འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ།

༼ཏ༽

༄༅། །འཇམ་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་འཁོར་ལོ་བཞུགས།། 

༄༅། །མཚུངས་མེད་བླ་མའི་ཞབས་ལ་ཕྱག་བྱས་ནས། །དུས་གསུམ་རྒྱལ་བ་ཀུན་གྱི་ཡབ་གྱུར་པའི། །འཇམ་དཔལ་འཇམ་དབྱངས་འཇམ་པའི་རྡོ་རྗེ་ལ། །དད་པས་བསྟོད་པ་འདི་ནི་བརྗོད་པར་བགྱི། །དྲག་པོ་འཕྲོག་བྱེད་དབྱིག་གི་སྙིང་པོ་དང༌། །སྲེག་བྱེད་མིག་སྟོང་གཙུག་གི་ནོར་བུ་ཡིས། །འཇམ་མགོན་ཞབས་ཀྱི་འདམ་སྐྱེས་རྟག་མཆོད་པ། །བདག་ཀྱང་ཁྱོད་ཀྱི་ཞབས་རྡུལ་སྤྱི་བོས་ལེན། །སངས་རྒྱས་ཀུན་གྱིས་རྟག་ཏུ་རབ་བསྔགས་ཤིང༌། །ས་བཅུའི་རྒྱལ་སྲས་རྣམས་དང་རང་རྒྱལ་གཙོ། །དགྲ་བཅོམ་ཆེན་པོ་ཀུན་གྱིས་རྟག་བསྟོད་མོད། །བདག་ཀྱང་སྙན་ངག་མེ་ཏོག་སྙིམ་པས་མཆོད། །རྒྱལ་བ་ཀུན་གྱིས་རྟག་ཏུ་དགོངས་གྱུར་ཅིང༌། །འཕགས་པའི་ཚོགས་ཀྱི་ཐེ་ཚོམ་གཅོད་པ་པོ། །སྐྱེ་དགུ་རྣམས་ཀྱི་སྐྱབས་གྱུར་བཅོམ་ལྡན་འདས། །དད་པས་རྟག་ཏུ་བདག་ནི་སྐྱབས་སུ་མཆི། །བཙོ་མ་གསེར་དང་གུར་གུམ་མདངས་འདྲ་ཞིང༌། །རལ་གྲི་ཨུཏྤལ་གླེགས་བམ་གྱིས་མཛེས་པ། །རལ་པའི་ཅོད་པཎ་རིན་ཆེན་དར་གྱིས་བརྒྱན། །སྣ་ཚོགས་གདན་སྟེང་བརྗིད་པས་བཞུགས་ལ་འདུད། །རབ་དཀར་ཨནྡ་རྙིལ་དང་མརྒད་མཚུངས། །ལི་ཁྲིའི་མདོག་མཚུངས་ཕྱེད་གཟུགས་དུ་མའི་མདངས། །ནམ་མཁའི་ཁམས་ཀུན་གོམ་པ་གཅིག་གིས་གནོན། །ཕྱག་མཚན་དུ་མས་སྒེག་ལ་བདག་ཕྱག་འཚལ། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཡབ་གྱུར་ཀྱང༌། །བྱིས་པའི་གཟུགས་འཛིན་གཞོན་ནུའི་མཚན་ལྡན་ཞིང༌། །རབ་བགྲེས་འཇིག་རྟེན་དབང་ཕྱུག་རྡོ་རྗེ་འཛིན། །ཀུན་གྱི་བླ་མར་མཛད་ལ་མགོས་ཕྱག་འཚལ། །འཇམ་པའི་མཚན་ལྡན་རབ་ཏུ་ཞི་བ་ཡིས། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་མོད་ཀྱི། །གདུག་ཅིང་གཏུམ་པའི་འགྲོ་བ་བསྒྲལ་བའི་ཕྱིར། །གཤིན་རྗེ་འཇོམས་མཛད་ཁྱོད་ལ་མགོས་ཕྱག་འཚལ། །ཁྱོད་སྐུ་ཁྲོས་པའི་རྣམ་འཕྲུལ་མཐའ་ཡས་མཛོད། །གང་མཐོང་ཁྲོ་བོ་ཀུན་གྱི་ལག་ཆ་ཤོར། །བདུད་དང་ལོག་འདྲེན་ཀུན་གྱི་སྙིང་རབ་གས། །ངན་འགྲོའི་སྡུག་བསྔལ་སྐེམ་པའི་དཔལ་ལ་འདུད། །ལ་ལར་དཀྱིལ་འཁོར་གཙོ་བོ་ལ་ལར་འཁོར། །ལ་ལར་སངས་རྒྱས་གྱུར་ནས་ཞིང་རྣམས་སྐྱོང༌། །རྒྱལ་བའི་སྲས་ལ་སངས་རྒྱས་སྤྲུལ་པ་འགྱེད། །ཞིང་ཁམས་དུ་མ་བ་སྤུའི་བུ་གར་སྣང༌། །རང་རྒྱལ་དགྲ་བཅོམ་དང་ནི་བརྟུལ་ཞུགས་བཟང༌། །ལ་ལར་ཚངས་དབང་འཇུག་སེལ་ལ་སོགས་པ། །རྣམ་འཕྲུལ་མཐའ་ཡས་མཛད་པ་དུ་མ་ཡིས། །མ་ལུས་སེམས་ཅན་དོན་མཛད་ཁྱོད་ལ་འདུད། །འཇམ་པའི་གསུང་ལྡན་རིག་བྱེད་དྲན་པའི་དབྱངས། །ཡི་གེ་ལྔ་ནི་ཆོས་རྣམས་ཀུན་གྱི་སྒོ། །བློ་མཆོག་ཡི་གེ་གཅིག་པའི་གསུང་གིས་ནི། །འགྲོ་བ་མཐའ་དག་སྒྲོལ་ལ་མགོས་ཕྱག་འཚལ། །ཨོཾ་གྱི་ང་རོ་འཇམ་པས་རབ་དྲངས་ནས། །དྲག་པོའི་ཡི་གེ་སུམ་ཅུ་གཉིས་ལ་སོགས། །རབ་ཟབ་རིག་སྔགས་དུ་མའི་ཚོགས་རྣམས་ཀྱིས། །གདུག་པའི་ཚོགས་འཇོམས་དབྱངས་ལ་བདག་ཕྱག་འཚལ། །ཆོས་སྐུ་རབ་ཏུ་ཞི་བ་འཇམ་པའི་ངང༌། །གཉིས་མེད་ལོངས་སྤྱོད་རྫོགས་པ་རྡོ་རྗེའི་སྐུ། །ཟུང་འཇུག་ཐུགས་རྗེ་ཆེན་པོས་འགྲོ་དོན་མཛད། །ཡེ་ཤེས་ལྔ་ཡི་ཐུགས་ལ་བདག་ཕྱག་འཚལ། །སངས་རྒྱས་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི། །མཚན་རྣམས་བསྐལ་པར་བརྗོད་པའི་བསོད་ནམས་པས། །འཇམ་དཔལ་ལན་ཅིག་བརྗོད་པ་ཆེས་མཆོག་ཅེས། །བདེན་པར་གསུང་གིས་བདག་ལ་བྱིན་གྱིས་རློབས། །སྐོམ་པས་ཉེན་པའི་འགྲོ་བ་དུ་མ་ཞིག །ཆུ་ཀླུང་ཆེན་པོའི་དྲུང་དུ་ལྷགས་གྱུར་ཏེ། །འཐུངས་པས་རབ་ཚིམ་དགའ་བར་གྱུར་མོད་ཀྱང༌། །ཆུ་ལ་བྲི་བར་གྱུར་བ་ཅུང་ཟད་མེད། །དེ་བཞིན་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་ལ། །རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྒྱལ། །སྐྱེ་བོའི་ཚོགས་ཀྱིས་བསྟོད་པར་གྱུར་མོད་ཀྱང༌། །ཡོན་ཏན་རྒྱ་མཚོ་མི་ཟད་ཁྱོད་ལ་འདུད། །སྲིད་པར་འདོད་པའི་སྡུག་བསྔལ་ཞི་མཛད་ཅིང༌། །རིགས་ཅན་གསུམ་ན་རང་རང་ས་ལ་འཇོག །ཀུན་ཀྱང་རིམ་གྱིས་སངས་རྒྱས་སར་འཇོག་པའི། །ཕྲིན་ལས་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་འཇམ་དབྱངས་བསྟོད་པའི་བསོད་ནམས་ཀྱིས། །མཁའ་མཉམ་སེམས་ཅན་ཀུན་གྱི་སྣང་བ་ལ། །འཇམ་དབྱངས་ཡེ་ཤེས་ཉི་མ་ཤར་གྱུར་ཏེ། །འགྲོ་བའི་མ་རིག་དཔྱིས་འབྱིན་བྱེད་པར་ཤོག །སྐྱེ་བོ་བདག་འཛིན་མུན་པས་རབ་གཡོགས་ནས། །སྤྲོས་བྲལ་ཐར་པའི་བདེ་གནས་མི་ཤེས་པ། །དེ་དག་ཀུན་ལ་ཟུང་འཇུག་བདེ་བའི་ལམ། །ཡེ་ཤེས་སྒྲོན་མ་རྟག་ཏུ་སྟོན་པར་ཤོག །བྱང་ཆུབ་སེམས་ཀྱི་རིན་ཆེན་ལས་བྱུང་བའི། །བདག་ཀྱང་བློ་མཆོག་འཇམ་དབྱངས་ཉིད་གྱུར་ནས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །དྲི་མེད་སངས་རྒྱས་ས་ལ་འཇོག་པར་ཤོག །རྗེ་བཙུན་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་རྒྱུད་གསུམ་གྱི་འཁོར་ལོ་ཞེས་བྱ་བ་ཤཱཀྱའི་དགེ་བསྙེན་ཐེག་པ་མཆོག་གི་རྣལ་འབྱོར་པ་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བ་འདི་ཡོངས་སུ་རྫོགས་སོ། །ཉེས་པ་མཆིས་ན་བླ་མ་དམ་པ་རྣམས་ཀྱི་སྤྱན་སྔར་བཤགས་ཤིང༌། དགེ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་སུ་བསྔོའོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*