མི་གཡོ་བའི་བསྟོད་པ་འཐད་ལྡན།

༼ཏ༽

༄༅། མི་གཡོ་བའི་བསྟོད་པ་འཐད་ལྡན་བཞུགས།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། དད་པས་བླ་མའི་ཞབས་ལ་ཕྱག་བྱས་ནས། །མི་གཡོ་མི་བསྐྱོད་མི་འཁྲུག་བརྟན་པ་པོ། །མཁའ་མཉམ་སེམས་ཅན་འདུལ་བར་མཛད་པའི་ཕྱིར། །ཐུགས་རྗེའི་ཁྲོ་ཆེན་རྒྱལ་པོར་བསྟོད་པར་བགྱི། །ཆོས་ཉིད་རང་བཞིན་ནམ་མཁའི་མདངས་ལྡན་ཞིང༌། །རོ་གཅིག་དབུ་དང་བདེན་གཉིས་ཕྱག་ཞབས་མཛེས། །མཐོན་མཐིང་རལ་པའི་ཅོད་པཎ་ཚོགས་ཀུན་རྫོགས། །ཉི་མ་མཐའ་ཡས་གཟི་ལྡན་ཁྱོད་ལ་འདུད། །དྲང་སྲོང་ཆེན་པོ་ཁྲོ་ཚུལ་རབ་ཏུ་གྲིམས། །སྤྱན་གསུམ་འཇིག་དུས་མེ་ཡི་འོད་དང་མཚུངས། །ཐུགས་རྗེའི་རབ་ཁྲོས་མཆེ་བས་མ་མཆུ་མནན། །ཆུ་བདག་རིན་ཆེན་གྱིས་བརྒྱན་ཁྱོད་ལ་འདུད། །ཤེས་རབ་རལ་གྲིས་བདུད་དཔུང་ངེས་འཇོམས་གཡས། །སྡིགས་མཛུབ་ཞགས་པས་ཉོན་མོངས་ཚོགས་འཇོམས་གཡོན། །བདུད་ཀྱི་སྙིང་གར་གཡོན་པའི་ལྷ་ང་བཙུགས། །དཔའ་བོའི་གར་གྱིས་བཞུགས་ལ་བདག་ཕྱག་འཚལ། །ཐུགས་ཀྱི་བདག་པོས་སྤྱི་བོར་རབ་བརྒྱན་པ། །ཡི་གེ་བཅུ་པས་སྲིད་གསུམ་ཟིལ་མནན་ཞིང༌། །ཉོན་མོངས་སྲེག་མཛད་མེ་ཡི་དབུས་ན་བརྗིད། །འཁྲུལ་བྱེད་བཅོམ་ལྡན་གཙོ་ལ་མགོས་ཕྱག་འཚལ། །སྤྲུལ་པ་སྐུ་ལྔ་གཉིས་མེད་སྐུ་བཅུའི་དངོས། །མཐའ་ཡས་སྐུ་ལྔ་ཡེ་ཤེས་ལྔ་ཡི་མདོག །རེ་རེའང་ཁ་དོག་དུ་མའི་མདངས་ལྡན་ཞིང༌། །ཞི་དང་སྒེག་དང་རབ་ཁྲོས་མཛད་ལ་འདུད། །མཐའ་ཡས་དབུ་རྣམས་འཛུམ་དང་བཞད་ཅིང་ཁྲོ། །མཐའ་ཡས་སྤྱན་ལྡན་སྤྱན་གསུམ་གཉིས་དང་གཅིག །སྤྱན་མེད་དཔྲལ་བའི་མཆེ་བས་དོན་ཀུན་འགྲུབ། །ལྗགས་འདྲིལ་རབ་གཙིགས་མ་མཆུ་མནན་ལ་འདུད། །ཕྱག་རྣམས་དུ་མས་ཕྱག་མཚན་མཐའ་ཡས་འཛིན། །ཞབས་རྣམས་དུ་མས་དཔའ་བོའི་བཞུགས་སྟངས་དང༌། །ཕྱེད་ཀྲུང་བརྐྱང་བསྐུམ་སྒེག་ཅིང་ལྡེམ་པ་ཡིས། །བདུད་དང་ལོག་འདྲེན་གནོན་ལ་བདག་ཕྱག་འཚལ། །རིན་ཆེན་མི་རུས་མི་མགོ་སྦྲུལ་གྱིས་བརྒྱན། །མི་དང་སེང་གེ་གླང་ཆེན་སྟག་ལྤགས་དང༌། །སྣ་ཚོགས་དར་གྱི་ན་བཟས་རབ་མཛེས་ཤིང༌། །དཔའ་བོ་ངུར་སྨྲིག་བསྣམས་ལ་བདག་ཕྱག་འཚལ། །ཨ་ཌ་ཧ་ས་ཧ་སས་རབ་བཞད་ཅིང༌། །ཧཱུྃ་ཧཱུྃ་ཊ་ཊས་བདུད་ཀྱི་ཀླད་པ་འགེམས། །སྭཱ་ཧཱས་སྡུག་བསྔལ་ཅན་རྣམས་སྐྱོབ་མཛད་པ། །སྣ་ཚོགས་གསུང་གིས་འགྲོ་དོན་མཛད་ལ་འདུད། །རང་བཞིན་ཆོས་སྐུའི་དབྱིངས་ལས་མི་བསྐྱོད་ཅིང༌། །ཡེ་ཤེས་ལྔ་ཡི་ཐུགས་ནི་བརྟན་པ་པོ། །ཐུགས་རྗེ་ཆེན་པོ་ཉིད་ལས་མི་གཡོ་བ། །མཚན་དོན་ཐུགས་ཀྱི་དབྱིངས་ལ་བདག་ཕྱག་འཚལ། །ཁྱོད་ནི་སངས་རྒྱས་ཀུན་གྱིས་སྤྲུལ་པའི་ཕྱིར། །བདེ་གཤེགས་ཀུན་གྱི་ཡོན་ཏན་ཁྱོད་ཡིན་པས། །ཁྱོད་ཀྱི་ཡོན་ཏན་བརྗོད་པར་སུ་ཡིས་ནུས། །མཁའ་མཉམ་ཡོན་ཏན་ཚོགས་མངའ་ཁྱོད་ལ་འདུད། །སངས་རྒྱས་ཀུན་གྱི་བྲན་དུ་ཞལ་བཞེས་ནས། །ཁྱོད་ཀྱི་ཕྲིན་ལས་རྒྱལ་བ་ཀུན་མཆོད་ཅིང༌། །སངས་རྒྱས་ཀུན་གྱི་ཐུགས་དགོངས་རྫོགས་མཛད་ཕྱིར། །མཁའ་མཉམ་སེམས་ཅན་སྒྲོལ་མཛད་ཁྱོད་ལ་འདུད། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་སྒེག་པའི་སྐུ། །བདུད་དང་ལོག་འདྲེན་མ་ལུས་འདུལ་མཛད་པ། །ཤིན་ཏུ་རབ་ཁྲོས་ཁྲོ་གཉེར་མི་སྡུག་པ། །རྣམ་འཕྲུལ་དུ་མའི་སྐུ་ལྡན་ཁྱོད་ལ་འདུད། །དབྱངས་དང་གསལ་བྱེད་ང་རོས་རབ་བཞད་ཅིང༌། །དེ་དག་ལས་བཏུས་རིག་སྔགས་དུ་མ་ནི། །དྲག་ཤུལ་དང་བཅས་འཇིགས་སུ་རུང་བ་ཡིས། །བདུད་རྣམས་འཇོམས་མཛད་དབུ་ལྡན་ཁྱོད་ལ་འདུད། །ཐུགས་རྗེས་སེམས་ཅན་མཐའ་ཡས་ཚོགས་བསྒྲལ་ཞིང༌། །སངས་རྒྱས་ཀུན་དང་མཉམ་པའི་ངམ་པ་ཅན། །ཆོས་སྐུ་ཞི་བའི་ངང་ལས་མི་བསྐྱོད་ཐུགས། །ཉམས་དགུའི་ཡོན་ཏན་ལྡན་ལ་བདག་སྐྱབས་མཆི། །ཁྱོད་སྐུ་དྲན་ཞིང་གསུང་གི་རིག་སྔགས་ཀྱིས། །བདག་གི་ཉོན་མོངས་སྡུག་བསྔལ་བསལ་མོད་ཀྱི། །ཁྱོད་སྐུ་དྲན་པས་བཏང་སྙོམས་བགྱིས་ལགས་གང༌། །ཐུགས་རྗེའི་མངའ་བདག་ཁྱོད་ལ་བཟོད་པར་གསོལ། །འོན་ཀྱང་བདག་གིས་གང་ལ་འབད་གྱུར་པ། །མི་བསྐྱོད་ཐུགས་ཀྱི་རིགས་གྱུར་འབའ་ཞིག་སྟེ། །མི་གཡོ་བརྟན་པའི་རང་བཞིན་ཁྱོད་ཉིད་པས། །འདི་ལ་བཟོད་གསོལ་ཅི་འཚལ་བྱིན་གྱིས་རློབས། །འདི་ལྟར་བུ་ཚ་རབ་ཏུ་སྡུག་བསྔལ་བས། །ཇི་ལྟར་ཁྲོས་ཀྱང་ཕ་མར་རབ་བརྩེ་ཞིང༌། །ཕན་པའི་གནས་ལ་རབ་ཏུ་འཇོག་པ་ལྟར། །བདག་ལ་རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །ལོ་འགའ་བཏང་སྙོམས་བཟོད་པར་གསོལ་བ་དང༌། །དཔལ་ཆེན་འོད་པོས་གསོལ་བ་བཏབ་གྱུར་ནས། །ཐུགས་རྗེའི་ཁྲོ་ཆེན་རྒྱལ་པོར་བསྟོད་བགྱིས་པའི། །དགེ་དེས་འགྲོ་ཀུན་ཁྱོད་དང་མཉམ་པར་ཤོག །རྗེ་བཙུན་མི་གཡོ་མགོན་པོའི་བསྟོད་པ། རིམ་པ་གསུམ་པ་འཐད་པར་ལྡན་པ་ཞེས་བྱ་བ། ཤཱཀྱའི་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་ཉེ་བར་སྦྱར་བའོ། །རྫོགས་སོ།། །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*