ཞེ་ས་དགུ་ཕྲུགས།

༼ཏ༽

༄༅། །ཞེ་ས་དགུ་ཕྲུགས་བཞུགས།།

༄༅། །འགྲོ་མགོན་མཉམ་མེད་ཇི་སྙེད་ཀུན་གཟིགས་ཤིང༌། །ཇི་བཞིན་དོན་ནི་ཐུགས་སུ་ཆུད་གྱུར་པ། །ཐུགས་རྗེས་འགྲོ་ཀུན་འདྲེན་པར་མཛད་པ་པོ། །རྐང་གཉིས་གཙོ་བོ་དེ་ལ་ཕྱག་འཚལ་ལོ། །ཡ་རབས་ཆ་རྐྱེན་ཕྱག་གིས་བསྟན་བཅོས་ནི། །བསྟན་བཤད་ཡན་ལག་དོན་སྐོར་དབྱེ་བར་བཅས། །འགོས་ཀྱི་ཕྱག་ཡིག་ལ་བརྟེན་ཁུ་ཡིས་མཛད། །དེ་ལ་མ་ཚང་ལ་སོགས་སྐྱོན་སྤངས་བྲི། །ངོ་བོ་ངེས་ཚིག་དབྱེ་བ་གསུམ། །རྒྱུ་དང་རྐྱེན་དང་གནས་དང་གསུམ། །ཡུལ་དང་གང་ཟག་རྒྱན་དང་གསུམ། །འཁོས་དང་དམ་ཚིག་ས་བཅད་གསུམ། །འགྱིང་དང་བཅའ་གཞི་འཛུམ་དང་གསུམ། །འདུར་དང་བསྙུན་མེད་བབས་དང་གསུམ། །སྐྱོན་དང་སྒྲ་ཡང་འབྲས་བུ་གསུམ། །དོན་སྐོར་ཉི་ཤུ་རྩ་གཅིག་གོ །ངོ་བོ་ཕྱག་བྱེད་གང་ཟག་དེ་ཡིས་ནི། །ཡིད་ཀྱིས་བསྐུལ་བའི་ལུས་ངག་རིག་བྱེད་དོ། །ཕྱག་ཅེས་བྱ་བ་འདི་ཡི་ངེས་ཚིག་ནི། །གོང་མ་འཁུར་བྱེད་སྒོ་གསུམ་འདུད་ཕྱིར་རོ། །དབྱེ་བ་རྣམ་གཉིས་འགྲོ་བ་གཞན་དང་མི། །དང་པོ་ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས། །རང་རང་སྡེ་དཔོན་རྣམས་ལ་ཕྱག་བྱེད་དེ། །དེ་ཡི་དབྱེ་བ་བརྗོད་པར་ག་ལ་ནུས། །རང་རིག་བསོད་ནམས་ལྡན་པའི་མི་ལ་ཕྱག །དབྱེ་བ་རྣམ་པ་བདུན་དུ་གནས་པ་ཡིན། །དཀོན་མཆོག་རྟེན་ལ་དད་པས་གུས་ཕྱག་དང༌། །བླ་མ་དགེ་བའི་བཤེས་ལ་མོས་ཕྱག་དང༌། །བསླབ་པ་ཁྲིམས་ཀྱིས་རྒན་ལ་བཅས་པའི་ཕྱག །ས་བདག་རྒྱལ་པོ་རིགས་ཀྱི་བླ་སྒོ་དང༌། །ཆབ་སྲིད་བློན་པོའི་རིགས་ལ་བཞེས་ཕྱག་དང༌། །ཕ་ཁུ་རྒན་ལ་རང་གི་རིགས་ཀྱིས་ཕྱག །བུད་མེད་ཁྱོ་ཡི་རྗེས་སུ་འགྲོ་མོད་ཀྱི། །ལྷ་ལྕམ་ཁྱོ་ལ་སོང་སོགས་ཅུང་ཟད་བརྟག །དཀོན་མཆོག་ལྷ་ཕྱག་བྱ་ཡི་སུག་བབས་མེད། །བླ་མ་ཁྲིམས་ཀྱིས་རྒན་ལ་ཕྱག་བྱས་ཏེ། །ལྷ་ཕྱག་དེ་ཡང་ལུས་བསྲངས་རྐང་གཉིས་གཤིབས། །ལག་པ་ཐལ་སྦྱར་གུས་པས་རྐང་རྩེ་གཉིས། །པུས་གཉིས་ལག་གཉིས་དཔྲལ་ལམ་སྤྱི་བོ་རྣམས། །ས་ལ་གཏུགས་ལ་འོག་གི་འགྱིང་སོགས་བྱ། །ས་བདག་རྒྱལ་པོ་ཕྱག་གི་དབྱེ་བ་ནི། །ལྷ་བཙུན་རྗེ་བཙུན་དགེ་བའི་བཤེས་དང་འདྲ། །འོག་གི་སུག་བབས་བསྣུར་ཡང་ཉེས་པ་མེད། །འདི་ལ་དབྱེ་བ་རྣམ་པ་བཞི་ཡིན་ཏེ། །ཉི་ཤུ་རྩ་གཅིག་དགུ་ཕྲུགས་ཆུང་གསུམ་དང༌། །སུག་བབས་བཞི་པ་ཞེས་བྱ་ནར་མ་སྟེ། །ཉི་ཤུ་རྩ་གཅིག་ས་ལ་དབྱེ་བ་མེད། །འོག་མ་གསུམ་ལ་གསུམ་གསུམ་དག་ཏུ་དབྱེ། །ཁུག་པ་ཟངས་མ་མདུང་ཚུགས་ཞེས་བྱའོ། །ཕྱག་གི་རྒྱུ་ནི་སྐྱེ་རྒྱུད་རིགས་ཀྱི་གཙོ། །ཕ་ངན་བུ་ལ་ཕྱག་དང་ཞེ་ས་མེད། །ཕྱག་གི་རྐྱེན་ནི་བློ་ཡི་རྩེ་ཡིན་ཏེ། །བླུན་པོ་རྣམས་ལ་ཆེ་ཆུང་ཁྱད་པར་མེད། །ཕྱག་གི་གནས་ནི་དཀོན་མཆོག་གསུམ་གྱི་རྟེན། །བླ་སྒོ་རབ་འབྲིང་ཚོགས་པའི་སྤྱན་སྔར་རོ། །ཕྱག་ཡུལ་བླ་མ་དཀོན་མཆོག་རྒན་པ་བཞི། །ཤེས་པས་རྒན་པའི་དགེ་བཤེས་རྣམ་གཉིས་དང༌། །ཁྲིམས་ཀྱིས་རྒན་པའི་རབ་བྱུང་དགེ་འདུན་ནོ། །རིགས་ཀྱིས་རྒན་པའི་ས་བདག་རྒྱལ་པོ་དང༌། །ན་སོས་རྒན་པའི་ཕ་ཁུ་རྒན་རིམ་མོ། །ཕྱག་བྱེད་གང་ཟག་བཞི་ཡོད་གོང་ལས་བཟློག །བློ་དམན་ཁྲིམས་མ་རྫོགས་དང་རིགས་དམན་གཞོན། །རྒྱན་ལ་གསུམ་ཡོད་གོས་ཚུགས་བཟང་ལ་མཛེས། །ལུས་ཡང་ཡན་ལག་མཉེན་ཞིང་ཕུ་དུང་བཟང༌། །འཁོས་ལ་གསུམ་ཡོད་ལུང་པའི་འདུག་ཕྱོགས་དང༌། །དཀོན་མཆོག་རྟེན་དང་གྲལ་མགོའི་བཀོད་པ་སྟེ། །ཕྱག་བྱའི་ཡུལ་དེ་གང་ལ་ཇི་ལྟར་བཞུགས། །མ་བརྟགས་བར་ལ་ལུས་ཀྱི་ཕྱག་མི་བྱ། །དམ་ཚིག་བདག་རང་མཁས་པའི་ང་རྒྱལ་དང༌། །སེམས་བརྟན་ཤབ་ཤིབ་མི་བྱ་སྔ་ཕྱི་སྒྲིག །ས་བཅད་དང་པོ་ཕྱག་གི་བྱེད་ཀ་རུ། །ཕྱག་བྱ་ཡུལ་མིན་སྐྱེ་བོ་ཕྱིར་བསལ་ཏེ། །ཕྱག་བྱེད་སྔ་རྟིང་རིམ་བཞིན་བར་ཡངས་སྙོམས། །ཕལ་པ་རྣམས་ལ་རྒྱབ་ཀྱི་ཕྱི་རྒྱ་བསྐྱེད། །འགྱིང་ལ་གསུམ་ཡོད་པུས་མོ་འཛུགས་ཀ་རུ། །ཡར་ལ་འདུར་ན་གོམ་གང་མར་ལ་བསྣུར། །མར་ལ་འདུར་ན་གོམ་གང་ཡར་ལ་བསྣུར། །ཡར་འདུར་མར་འདུར་གོམ་པའི་སྲོལ་མ་ཤོར། །བཅའ་གཞི་རི་མོ་གསུམ་པ་བཞི་དང་ལྔ། །ཀུན་ལ་དང་པོ་མདུན་གྱི་རི་མོར་བསྡད། །གསུམ་པ་ཡིན་ན་གཡས་པ་གཡས་སུ་ནུར། །དེ་ནས་གཡོན་པ་རྒྱབ་ཏུ་ནུར་བྱས་ལ། །རྐང་པའི་འགྲོས་བཞིན་ལག་པའི་འཁྱུག་ཁ་བྱ། །གཡས་པ་མདུན་འོངས་པུས་བཙུགས་ལག་སྟབས་འཛོམ། །བཞི་པ་དང་པོ་མདུན་དུ་གནས་པ་འདྲ། །དེ་ནས་གཡོན་པ་སྔོན་ལ་གཡོན་དུ་བཞག །དེ་རྗེས་གཡས་པ་རྒྱབ་ཏུ་བཞག་བྱས་ལ། །གཡོན་པས་གཡས་ཀྱི་རི་མོ་མནན་བྱས་ལ། །གཡས་པ་མདུན་དུ་མཛུབ་རྩེ་གཡོན་པ་བརྒྱབ། །དེས་དང་པུས་བཙུགས་ལག་སྟབས་སྔ་མ་བཞིན། །ལྔ་པའི་གཡས་པ་སྔོན་ལ་དབུས་སུ་བཞག །དེ་ནས་རི་མོ་བཞི་པའི་རྐང་སྟབས་བཞིན། །རྐང་པའི་འགྲོས་བཞིན་ལག་པའི་འཁྱུག་ཁ་ནི། །དེ་དག་ཀུན་ལ་མཐུན་པར་བྱ་དགོས་ཏེ། །ལག་པ་དགུག་དང་དབྱར་བ་སྤང་བྱ་བ། །ལེགས་པར་དམིགས་དྲིས་བྱ་བ་ཤིན་ཏུ་གཅེས། །གཡོན་གྱི་པུས་མོ་ལོང་མོའི་རྩར་བཙུགས་ཏེ། །ཤེད་པ་བསྲང་ཞིང་ཡན་ལག་གནས་སུ་དབབ། །གདོང་པ་བྲང་དང་ངར་གདོང་དྲང་པོ་རུ། །ཉམ་ང་མེད་པར་ཕྱག་བྱའི་ཡུལ་ལ་བསྟན། །རྐང་འགྲོས་ལག་པའི་འཁྱུག་ག་མཛེས་པ་ནི། །ནར་མ་ཁྱད་པར་ཀུན་ལ་དགོས་པས་གཅེས། །འཛུམ་ནི་གསུམ་སྟེ་ཕྱག་དང་བཅའ་གཞིས་འཁྱུག །དང་པོ་ཐལ་མོ་སྦྱར་ནས་བརྐྱང་ལ་འབུལ། །གཉིས་པ་ལུས་པོ་མི་བསྒྲིམས་ལྷོད་ཆགས་པས། །ལག་གཉིས་པུས་སྟེང་བསྲངས་ཏེ་སེང་གེའི་འགྱིང༌། །འཁྱུག་པའི་འཛུམ་ནི་འགུགས་པའི་མཚམས་སུ་སྟེ། །གང་འགུགས་རྐང་པའི་ཕྱོགས་གཅིག་དོར་ལ་བྱ། །འདུར་གྱི་དཔེ་ལ་རྣམ་པ་གསུམ་ཡོད་དེ། །ཆེ་འདུར་སེང་གེ་མ་ཕྱིར་བསྙེགས་པ་འདྲ། །ཆུང་འདུར་འདབ་ཆགས་སྙི་ལ་ཟིན་པ་འདྲ། །དྲང་འདུར་ཤེལ་སྒོང་རྦབ་ལ་འདྲིལ་བ་འདྲ། །གོམ་སྟབས་ཆེ་ཆུང་ས་ཡུལ་སྟབས་དང་སྦྱར། །འདུར་གྱི་ཡན་ལག་ལག་པའི་འཁྱུག་ཁ་ནི། །རྐང་གཡས་འདོར་ན་ལག་གཡོན་མདུན་དུ་འཁྱུག །རྐང་གཡོན་འདོར་ན་ལག་གཡས་མདུན་དུ་འཁྱུག །ལག་པ་མི་ཁུག་མ་འབྱར་བདེ་བདེ་འདྲ། །སྤྱན་གཟིགས་སྔོན་འགྲོ་འདུར་ནས་འཁྱུག་པ་ལ། །བཅམ་ཙེ་ཡོད་ཀྱང་མི་སྟོ་སྐབས་ཀྱིས་བརྟག །བསྙུན་མེད་དུས་སུ་སྐད་གདངས་རན་པ་དང༌། །ཞུམ་མེད་ཚིག་གིས་མ་ནོར་གསལ་བར་བརྗོད། །ཇི་སྐད་སྙུན་གསོལ་ཡུལ་གྱི་བྱེ་བྲག་ལས། །རིང་ཐུང་ཅི་རིགས་ཡུན་གྱི་སྟབས་དང་སྦྱར། །བཅས་ལུགས་བཞི་སྟེ་མཆིམས་ཀྱི་བརྗིད་ཚུལ་དང༌། །ཁྲི་བཟང་ཡབ་ལྷག་འགོས་ཀྱི་རྒན་ལུགས་དང༌། །རྒྱལ་ཚ་ལྷ་སྣང་སྣ་ནམ་དཔལ་ལུགས་དང༌། །རྒྱལ་ཏོང་མི་ཤུ་པུའི་མཛེས་ལུགས་སོ། །སྐྱོན་སྤང་གསུམ་ཡིན་པུས་མོ་འཛུགས་པའི་ཚེ། །རྐང་པ་རྒྱབ་ཏུ་རིང་དུ་མི་མནར་ཞིང༌། །ལུས་ཀྱི་ཁྱོན་ཡང་ཡ་ཡོ་མེད་པ་སྟེ། །ལག་པའི་སྐྱོག་ཁ་རྒྱབ་ཏུ་ཐལ་མི་བྱ། །དགྲ་ཡ་བཞི་ཡོད་ས་ཡུལ་དོགས་པ་དང༌། །ལུས་སེམས་བྲལ་དང་རང་བཞིན་བཏབ་པ་དང༌། །ཁོག་ཏུ་སླ་ཆོས་བྱེད་པའི་ཕྱག་དགྲ་སྤངས། །འབྲས་བུ་དཀོན་མཆོག་བླ་མ་དགེ་བཤེས་ལ། །དད་པས་ཕྱག་བྱས་སྒོ་གསུམ་སྒྲིབ་པ་འདག །ཀུན་གྱི་ཡ་རབས་སྤྱོད་ཚུལ་བསྟན་པ་ཡིན། །དེ་དག་དོན་སྐོར་ཉི་ཤུ་རྩ་གཅིག་གོ །ཕྱག་ལ་སྒྲིག་དུས་སྣ་འདྲེན་ཕྱིར་འབྲངས་དང༌། །མཇུག་སྡུད་ལྡང་ལུགས་རྣམས་ཀྱི་དཔེ་ལོ་ནི། །འདབ་ཆགས་བྱ་མ་ལུག་གིས་འཕུར་འཇོལ་བཞིན། །གོང་མས་པུས་བཙུགས་འོག་མས་རིམ་གྱིས་གཟུགས། །ལྡང་བའི་ལུགས་ཀྱང་དེ་བཞིན་རིམ་པས་ལྡང༌། །ཀུན་ཏུ་སྤྱོད་ལམ་བཅའ་གཞི་འཕྲུག་པར་བྱ། །ཟིན་ནས་གོས་ཁྱེར་ཚུལ་གྱིས་སྤྱོད་ལམ་ནི། །འགབ་རྡུལ་མི་ཆེ་ཕྱོགས་ལོགས་མི་བསྐོར་འཚལ། །མ་རབས་གཡུང་པོ་རྣམས་ལ་འདི་མི་དགོས། །ཡ་རབས་གྲ་མ་རྣམས་ཀྱི་སྲོལ་བརྒྱན་འདི། །བརྩོན་འགྲུས་གཡུང་དྲུང་ཁུ་ཡི་བནྡེ་ཡིས། །འགོས་ཀྱི་ཕྱག་ཡིག་ཆེ་ལ་བརྟེན་ནས་མཛད། །དེ་ལ་ཅུང་ཟད་མ་ཚང་གོང་འོག་འཁྲུལ། །བག་ཙམ་ནོར་བར་གྱུར་པའི་སྐྱོན་སྤངས་ཏེ། །འཁོན་གྱི་བནྡེ་གྲགས་པ་རྒྱལ་མཚན་གྱིས། །ཡ་རབས་ཆ་རྐྱེན་འདི་ནི་གསལ་བར་བྱས། །དགེ་དེས་འགྲོ་ཀུན་རིགས་མཐོ་ཐོབ་གྱུར་ནས། །ཚོགས་གཉིས་རྫོགས་ཏེ་སངས་རྒྱས་སར་འགྲོ་ཤོག །དོན་སྐོར་ཉི་ཤུ་རྩ་གཅིག་ཡན་ལག་དང་བཅས་པའི་ཕྱག་ཡིག་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་འདི་རེ་ཞིག་རྫོགས་སོ།།  །།རྒྱལ་ཁྲིམས་མེད་པའི་བཙད་པོ་ཡིས། །ལུགས་དང་མཐུན་པ་མི་ཤེས་པས། །འདི་ལ་སྙུན་གསོལ་ག་ལ་དགོས། །དེ་བས་འབྲི་བར་ཡོང་མི་བྱེད། །ཅུང་ཟད་མངའ་ཐང་ཡོད་གྱུར་ཀྱང༌། །ཆུང་གསུམ་མན་ཆད་ཕྱག་གི་ལུགས། །ཅི་དྲན་ཙམ་ཞིག་བྱ་བ་ལས། །དེ་བས་ལྷག་པས་ཅི་ཞིག་བྱ། །འདི་ནི་ལེགས་པར་སྨྲས་པ་ཡིན་ནོ། །ཉི་ཤུ་རྩ་གཅིག སུམ་ཕྲུགས་ཁུག་པ། རྟ་རྒབ་འཁྱུག་པ། མཐུང་ངུ་གཅིག་ཚུགས། རྩེ་སྤྲོད་རྒོད་པོ་གཤོག་དང་ལྔ། མངྒ་ལཾ་བྷ་ཝན་ཏུ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*