གཟའ་སྐར་འཕྲོད་བརྟག

༼ཏ༽

༄༅། །གཟའ་སྐར་འཕྲོད་བརྟག་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། འགྲོ་རྣམས་དགེ་དང་མི་དགེ་བསྟན་པའི་ཕྱིར། །གཟའ་སྐར་འཕྲོད་དང་མི་འཕྲོད་གཉིས་ཀྱང་བརྗོད། །གཟའ་སྐར་སྦྱོར་བ་དུས་སྲིན་ཟླ། །ཉི་མ་ཐ་སྐར་ནོར་མང་རྙེད། །ཆང་གིས་མྱོས་པ་བཞིན་འགྱུར་རོ། །བྲ་ཉི་དང་ཕྲད་རྒྱལ་པོས་འཇིགས། །སྨིན་དྲུག་དང་ཕྲད་འབྲུ་ནོར་ཁུགས། །བཞི་པས་འཁོར་སྐྱིད་རང་འགྱོད་འགྱུར། །ལྔ་པས་ལས་དང་དོན་ཀུན་འགྲུབ། །དྲུག་པས་གར་འགྲོར་འཇིགས་པ་འབྱུང༌། །བདུན་པས་གོས་ལ་སོགས་པ་འཐོབ། །བརྒྱད་པས་རིན་པོ་ཆེ་སོགས་ཁུགས། །དགུ་པས་ཐོག་དང་སེར་བས་འཇིགས། །བཅུ་པས་ངེས་པར་འཆི་བར་འགྱུར། །བཅུ་གཅིག་དགྲ་གཞོམ་ལས་རྣམས་འགྲུབ། །བཅུ་གཉིས་གྲོགས་རྙེད་མཛའ་དང་ཕྲད། །བཅུ་གསུམ་ཕུན་ཚོགས་ཅི་བསམས་འགྲུབ། །བཅུ་བཞི་པས་ནི་འཇིགས་ལས་ཐར། །བཅོ་ལྔས་འཐབ་ཅིང་འབྲས་བུ་འཐོབ། །བཅུ་དྲུག་བཅུ་བདུན་ངེས་པར་འཆི། །བཅོ་བརྒྱད་དབང་པོ་ཡན་ལག་ཉམས། །བཅུ་དགུ་པས་ནི་ཅི་བསམས་འགྲུབ། །ཉི་ཤུས་ནད་དང་དགྲ་འཇིགས་འབྱུང༌། །ཉེར་གཅིག་བདུད་རྩི་འཐོབ་བཞིན་རྒྱལ། །ཉེར་གཉིས་ཐེ་ཚོམ་ཅི་བསམས་འགྲུབ། །ཉེར་གསུམ་རྟ་རྙེད་དབང་ཆེན་རྒྱལ། །ཉེར་བཞིས་ནོར་འཛད་ནད་ཆེན་འབྱུང༌། །ཉེར་ལྔས་དོན་འགྲུབ་ནོར་ཁུགས་རྒྱལ། །ཉེར་དྲུག་སྲིད་ཕུང་གཡུང་དྲུང་འཐོབ། །ཉེར་བདུན་ནོར་འཛད་འབྲུམ་བུ་འབྱུང༌།།  །།ཐ་སྐར་ཟླ་བ་མི་ནོར་འཛད། །གཉིས་པས་ནོར་འཐོབ་དོན་འགྲུབ་བཟང༌། །གསུམ་པས་སྲིད་ཕུང་ཅི་བྱས་ངན། །བཞི་ལྔས་ནོར་རྙེད་ལོངས་སྤྱོད་རྙེད། །དྲུག་འཇིགས་བུད་མེད་དང་ཕྲད་འགྱུར། །བདུན་པས་འབྲུ་ནོར་རྙེད་ཅིང་འཇིགས། །བརྒྱད་པས་འཁོར་དང་རང་རྣམས་སྐྱིད། །དགུ་པས་དོན་རྣམས་འགྲུབ་པར་འགྱུར། །བཅུ་པས་འཇིགས་དང་ལོག་པར་འགྱུར། །བཅུ་གཅིག་པས་ནི་གོས་སོགས་འཐོབ། །བཅུ་གཉིས་དཔལ་བེས་རིན་ཆེན་སྡུད། །བཅུ་གསུམ་སེར་བ་དྲག་པོ་འབབ། །བཅུ་བཞིས་འཆི་བའི་འཇིགས་པ་འབྱུང༌། །བཅོ་ལྔས་དགྲ་གཞོམ་ནོར་ཁུགས་འགྱུར། །མི་བདག་གྲོགས་རྙེད་གཉེན་དང་ཕྲད། །བཅུ་བདུན་ཅི་བསམས་བུད་མེད་ཕྲད། །བཅོ་བརྒྱད་འཇིགས་པ་ཆེན་པོ་འབྱུང༌། །བཅུ་དགུས་འབྲུ་ཁུགས་མགལ་མེ་འཐབ། །ཉི་ཤུས་ཡུལ་ནས་འབྱུང་བས་འཇིགས། །ཉེར་གཅིག་པ་ལ་འཆི་བར་འགྱུར། །ཉེར་གཉིས་དོན་གྲུབ་གང་ཡང་བཟང༌། །ཉེར་གསུམ་ནད་ཀྱི་འཇིགས་པ་འབྱུང༌། །ཉེར་བཞིས་དགྲ་ཕུང་ནོར་རྣམས་ཁུགས། །ཉེར་ལྔས་ནད་དང་འཇིགས་པ་འབྱུང༌། །ཉེར་དྲུག་དོན་འགྲུབ་ཐེ་ཚོམ་འབྱུང༌། །ཉེར་བདུན་དབང་ཆེན་བཞོན་པ་ཐོབ།།  །།མིག་དམར་ཐ་སྐར་ཕྲད་པའི་ཚེ། །དགྲ་གཞོམ་ནོར་མང་ཁུགས་པར་འགྱུར། །གཉིས་པས་རང་གཞན་སྡུག་ཅིང་འཆི། །གསུམ་པས་དོན་འགྲུབ་ཐེ་ཚོམ་འབྱུང༌། །བཞི་པས་རྟ་རྙེད་དབང་ཆེན་ཐོབ། །ལྔ་པས་ནོར་དང་མཛའ་བོ་འོང༌། །དྲུག་པས་དོན་ནི་རྒྱ་ཆེར་འགྲུབ། །བདུན་པས་སྲིད་ཕུང་ནོར་ཞིང་ཕྲད། །བརྒྱད་པས་དོན་ནི་ཅི་བསམས་འགྲུབ། །དགུ་པས་ནོར་ཁུགས་འཕེལ་བར་འགྱུར། །བཅུ་པས་རྒྱལ་པོའི་འཇིགས་པ་འབྱུང༌། །བཅུ་གཅིག་འབྲུ་ནོར་ཟས་ལྡན་བྱེད། །བཅུ་གཉིས་འཁོར་དང་རྒྱལ་ཁམས་སྐྱིད། །བཅུ་གསུམ་བཟང་ཞིང་ཐམས་ཅད་འགྲུབ། །བཅུ་བཞིས་འཇིགས་དང་བཀྲེན་པར་འགྱུར། །བཅོ་ལྔས་གོས་དང་ནོར་སོགས་ཐོབ། །བཅུ་དྲུག་དཔལ་བེས་རིན་ཆེན་རྙེད། །བཅུ་བདུན་སེར་བ་དྲག་པོ་འབབ། །བཅོ་བརྒྱད་ཐེ་ཚོམ་མེད་པར་འཆི། །བཅུ་དགུས་དགྲ་གཞོམ་ནོར་རྙེད་འགྱུར། །ཉི་ཤུས་གྲོགས་རྙེད་མཛའ་བོ་ཕྲད། །ཉེར་གཅིག་འཇིགས་འབྱུང་དཔལ་དང་ལྡན། །ཉེར་གཉིས་རྩོད་འབྱུང་བུད་མེད་ཕྲད། །ཉེར་གསུམ་ཡུལ་ནས་འབྱུང་བས་འཇིགས། །ཉེར་བཞིས་གཤིན་རྗེས་བཟུང་ནས་འགུམ། །ཉེར་ལྔས་སྣ་དང་ཡན་ལག་ཉམས། །ཉེར་དྲུག་རང་ལ་ཆད་པར་འོང༌། །ཉེར་བདུན་དགྲ་ནད་འཇིགས་ཉེ་བཟང༌།།  །།གཟའ་ལྷག་ཐ་སྐར་སྲོག་དང་བྲལ། །གཉིས་པས་སྣ་དང་ཡན་ལག་ཉམས། །གསུམ་པས་ཅི་བསམས་དོན་ཀུན་འགྲུབ། །བཞི་པས་ནད་དང་དགྲ་ཡིས་འཇིགས། །ལྔ་པས་དགྲ་གཞོམ་ནོར་དང་ལྡན། །དྲུག་པས་རང་གཞན་སྡུག་ཅིང་འཆི། །བདུན་པས་དོན་འགྲུབ་འཇིགས་པ་འབྱུང༌། །བརྒྱད་པས་རྟ་རྙེད་དབང་ཆེན་འགྱུར། །དགུ་པས་ནོར་འཛད་གོད་ཁ་འབྱུང༌། །བཅུ་པས་མཛའ་ཕྲད་རྒྱལ་དོན་འགྲུབ། །བཅུ་གཅིག་སྲིད་ཕུར་ཡུལ་ཞིང་ཕྲད། །བཅུ་གཉིས་པས་ནི་ནོར་སོགས་འཕེལ། །བཅུ་གསུམ་ཡོ་བྱད་ཕུན་སུམ་ཚོགས། །བཅུ་བཞིས་རྒྱལ་པོའི་འཇིགས་པ་འབྱུང༌། །བཅོ་ལྔས་ནོར་རྙེད་འཇིགས་པར་བྱེད། །བཅུ་དྲུག་པས་ནི་འཁོར་སོགས་སྐྱིད། །བཅུ་བདུན་ཅི་བསམས་དོན་རྣམས་འགྲུབ། །བཅོ་བརྒྱད་འཇིགས་ཤི་བཀྲེས་པར་འགྱུར། །བཅུ་དགུས་གོས་སོགས་ལེགས་པར་འཐོབ། །ཉི་ཤུ་རིན་ཆེན་གཏེར་དང་ལྡན། །ཉེར་གཅིག་ཐོག་སེར་དྲག་པོ་འབྱུང༌། །ཉེར་གཉིས་དགྲ་གཞོམ་རང་ཡང་འཆི། །ཉེར་གསུམ་གྲོགས་རྙེད་མཛའ་བོ་ཕྲད། །ཉེར་བཞིས་དཔལ་ལྡན་བུད་མེད་ཕྲད། །ཉེར་ལྔས་བཟང་པོ་དང་འཇིགས་འབྱུང༌། །ཉེར་དྲུག་མཛེས་ཤིང་འཐབ་པ་འབྱུང༌། །ཟླ་སྐྱེས་ནམ་གྲུ་ཚེ་ཟད་འགྱུར།།  །།ཕུར་བུ་ཐ་སྐར་ཕྲད་པའི་ཚེ། །བུད་མེད་དང་ཕྲད་དཔལ་དང་ལྡན། །གཉིས་པས་བཟང་ཞིང་འཇིགས་པ་འབྱུང༌། །གསུམ་པས་འཐབ་རྩོད་འབྲུམ་བུ་འབྱུང༌། །བཞི་པས་ཡུལ་དུ་མི་གནས་འཆི། །ལྔ་པས་ངེས་པར་འཆི་བ་རྙེད། །དྲུག་པས་སྣ་དང་ཡན་ལག་ཉམས། །བདུན་པས་དོན་རྣམས་མ་ལུས་འགྲུབ། །བརྒྱད་པས་ནད་འབྱུང་གཞན་ནི་བཟང༌། །དགུ་པས་དགྲ་གཞོམ་ནོར་དང་ལྡན། །བཅུ་པས་འཇིགས་དང་འཆི་བ་འབྱུང༌། །བཅུ་གཅིག་དོན་གྲུབ་འཇིགས་དང་བཅས། །བཅུ་གཉིས་རྟ་རྙེད་དབང་ཆེན་ལྡན། །བཅུ་གསུམ་གོད་འབྱུང་མི་ནོར་འཛད། །བཅུ་བཞིས་མཛའ་ཕྲད་རྒྱལ་དོན་འགྲུབ། །བཅོ་ལྔས་སྲིད་ཕུང་ཡུལ་ཞིང་ཕྲད། །བཅུ་དྲུག་ཟས་ནོར་ཐོབ་སོགས་བཟང༌། །བཅུ་བདུན་འབྲུ་ནོར་ཟས་གོས་ཐོབ། །བཅོ་བརྒྱད་རྒྱལ་པོའི་འཇིགས་པ་འབྱུང༌། །བཅུ་དགུས་གོད་འབྱུང་འབྲུ་ནོར་ལྡན། །ཉི་ཤུས་འཁོར་དང་ཡུལ་ཁམས་སྐྱིད། །ཉེར་གཅིག་དོན་རྣམས་ངེས་པར་འགྲུབ། །ཉེར་གཉིས་གོས་རྙེད་ཐམས་ཅད་བཀྲེན། །ཉེར་གསུམ་རིན་པོ་ཆེ་ཕྲད་བཟང༌། །ཉེར་བཞིས་སེར་འབབ་ཉེར་ལྔས་འཆི། །ཉེར་དྲུག་ནམ་གྲུས་གྲོགས་མང་རྙེད།།  །།པ་སངས་ཐ་སྐར་ཐོག་སེར་འབབ། །གཉིས་པས་ངེས་པར་འཆི་བའོ། །གསུམ་པས་དགྲ་གཞོམ་དོན་གྲུབ་བོ། །བཞི་པས་གྲོགས་རྙེད་ཅི་ཡང་བཟང༌། །ལྔ་པས་དཔལ་ལྡན་བུད་མེད་ཕྲད། །དྲུག་པས་བཟང་ཞིང་འཇིགས་པའང་འབྱུང༌། །བདུན་པས་ཁྱེ་འབྱིན་འཐབ་རྩོད་འབྱུང༌། །བརྒྱད་དང་དགུ་པས་མྱ་ངན་ལྡང༌། །བཅུ་པས་སྣ་དང་ཡན་ལག་ཉམས། །བཅུ་གཅིག་དོན་གྲུབ་འབྱོར་པ་ལྡན། །བཅུ་གཉིས་ནད་དང་དགྲ་ཡིས་འཇིགས། །བཅུ་གསུམ་དགྲ་གཞོམ་ནོར་ཡང་ཐོབ། །བཅུ་བཞིས་འཇིགས་འོངས་ངེས་པར་འཆི། །བཅོ་ལྔས་དོན་གྲུབ་བུད་མེད་ཕྲད། །བཅུ་དྲུག་རྟ་རྙེད་ཆེན་པོར་འགྱུར། །བཅུ་བདུན་གོད་འོངས་མི་ནོར་འཛད། །བཅོ་བརྒྱད་དོན་འགྲུབ་མཛའ་བོ་འོང༌། །བཅུ་དགུས་ཡུལ་ཞིང་དང་འཕྲད་ངན། །ཉི་ཤུས་ནོར་དང་སྲོག་དང་འཕེལ། །ཉེར་གཅིག་ནོར་དང་ཡོ་བྱད་ལྡན། །ཉེར་གཉིས་ནོར་རྙེད་འཇིགས་པའང་འབྱུང༌། །ཉེར་གསུམ་ཡུལ་ཁམས་རང་འཁོར་སྐྱིད། །ཉེར་བཞིས་རང་གཞན་དོན་རྣམས་འགྲུབ། །ཉེར་ལྔས་འཇིགས་དང་བཀྲེས་ཕོངས་འགྱུར། །ཉེར་དྲུག་གོས་རྙེད་ཉེར་བདུན་ལ། །རིན་པོ་ཆེ་དང་ལྡན་ནས་རྒྱལ།།  །།སྤེན་པ་ཐ་སྐར་གོས་དོན་འགྲུབ། །གཉིས་པས་བཀྲེས་སྐོམ་འཇིགས་དང་བཅས། །གསུམ་པས་གོས་ལྡན་དོན་ཡང་འགྲུབ། །བཞི་པས་དཔལ་བེས་རིན་ཆེན་འཛིན། །ལྔ་པས་སེར་འབབ་དྲུག་པས་འཆི། །བདུན་པས་དགྲ་གཞོམ་ཅི་བསམས་འགྲུབ། །བརྒྱད་པས་མཛའ་བོ་ཕྲད་གྲོགས་རྙེད། །དགུ་པས་དོན་འགྲུབ་བུད་མེད་ཕྲད། །བཅུ་པས་འཇིགས་བཅས་དོན་ཡང་འགྲུབ། །བཅུ་གཅིག་འབྲུ་ཕྲད་འཐབ་རྩོད་འབྱུང༌། །བཅུ་གཉིས་བཅུ་གསུམ་འཕོ་ཞིང་འཆི། །བཅུ་བཞིས་སྣ་མགོ་ཡན་ལག་ཉམས། །བཅོ་ལྔས་དོན་ནི་ཅི་བསམས་འགྲུབ། །བཅུ་དྲུག་ནད་དང་དགྲ་ཡིས་འཇིགས། །བཅུ་བདུན་དགྲ་གཞོམ་དོན་ཡང་འགྲུབ། །བཅོ་བརྒྱད་འཇིགས་དང་འཆི་བ་འབྱུང༌། །བཅུ་དགུས་དོན་འགྲུབ་ཐེ་ཚོམ་བཅས། །ཉི་ཤུས་རྟ་རྙེད་དབང་དང་ལྡན། །ཉེར་གཅིག་གོད་འབྱུང་མི་ནོར་འཛད། །ཉེར་གཉིས་བརྟན་ལ་སྲིད་ཕུང་ནོར། །ཉེར་གསུམ་ཁང་ཁྱིམ་ནོར་སོགས་ཐོབ། །ཉེར་བཞིས་ནོར་འཐོབ་ཡོ་བྱད་འཕེལ། །ཉེར་ལྔས་འཇིགས་ཕྲད་ཡིད་འོང་ཁུགས། །ཉེར་དྲུག་ནོར་ཉིད་འཇིགས་པ་འབྱུང༌། །ཉེར་བདུན་འཁོར་སྐྱིད་བདེ་ལེགས་ལྡན། །ཉི་ཟླ་སོགས་རིམ་བཏུད་དང་མདའ། །སྨོན་ལམ་ཐོབ་དང་བྱ་རོག་དང༌། །དུས་དབྱིག་གསོ་སྦྱར་རྩི་མི་དགོས། །དེ་ལྟར་བཟང་ངན་རྟོགས་བྱས་ལ། །བཟང་པོར་ལས་སྤྱད་ངན་པར་སྤངས། །གཟའ་སྐར་འཕྲོད་མི་འཕྲོད་ཀྱི་རྩིས་བླ་མ་རྗེ་བཙུན་གྱིས་སྦྱར་བ་ཨི་ཐི། འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*