངང་ལ་ཉལ། དེས་རྨི་ལམ་ཟིན་པ་རབ་ནི་ཡི་དམ་གྱི་ལྷ་མཐོང་བ་དང༌། གཞལ་ཡས་ཁང་དང་ཡུལ་ཉེར་བཞི་ལ་སོགས་པ་དང༌། སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་མཐོང་བ་དང༌། ལུས་སེམས་བདེ་བས་ཡོངས་སུ་གང་བ་འབྱུང༌། འབྲིང་རྨི་ལམ་ལ་རྨི་ལམ་དུ་ཤེས་པ། ཐ་མ་ལ་ཁྱིས་ཟ་བ་དང༌། བུད་མེད་ངུ་བ་དང༌། གཡང་སར་ལྷུང་བ་ལ་སོགས་པ་མི་འཚམ་པ་སྣ་ཚོགས་རྨི་ལམ་དུ་འོང་སྟེ། རྟགས་གསུམ་གང་ཟིན་ཡང་རྨི་ལམ་ཟིན་པ་ཡིན་ནོ། །དེ་ལྟར་ཟིན་ནས་སྤེལ་བ་ནི། ཁྱི་གཅིག་རྨི་ན། གཅིག་ལས་གཉིས་སུ་སྤེལ། དེ་ལས་བརྒྱ་དང་སྟོང་གི་བར་དུ་སྤེལ། ཡང་གཅིག་ཏུ་བསྡུས་ལ་རྨི་ལམ་ཡིན་པར་ཤེས་པར་བྱ། ཡང་རྨི་ལམ་ཡིན་པའི་ཕྱིར། ཉི་ཟླའི་སྟེང་དུ་འགྲོ། སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སོགས་ལྟའོ། །དེ་ལ་སོགས་པ་རྨི་ལམ་གྱི་རྫུ་འཕྲུལ་སྣ་ཚོགས་བྱ་བ་ནི། རྨི་ལམ་སྤེལ་བའོ། །དེ་ནས་ཡ་ང་བ་སྤང་བ་ནི། རྨི་ལམ་ཡིན་པའི་ཕྱིར། གཡང་ས་ལ་སོགས་པ་འཇིགས་པ་ཐམས་ཅད་ལ་ཡ་ང་བར་མི་བྱ། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཡིན་པའི་ཕྱིར། གཉིད་དུ་མ་སོང་བའི་སྐབས་ཀྱི་སྡུག་བསྔལ་དང་ཉོན་མོངས་ལ་འཇིགས་པ་དང༌། བག་ཚ་བ་མེད་པར་རྨི་ལམ་དང་ཁྱད་པར་མེད་པར་བསྒོམ་མོ། །དེ་ནས་རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། ཉིན་མཚན་གཉིས་ཀ་ལ་སྨིན་མཚམས་སུ་ཐིག་ལེ་སྲན་མ་ཙམ་བསམས་ཏེ། དེ་ལ་ཤེས་པ་གཏད། གཏད་པ་ཙམ་ཉིད་ཀྱིས་བདེ་བ་ཆེར་འབར་བར་འགྱུར་རོ། །དེ་ལྟར་བཟུང་བ། སྦྱང་ཞིང་སྤེལ་བ། ཡ་ང་བ་སྤང་བ། དེ་ཁོ་ན་ཉིད་སྤང་བ་སྟེ་བཞིར་བསྡུའོ། །ས་མཱཔྟ་མི་ཐི།།  །།ཡང་འཆི་ལྟས་ཀྱི་རིགས་ཁ་ཅིག་ནི། མིག་གིས་སྣ་རྩེ་མི་མཐོང༌། རང་གི་མཁྲིག་མ་མི་མཐོང༌། ཉིན་མོ་སྐར་མ་མཐོང༌། མཚན་མོ་འཇའ་ཚོན་མཐོང༌། ཟླ་ཟེར་མེ་ལྟར་ཚ། ཉི་ཟེར་ཆུ་ལྟར་གྲང༌། ཉི་མའི་སྟེང་དུ་བུ་ག་མཐོང༌། རང་གི་ཁུ་བ་ནག་པོར་མཐོང༌། རང་མི་གཡོ་བར། གྲིབ་མ་གཡོ་བ་ལ་སོགས་པར་མཐོང་བའོ། །དེ་ལ་རླུང་གིས་འཆི་བ་བསླུ་བ་ལ་གསུམ་ལས། དང་པོ་སྲོག་རྩོལ་གྱིས་བསླུ་བ་ནི། ཐོ་རངས་ཀྱི་དུས་ནས་རླུང་གང་ནས་རྒྱུ་བལྟས་ལ་གཡས་ནས་རྒྱུ་ན་ནུ་མ་གཅུད་ལ་བོར་བའི་ཐབས་ཀྱིས་གཡོན་དུ་བསྒྱུར། དེས་ཀྱང་མ་འགྱུར་ན། ཁུ་ཚུར་བྲང་དུ་བསྣོལ་ལ་མིག་སྟེང་དུ་བལྟ་ཞིང༌། ཤེས་པ་འདིར་བསམ་མེད་པར་བཞག་པས་འགྱུར་རོ། །དེ་ནས་ཞག་ཉེར་གཅིག་ཏུ། ཐོ་རངས་སྲོག་རྩོལ་གྱི་རླུང་ཁུག་པ་ཉེར་གཅིག་ཉེར་གཅིག་བྱས་ན། ཟླ་བ་གཅིག་ཏུ་ནུར། ཟླ་བ་གཅིག་ཏུ་བརྒྱ་རྩ་བརྒྱད་བསྒོམས་ན་ལོ་གཅིག་ནུར། ལོ་གཅིག་ཏུ་སྟོང་རྩ་བརྒྱད་བྱས་ན་ཚེ་ཚད་ཅི་ཡོད་ཙམ་ནུར་རོ། །གཞན་ཡང་བདུད་རྩིས་གསོ་བས་བསླུ་བ་ནི། ལྟེ་བར་པདྨ་དཀར་པོ་འདབ་བརྒྱད། སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། ནང་པར་གཡོན་ནས་རྒྱུ་བའི་དུས་སུ། ནང་དུ་འཇུག་པའི་རླུང་དེ། བདུད་རྩིའི་རླུང་ཞེས་བྱ་སྟེ། སོག་མ་ཕྲ་མོ་ཙམ་ཁ་དོག་དཀར་པོར་ཞུགས་པས། སྙིང་གར་ཟླ་བའི་དཀྱིལ་འཁོར་ཐལ་བྱུང་ནས། ལྟེ་བའི་པདྨ་ལ་ཐིམ་པར་བསམས་ཏེ། ཕྲེང་བ་གཅིག་བགྲང༌། དེ་འདྲ་བ་འབུམ་བཞག་བདུན་ལ་བགྲངས་ན། ཞག་བདུན་ནས་འཆི་བ་ལོ་ལྔར་བསྲིང༌། ཉིས་འབུམ་ཀྱིས་ལོ་བཅུ། སུམ་འབུམ་གྱིས་ལོ་བཅོ་ལྔ། བཞི་འབུམ་བགྲངས་ན་ལོ་ཉི་ཤུར་བསྲིངས་ཏེ། འབུམ་ཚོ་རེས་ལོ་ལྔ་ལྔ་བསྲིངས་པ་བསྒྲེས་ཏེ་ཤེས་པར་བྱའོ། །གསུམ་པ་ནི། ནམ་མཁའ་ཟས་སུ་ཟ་བ་ཡིན་ནོ། །དེ་ལྟར་གསུམ་ལ། དང་པོའི་ཁུངས་ལ་བདེ་མཆོག་ལས། ཐབས་ལ་མཁས་པར་གྱུར་པ་ཡིས། །རླུང་གི་བཟླས་པ་བརྩོན་པར་བྱ། །ནང་པར་ལངས་ནས་སྟོང་ཕྲག་གཅིག །རྟག་ཏུ་ལེགས་པར་བགྲངས་ན་ནི། །ནད་ཀུན་ལས་ནི་རྣམ་གྲོལ་ཞིང༌། །ཉི་ཟླ་གནས་ཀྱི་བར་དུ་འཚོ། །ཞེས་སོ། །གཉིས་པའི་ཁུངས་ཀྱང༌། འཇུག་པའི་རླུང་ནི་བགྲང་བྱ་ཞིང༌། །རིམ་གྱིས་འབུམ་སོགས་གྲངས་ཀྱིས་ནི། །རྩེ་གཅིག་སེམས་ཀྱི་ཆོ་ག་ནི། །སྒྲ་མེད་པ་ཡི་བཟླས་པར་བཤད། །སྒྲ་མེད་བཟླས་པ་འབུམ་དུ་ནི། །ཆོ་ག་བཞིན་དུ་རྫོགས་གྱུར་ན། །མི་དེ་ཚེ་ཉམས་གྱུར་པ་ཡང༌། །ལོ་ལྔའི་བར་དུ་འཚོ་བར་ངེས། །ཉིས་འབུམ་ལ་སོགས་བཟླས་པ་ཉིད། །ཚེ་འཕེལ་བ་ནི་ཤེས་པར་བྱ། །ཞེས་སོ། །གསུམ་པའི་ཁུངས་ཀྱང༌། སོ་ནི་སོ་ལ་མ་རེག་པས། །རྒྱུ་བའི་ནུས་པ་བསམ་མི་ཁྱབ། །དད་པར་བྱས་ལ་འདི་ཙམ་བྱ། །ཞེས་སོ།།  །།མཚན་བཅས་མཚན་མེད་གང་ལ་སེམས་འཛིན་ཀྱང་མན་ངག་གི་གནད་རྣམ་པ་བཞིར་འདུས་ཏེ། སེམས་ཟིན་པའི་ཚད། མ་ཟིན་པའི་སྐྱོན། ཟིན་པའི་གོལ་ས། ལྡོག་པ་གཅོད་པའི་གནད་དང་བཞིའོ། །དེ་ལ་ཟིན་པའི་ཚད་ནི། །སེམས་ཟིན་པས་རླུང་ནང་དུ་ལྡོག །ལུས་ལ་འཕར་གཡོ་ལ་སོགས་པ་རང་དབང་མེད་པ་འབྱུང༌། ལེ་ལོ་ཆེ། བྱ་བ་གཞན་ལ་འཇུག་སྙིང་མི་འདོད། ལུས་ཁོལ་བུར་ན། སྙིང་མི་བདེ། ཤུགས་རིངས་འདོན་འདོད། རེས་འགའ་ཉམས་ཤིན་ཏུ་དགའ། དགོད་སྙིང་འདོད། རེས་ངུ་འདོད། མཆི་མ་འབྱུང༌། བརྗེས་ངས་ཆེ། གང་བསྒོམས་པའི་དམིགས་པ་དེ་གཏང་དུ་མི་འདོད་པ་ལ་སོགས་པ་གང་བྱུང་ཡང༌། སེམས་ཟིན་པའི་ཚད་ཡིན། མི་ཟིན་པའི་སྐྱོན་ནི། ལུས་ཀྱི་སྤྱོད་ལམ་ཉེས་པ། ཁ་ཟས་མི་མཐུན་པས་ཉམས་པ། ནང་གི་ནད་གཞི་དང་མི་མཐུན་པ། དུས་བཞིའི་སྦྱོར་བ་མ་ཤེས་པ། ཐུན་དབྱེ་བསྐྱེད་ཀྱི་ཚད་མ་ཤེས་པ་ལས་འབྱུང་ངོ༌། །དེ་ལ་ལུས་ཀྱི་སྤྱོད་ལམ་ནི། མ་བསྙེས་དྲང་ལ་བརྟན་པ་དང༌། །ཕྱག་རྒྱ་ལྔ་དང་ལྡན་པར་བྱ། །ཞེས་སོ། །ཟས་ནི་ཕལ་ཆེར་ལྟོ་སྟོང་སྟེ། །སུམ་ཆའི་ཚད་དུ་ཅི་རིགས་སྦྱར། །ཕྱི་དྲོའི་ཟས་ལ་བརྟེན་པར་བྱ། །དྲུག་ཕུལ་ཆང་གིས་ལུས་ཟུངས་བསྐྱེད། །ཅེས་སོ། །ནད་གཞི་དང་བསྟུན་ན། གཞི་དྲི་བ་གལ་ཆེ། གྲང་རླུང་ཅན་ལ་གཏུམ་མོ་སྦྱར། །ཁྲག་ཤས་ཆེ་ན་བདེ་བ་བསྒོམ། །བད་མཁྲིས་ཅན་ལ་ཐིག་ལེ་བསྟེན། །སྐྱེ་མེད་མི་རྟོག་བསྒོམ་པ་ནི། །བད་ཀན་ཅན་ལ་མྱུར་དུ་སྐྱེ། །དུས་བཞི་དང་བསྟུན་ན། དགུན་གྱི་དུས་སུ་ཙཎྜཱ་ལཱི། །དཔྱིད་དུས་སྐྱེ་མེད་མི་རྟོག་པ། །དབྱར་གྱི་དུས་སུ་ཐིག་ལེ་བསྒོམ། །སྟོན་དུས་བདེ་བ་སེམས་བོགས་ཆེ། །དེ་ལས་བཟློག་ན་མི་ཟིན་སྐྱོན། །ཐུན་ཚད་ནི། དང་པོ་སེམས་ཟིན་ཐུན་ཚོད་བསྐྱུངས། །ཅུང་ཟད་གནས་ནས་ཐུན་ཡང་བསྐྱེད། །སེམས་བརྟན་ཐུན་ཚད་བྱུང་རྒྱལ་བཏང༌། །སེམས་ཉམས་ན་ནི་དྲོད་ཚད་བརྟག །འདི་ལས་བཟློག་ནས་དང་པོར་ཆེས། །ཕྱི་ནས་ཐུན་ཆུང་སེམས་མི་གནས། །བོགས་མི་ཐོན་པས་སྤང་བར་བྱ། །སེམས་ཟིན་པའི་གོལ་ས་རྣམས་ནི། ཏིང་ངེ་འཛིན་ངོ་མ་ཤེས་པས། བསམ་གཏན་གྱི་གེགས་ཞེས་བྱ་བ་སྟེ། ཉོན་མོངས་པ་རྒྱུན་ཆགས་སུ་སྐྱེ་ན། ཏིང་ངེ་འཛིན་གོལ་ས་དང་གཅིག རྣམ་རྟོག་རྒྱུན་ཆགས་སུ་སྐྱེ་ན་གཅིག གང་ལ་གཏད་པ་དེ་ལས་མི་གཡོ་བར་སྤོར་མི་རུང་བ་གོལ་ས་གཅིག་ཡིན་ཏེ། གོལ་ས་གསུམ་པོ་དེ་ཡང་ལམ་དུ་བྱས་ལ། ཉོན་མོངས་པའི་མཐར་ཡང་གསལ་ཞིང་ཡང་ལ་རང་བྱུང་གི་ཡེ་ཤེས་དེ་ཉིད་སྐྱེ་བས། རྣམ་པར་རྟོག་པའི་ཏིང་ངེ་འཛིན་ཞེས་བྱ། དེ་ལྟར་ན་ཡིད་ཀྱི་ཀུན་བརྟགས་ཀྱི་དུག་ཐོན་པ་ཡིན་ནོ། །མི་གཡོ་བའི་མཐར་ཡང༌། གསལ་ཞིང་ཡང་བ་དེ་ཉིད་སྐྱེས་ན། སྣྲེལ་ཞིའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་པས་མ་རིག་པའི་དུག་ཐོན་ནོ། །ལྡོག་པ་གཅོད་པའི་གནད་ནི། རྣམ་རྟོག་ཀུན་ཏུ་བཅོམ་པའི་བདུད། །མི་གཡོ་བསམ་གཏན་བསྒོམ་པའི་བདུད། །སྒོམ་འཕྲང་རྣམ་བཞི་བསྒོམ་པའི་བདུད། །ཁྱབ་བྱེད་གྱེན་དུ་བཟློག་པ་བསྒོམ་པའི་བདུད། །ཅེས་བྱ་སྟེ། དེ་ལ་རྣམ་རྟོག་ཀུན་དུ་ནི། བློས་འཆོར་བ་ཉིད་ཀྱིས་རང་ཞིར་འགྱུར་རོ། །མི་གཡོ་བ་ནི་གསལ་ཆ་ཆུང་བ་ཡིན་ཏེ། རྫིང་ཆུས་བཀང་བ་དང་འདྲའོ། །དེ་བཅོས་པ་ནི། མཐོང་སྣང་རྒྱ་ཆེན་པོ་ལ་བསླབ། ས་མི་བདེ་སར་བསྡད། ལུས་སེམས་བསྒྲིམ་མོ། །སྒོམ་འཕྲང་བཞི་ལ། རླུང་ལོག་དང་པོ་བསྒོམ་པའི་བདུད་ནི། ལ་དོར་བས་ཞི། མཐོང་སྣང་ཁྱད་པར་ཅན་གྱི་སྒོམ་འཕྲང༌། ཡི་གེ་ཧཱུྃ་གི་སྦྱོར་བས་ཞི། སྟོང་པ་དགྲར་ལངས་ཀྱི་སྒོམ་འཕྲང་ལ། བསྐྱེད་རིམ་སྣོད་བཅུད་སྦྱང་བ་དང་བཅས་པས་ཞི། བྱིང་བ་ཆེན་པོའི་སྒོམ་འཕྲང་ལ། སྤྱོད་ལམ་གྱི་སྒོ་ནས་བརྒྱལ་བ་བསླང་བས་ཞི། ཁྱབ་བྱེད་གྱེན་དུ་ཟློག་པ་ལ། །མིད་སྟངས་ཡང་ཡང་བྱས་པས་ཞི། །ཡང་ན་ཆུ་ཧུབ་གསུམ་ཙམ་ལ། །ཧུབ་ཆུང་དུ་ཡང་ཡང་བྱས་པས་ཞི་གསུང༌། ཨི་ཐི།།  །།གནས་སྦྱོང་སྐྱེས་ན། སྐྱེས་པ་ཉིད་ཀྱིས་སྦྱོང་ཞིང་འབྱམས་ན་གཅད། མ་སྐྱེས་ན་བསྐྱེད་ཅིང་སྦྱང༌། སྐྱེས་མ་སྐྱེས་གཉིས་ཀ་ལ་སྦྱིན་སྲེག་གིས་སྦྱང༌། ཡང་མ་སྐྱེས་པའི་ཚེ་ནི། སྦྱང་བའི་ཚུལ་གྱིས་སྦྱང་བ། ཞེས་བྱ་བ་ཡིན་ཏེ། ལྷའི་ས་བོན་ཨ་ནས་བཟུང་སྟེ། རིགས་དྲུག་སོ་སོའི་ས་བོན་དུ། དང་པོར་ཧཱུྃ་གི་སྟོབས་ཀྱིས་དྲངས་ལ་སྦྱང༌། དེ་ནས་ངག་འདྲེན་པ་ཞི་བས་སྦྱང༌། དེ་ནས་ངག་འདྲེན་པ་དྲག་པོས་སྦྱངས་ཏེ། དེས་ཡི་གེ་དང་རྩ་མདུད་གྲོལ་ནས། རླུང་སེམས་དྲངས་པས་ཉམས་བདེ་སྟོང་ལ་སོགས་པ་མི་སྐྱེ་མི་སྲིད་དོ། །དེས་ངེས་པར་དེ་དང་དེའི་གནས་འབྱོངས་པ་ཡིན་ནོ། །དེ་ཡང་དང་པོ་ལྷའི་ཨ་ཡིག་གནས་སུ་སྦྱང༌། དེ་ནས་མིའི་ཎི་ཡིག་ཏུ། དེ་ནས་ལྷ་མ་ཡིན་གྱི་སུ་ཡིག་ཏུ། དེ་ནས་ཡི་དྭགས་ཀྱི་པྲེ་ཡིག དེ་ནས་དུད་འགྲོའི་དུ་ཡིག དེ་ནས་དམྱལ་བའི་ཏྲི་ཡིག་གི་གནས་སུ། ཧཱུྃ་དང་ངག་འདྲེན་པ་ཞི་དྲག་གི་གནད་ཀྱིས་རླུང་སེམས་དྲངས་ཏེ་སྦྱོང་བ་ཡིན་ནོ། །གནས་སྦྱོང་འདི་དག་འབྱོངས་ན། ཕྱི་ནང་གི་སྲིན་བུ་སྤོང༌། ངན་སོང་དུ་མི་འགྲོ་བའི་གདེངས་ཐོབ་པས། ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱི་སྦྱོར་ལམ་བཟོད་པའི་ཐད་སོར་སླེབ་པའོ། །ཕྱག་རྒྱ་ཆེན་པོ་གཅེས་པ་བཏུས་པ་ཞེས་བྱ་བའི་མན་ངག བླ་མ་གོང་མ་རྣམས་ཀྱི་ཐུགས་ཀྱི་བཅུད་སོ་སོ་ནས་བྱུང་བ་འདི། ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཕྱོགས་གཅིག་ཏུ་བསྡེབས་ཏེ་བྲིས་པའོ། །འདིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་གྱུར་ཅིག འདི་སྣོད་དང་མི་ལྡན་པ་དང་གདམས་ངག་ལ་གཅེས་སྤྲས་མི་བྱེད་པ་ལ་སྦྱིན་པར་མི་བྱའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ཤུ་བྷཾ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*