ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད།

༼ཏ༽

༄༅། །ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཚིགས་བཅད་བཞུགས།། 

༄༅། །ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་སྐུ་གཞོན་ནུའི་ཚུལ་འཆང་འཆར་ཀའི་ཉི་མ་ལྟར་དམར་བ། །མི་ཤེས་ལྡོངས་པའི་འགྲོ་བའི་རྩ་ལག་གཅིག་བུ་རབ་ཏུ་དཔའ། །འཇམ་མགོན་བླ་མའི་ཞབས་ལ་ཕྱག་འཚལ་ནས་ནི་མགོན་པོ་དེའི། །མཉེས་བྱའི་རིམ་པ་དང་པོར་ལྡན་པ་བདག་གིས་བྲི་བར་བྱ། །རིག་པ་འཛིན་པས་ཡིད་འོང་ཤིན་ཏུ་དབེན་པའི་གནས། །གང་ཡང་རུང་པར་འཇམ་པའི་སྟན་ལ་རབ་འདུག་ལ། །འགྲོ་བའི་མི་ཤེས་བསལ་ཕྱིར་འཇམ་དབྱངས་ཉིད་བྱ་ཞེས། །མཉམ་མེད་བྱང་ཆུབ་སེམས་ནི་རྣམ་པར་བསྒོམ་པར་བྱ། །དེ་ཡི་རྗེས་སུ་སྙིང་ནང་པདྨ་ཟླ་དབུས་སུ། །བཞི་པའི་བཞི་པ་ང་རོ་བཞི་དང་བཅུ་དྲུག་ལྡན། །གུར་གུམ་མདོག་འདྲ་ཡིད་ཀྱི་སྒྲིབ་སེལ་བསམ་དེ་ཡི། །འོད་ཀྱིས་ལུས་ཀུན་རབ་གང་དག་པའི་ཤེལ་ལྟར་བསམ། །དེ་མ་ཐག་ཏུ་རང་ཉིད་མགོན་པོ་འཇམ་པའི་དབྱངས། །ལང་ཚོ་རྒྱས་ཤིང་བརྒྱད་གཉིས་ལོན་པའི་ཚུལ་འཆང་བ། །གསེར་བསྲེགས་མདོག་འདྲ་ཀུན་ནས་འོད་རབ་གསལ་བའི་སྐུ། །སྒེག་ཅིང་མཛེས་པའི་སྐུ་ནི་བརྗིད་ཅིང་འགྱིང་བག་ཅན། །སྤྱན་ཡངས་ཟུར་གྱིས་གཟིགས་ཤིང་ཅུང་ཟད་བཞད་ཅིང་འཛུམ། །ཟུར་ཕུད་ལྔ་ལྡན་སྙན་གོང་ཨུཏྤལ་དར་དཔྱངས་ཅན། །རིན་ཆེན་ཅོད་པཎ་འོད་གསལ་བདེ་བར་གཤེགས་པས་མཛེས། །དཔའ་བོ་ཐུགས་རྗེ་ལྡན་པའི་རྒྱབ་ཏུ་བསིལ་ཟེར་ཅན། །སྣ་ཚོགས་དར་བསྣམས་རིན་ཆེན་རྒྱན་ཀུན་འོད་འབར་བ། །ཨུཏྤལ་གླེགས་བམ་རལ་གྲི་རབ་ཏུ་འཛིན་པའི་ཕྱག །ཆུ་སྐྱེས་ཟླ་དབུས་སྐྱིལ་མོ་ཀྲུང་གིས་ལེགས་བཞུགས་ཤིང༌། །སྣ་ཚོགས་འོད་ཀྱིས་མཁའ་ཀུན་འགེངས་པར་བསམ་པར་བྱ། །དེ་ནས་སྔར་གསུངས་ཡི་གེས་དབུས་མཚན་རི་བོང་ཅན། །པདྨ་ལ་གནས་སྙིང་དབུས་ངེས་བསམ་ཡིག་འབྲུའི་མཐར། །སྔོན་དུ་ཨོཾ་སྔགས་ཨ་ར་པ་ཙ་ན་དྷཱིཿདགོད། །ལྕེ་ལ་ཡང་ནི་མཛེས་པའི་དྷཱིཿཡིག་གིས་མཚན་ཏེ། །དེ་ལྟར་ཡི་གེའི་ཚོགས་ཀུན་རིན་ཆེན་སྒྲོན་མ་ལྟར། །རབ་ཏུ་གསལ་ཞིང་འབར་བལྟས་གཡེང་བ་བྲལ་བས་བཟླས། །དེ་མཐར་རང་ལུས་འབར་གསལ་རབ་ཏུ་བརྗིད་པའི་དྷཱིཿ །དེར་གཏད་ཡིད་ཀྱིས་སྲོག་གཅིག་བརྒྱ་རྩ་བརྒྱད་དུ་བཟླས། །དགེ་བའི་རྩ་བ་སེམས་ཅན་རྣམས་ལ་རྒྱ་ཆེར་བསྔོ། །ལངས་ནས་འཇམ་དཔལ་ཉིད་ཡིན་བསམས་ནས་མཆོད་ཅིང་བསྟོད། །འཁྲིག་དང་བརྫུན་སོགས་མི་དགེ་ཀུན་དང་ཆང་ལ་སོགས། །དམེ་བག་ཟས་ཀུན་སྤངས་ཏེ་རིག་པའི་རྒྱལ་པོ་བསྒྲུབ། །གནམ་ལྕགས་རླུང་དྲག་གཅན་གཟན་ལ་སོགས་མཚན་མ་ངན། །གལ་ཏེ་མཐོང་ན་ཁྲོ་བོའི་རྒྱལ་པོས་ཤིན་ཏུ་བསྲུང༌། །རལ་གྲི་ཨུཏྤལ་བསྲེལ་ཞིང་འབར་བའི་མེ་སོགས་མཚན། །མཐོང་ན་གྲུབ་ཉེའི་ལྟས་སུ་མཁས་པས་ཤེས་པར་བྱ། །བཟང་དང་བཟང་མིན་ངན་དང་ངན་མིན་ཀུན་སྤངས་ཏེ། །རྩེ་གཅིག་ཉིད་དུ་གཡེང་བྲལ་ཐུན་བཞིའི་རིམ་ངེས་པ། །གང་གིས་ལོ་ཕྱེད་རྒྱུན་མི་འཆད་པར་འབད་པའམ། །འབུམ་ཕྲག་བརྒྱད་བརྗོད་པས་ནི་ངེས་པར་འགྲུབ་པར་འགྱུར། །དེ་མ་ཐག་ཏུ་ཐུབ་དཀའི་རྩོད་པ་དག་ལས་རྒྱལ་འགྱུར་ཞིང༌། །འགྲན་ཟླ་མེད་པའི་སྙན་ངག་མཁན་དུ་ཡང་ནི་འགྱུར། །ཚིགས་བཅད་བརྒྱ་ནི་དེ་ཡི་མོད་ལ་བྱེད་ཅིང་སྨྲ། །གཞན་ཡང་ཡིད་ལ་འདོད་པ་མ་ལུས་དེས་འགྲུབ་པའོ། །རྟོག་པའི་རླུང་སྤངས་བླ་མའི་ལུང་ཉིད་ལས། །བསྡེབས་ལེགས་ངག་གིས་བརྒྱ་པ་འདི་བྱས་པའི། །དགེ་བ་གང་ཐོབ་དེས་ནི་འགྲོ་བ་ཀུན། །མགོན་པོ་འཇམ་པའི་དབྱངས་ཉིད་འགྲུབ་པར་ཤོག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བ་རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*