དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀ

༼ཏ༽

༄༅། །དཔའ་བོ་གྲུབ་པའི་རྒྱུད་ཀྱི་ཊཱི་ཀ་བཞུགས།། 

༄༅། །ཨོཾ་སྭ་སྟི་སིདྡྷཾ། རིན་ཆེན་ལྟ་བུའི་བླ་མ་མཆོག་རྣམས་དང༌། །བློ་གྲོས་མཐའ་ཡས་འཇམ་པའི་རྡོ་རྗེ་ལ། །གུས་པའི་བཏུད་ནས་དཔའ་བོ་གྲུབ་པ་ཡི། །མན་ངག་གནས་རྣམས་རིམ་གྱིས་བཏུ་བར་བྱ། །དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བའི་བཀའ། འཇམ་དཔལ་ལ་གནང་སྟེ་དེ་ལ་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་བ་བཏབ་ནས། འཇམ་དཔལ་གྱིས་ཀྱང༌། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་ལམ་བསྙེན་ཡང་གྲུབ་པས་ན་གྲུབ་པའི་གསང་སྔགས་ཞེས་བྱ་བ་རྣལ་འབྱོར་གྱི་རྒྱུད་དང་རྗེས་སུ་མཐུན་པར་བསྡུས་ནས་གསུངས་པ་ཡིན་ནོ། །འདི་ལ་ཁ་ཅིག་བྱ་བའི་རྒྱུད་དུ་འདོད་པ་དེ་ནི་མ་ཡིན་ཏེ། བདག་གི་རྣལ་འབྱོར་མང་དུ་བསྟན་པ་དང༌། སྤྱོད་པ་ཅི་བདེ་བས་འགྲུབ་པ་མང་དུ་བསྟན་པའོ། །སྤྱིའི་དོན་ཏོ། །བསྡུ་ན་གླེང་གཞི་དང་རྒྱུད་ཀྱི་གཞུང་གཉིས་སོ། །དང་པོ་ལ་གསུམ། གང་གིས་གསུངས་པའི་སྟོན་པ། རྒྱུད་གསུངས་པའི་རྒྱུ་མཚན་དང་བཅས་པ་དང༌། སྔགས་དང་ལྷ་ཐ་དད་མེད་པར་བསྒྲུབས་ནས་དངོས་གྲུབ་རབ་འབྲིང་གསུམ་རིམ་གྱིས་འགྲུབ་པ་དང༌། ཞུ་བ་པོ་གང་གིས་ཞུས་ཤིང་གསུངས་པའི་རྒྱུད་དང་བཅས་པའོ། །རྒྱུད་ཀྱི་གཞུང་ལ་ལེའུ་བཞིར་གནས་པ་ལས། ལེའུ་དང་པོ་གསང་སྔགས་ཉི་ཤུ་ཐམ་པའི་སྒོ་ནས་ལས་སྣ་ཚོགས་མང་པོ་འགྲུབ་པ་དང༌། ལེའུ་གཉིས་པས་སྔགས་དང་ལྷའི་རྣལ་འབྱོར་ཉི་ཤུའི་སྒོ་ནས་ལས་ཚོགས་དུ་མ་འགྲུབ་པ་དང༌། ལེའུ་གསུམ་པས་སྔགས་དང་ལྷའི་རྣལ་འབྱོར་བཅུ་གཉིས་ཀྱི་སྒོ་ནས་ལས་ཚོགས་དུ་མ་འགྲུབ་པ་དང༌། ལེའུ་བཞི་པས་སྔགས་དང་ལྷའི་རྣལ་འབྱོར་བཞིའི་སྒོ་ནས་ལས་ཀྱི་ཚོགས་དུ་མ་འགྲུབ་པར་བསྟན་པ་ཡིན་ནོ། །རྒྱུད་འདི་ལ་ཡང་རྗེས་སུ་ཡི་རང་བ་ལ་སོགས་པ་མཇུག་གི་ཚིག་མི་སྣང་བའི་ཕྱིར། ད་དུང་རྒྱུད་ཀྱི་ལྷག་མ་ཡོད་པ་ཡིན་ནོ་གསུང༌། བསྡུས་པའི་དོན་བསྟན་ཟིན་ཏོ།།  །།ད་ནི་མན་ངག་གི་གནས་གང་དགོས་པ་རིམ་གྱིས་བརྗོད་པར་བྱ་སྟེ། ཐམས་ཅད་ཀྱང་མ་བསྙེན་པར་ལས་འགྲུབ་པས་ན། གྲུབ་པའི་གསང་སྔགས་ཞེས་བྱ་བར་བཞེད་ཀྱང་སྔོན་དུ་བསྙེན་པ་བྱས་ན་འགྲུབ་པ་ཡིན་པས། གསང་སྔགས་གང་ཟློས་ཀྱང༌། སྔོན་དུ་དཀོན་མཆོག་གསུམ་ལ་དད་ཅིང་གུས་པས་སྐྱབས་སུ་འགྲོ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་ལ། དེའང་སེམས་ཅན་གྱི་དོན་ལ་རག་ལས་པས་ན་གསང་སྔགས་ཀྱི་རྒྱལ་པོ་འདི་དག་གིས་ཕྲིན་ལས་བསྒྲུབས་ལ། སེམས་ཅན་གྱི་དོན་བྱ་སྟེ། དེ་ལ་བརྟེན་ནས་དེ་དག་གི་དོན་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ནི་ཐམས་ཅད་ལ་འཇུག་པར་ཤེས་པར་བྱའོ། །དེ་ནས་ལྷའི་རྣལ་འབྱོར་ནི་གཞུང་ན་དངོས་སུ་ཡོད་པའམ་མན་ངག་གིས་ཁ་བསྐངས་ཏེ་བསྟན་པ་རྣམས་ཐམས་ཅད་ལ་རང་གི་ཡི་དམ་ཀྱི་ལྷའམ། འདི་ཉིད་ཀྱི་ལེའུ་གསུམ་པ་ནས་འབྱུང་བ་ལྟར་བཅོམ་ལྡན་འདས་དཔའ་བོ་གཅིག་ཏུ་གྲུབ་པའི་འཇམ་པའི་རྡོ་རྗེ་ཉིད་བསྒོམས་ལ། སྔོན་དུ་བསྙེན་པ་འབུམ་ལ་སོགས་པ་བྱ་སྟེ། དེ་ནས་གཞུང་ནས་འབྱུང་བའི་ལས་རྣམས་ལ་འཇུག་པར་བྱའོ། །ཐམས་ཅད་ཀྱི་ཐུན་མོང་གི་དོན་ཏོ།།  །།གསང་སྔགས་དང་པོའི་སྐབས་ནས་ལེགས་པར་བཟླས་ནས་ཞེས་བྱ་བའི་མན་ངག་སྐད་ཅིག་མའི་རྣལ་འབྱོར་གྱིས། ནམ་མཁའ་ལྡིང་སྐུ་མདོག་སྔོན་པོ་གཡས་པས་སྐྱབས་སྦྱིན། གཡོན་པས་སྡིགས་མཛུབ་མཛད་པའི་ང་རྒྱལ་དུ་བྱས་ལ། མ་ཡེངས་པའི་སེམས་ཀྱིས་སྔགས་བཟླས་སོ། །ཙཀྲའི་ལྟེ་བ་དང་མུ་ཁྱུད་ལ་སྔགས་འདི་བྲིས་ལ་བཅང་བར་བྱའོ། །སྔགས་གཉིས་པའི་མན་ངག་ཀྱང་ལྷའི་རྣལ་འབྱོར་དེ་ཉིད་ཡིན་ཞིང༌། མ་ཡེངས་པར་འབུམ་དུ་བསྙེན་ལ། ལག་པ་གཉིས་སམ་ཐོད་པ་ཁ་སྦྱར་གྱི་བར་དུ་རྡོ་རྒྱུས་བཞག་སྟེ་སྔགས་སྟོང་བཟླས་ལ། རླུང་ནང་དུ་བཟུང་ནས་རྔ་ཁ་གཅིག་པའི་ལོགས་ལ་སྔགས་བྲིས་ཏེ་སྔགས་བཟླས་ཏེ་རྔ་ལྕག་གིས་བྲབ་པར་བྱའོ། །ཡང་ན་རྡོ་བ་ལ་མཚལ་གྱིས་ཨོཾ་ནས་བཟུང་སྟེ་སྭཱ་བར་རྩིབས་ལ། ཧཱ་དབུས་སུ་བྲི། མུ་ཁྱུད་ལ་གོང་གི་ཀ་ལུ་མེ་ལུ་བྲི་བའམ། མི་འདྲི་བ་གང་རུང་བྱས་ལ། གང་བསྲུང་བར་འདོད་པའི་ཕྱོགས་མཚམས་བརྒྱད་ཀྱི་མཐོའི་ནང་དུ་བཞག་སྟེ། ཙཀྲས་ནམ་མཁའ་མཐོང་བར་བྱ་བ་ཡིན་ནོ། །གསུམ་པ་མཛོད་སྤུའི་ནོར་བུ་འདི་ནི་བརྗོད་བྱའི་གཙོ་བོ་ཡིན་ཏེ་སྔགས་ཐམས་ཅད་ཀྱི་ནང་ན་མཆོག་གོ །འདི་ནི་ལེའུ་གསུམ་པའི་དཔའ་བོ་གྲུབ་པ་ཉིད་ཀྱི་རྣལ་འབྱོར་ལ་བརྟེན་ཏེ་བཟླས་པའམ། རང་རང་གི་ཡི་དམ་ལྷའི་རྣལ་འབྱོར་ཉིད་ཀྱིས་ཀྱང་འགྲུབ་སྟེ། གཞུང་ནས་བསྙེན་པ་འབུམ་ཕྲག་གཅིག་ཏུ་བཤད་ཀྱང༌། འབུམ་ཕྲག་བཅུ་གསུམ་མམ། ཉི་ཤུར་བསྙེན་པས་ལས་ཐམས་ཅད་འགྲུབ་པ་ཡིན་གསུང༌། འདི་གཅིག་པུ་ལ་ཕྱོགས་མཐུན་པའི་ལས་ཀྱི་ཡན་ལག་འགའ་རེ་ཕྱོགས་གཅིག་ཏུ་བྱས་ནས་གཅིག་ཏུ་བགྲངས་པའི་ལས་སུམ་ཅུ་སོ་གཅིག་ཡོད་དོ། །དེ་ལ་ལས་ཀྱི་དང་པོའི་འཁྲུལ་འཁོར་གྱི་མན་ངག་སྣ་ཚོགས་རྡོ་རྗེའི་རྭ་དབུས་མ་བཞི་ལ་ཧཱུྃ་རེ་བྲི། ལྟེ་བ་དང་བཅས་པའི་མུ་ཁྱུད་ཉིས་རིམ་བྱ། ལྟེ་བ་ལ་ཧེ་ཏིཥྛ་ལ་སོགས་པ་མུ་ཁྱུད་དང་པོ་ལ་ག་རུ་ཌ་ལ་སོགས་པ། མུ་ཁྱུད་གཉིས་པ་ལ་ཀ་ལི་མི་ལི་ལ་སོགས་པ། སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཕྱོགས་སུ་ཟུར་བསྟན་པའི་སའི་དཀྱིལ་འཁོར་གྲུ་བཞི་པའི་རྩེ་མོར་རྡོ་རྗེ་ཕྱེད་པ་རེ། མཚམས་སུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་རེ་རེ་བྲི། དེའི་ཕྱི་རོལ་གྱི་མཚམས་སུ་ཟུར་བསྟན་པའི་གྲུ་བཞི་པས་ཁྱམས་བཅད་ལ་ཟུར་བཞིར་རྡོ་རྗེ་ཕྱེད་པ་རེ་བྲི་བར་བྱའོ། །དེའང་ལྟེ་བ་དཀར་པོ་མུ་ཁྱུད་དང་པོ་དམར་པོ། གཉིས་པ་ལྗང༌། སྣ་ཚོགས་རྡོ་རྗེའི་རྭ་བཞི་པོ་ཕྱོགས་མདོག གྲུ་བཞིའི་གཞི་སེར་པོ། མེ་རི་དམར་པོ། ཕྱི་རོལ་གྲུ་བཞི་ལྗང་གུ། རྡོ་རྗེ་བརྒྱད་པོ་ནག་པོ། འདི་ཤིང་བུ་ལ་སོགས་པ་ལ་བྲིས་ལ་སྲ་རྩི་བཏང་སྟེ་རབ་གནས་པ་བྱ་སྟེ་འདི་བསྟན་པ་ཙམ་གྱིས་སེར་བ་ཆད་དོ་གསུང་ངོ༌། །ལས་གཉིས་པའི་མན་ངག་བདག་གི་སྙིང་གའི་ས་བོན་ལས་འོད་འཕྲོས་ནས་གདུག་པ་ཅན་ཐམས་ཅད་ཀྱི་མཆུ་བཅིངས་པར་བསམ་ཞིང་གསང་སྔགས་བཟླས་པར་བྱའོ། །གསུམ་པ་ནི། བྱེ་མའམ་ཡུངས་ཀར་ལ་རབ་ཏུ་བཟླས་ཏེ་གདུག་པ་ཅན་ཐམས་ཅད་ཀྱི་ཕྱོགས་སུ་གཏོར་བའོ། །བཞི་པ་ནི་དུར་ཁྲོད་ཀྱི་རས་ལ་སྔགས་ཉིད་མིང་ཅན་བྲི་བའམ། ཙཀྲ་འདྲི་ན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་སྔགས་མིང་ཅན་བྲི་བ་དང༌། བུད་མེད་ཀྱི་དཔུང་པ་ལ་སྐུད་པ་སེར་པོ་གདགས་སོ། །བཅུ་གསུམ་པའི་བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་ཞེས་བྱ་བ་ནི། བླ་གོས་ལ་སོགས་པ་ལག་པའི་སྟེང་དུ་བཞག་ལ། སྔགས་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿབསམ། དེའི་འོད་ཟེར་གྱིས་གནོད་བྱེད་བཀུག་ལ། གོས་ཀྱི་དབུས་སུ་བཞག་པར་བསམས་ལ་དབུགས་བསྡམས་ཏེ། ཡིད་ཀྱིས་སྔགས་ཟློས་ཤིང་གོས་ལ་མདུད་པ་བཅིང་བར་བྱའོ། །བཅོ་ལྔ་པ་དང་བཅུ་དྲུག་པའི་འཁྲུལ་འཁོར་ནི་གཞུང་ཉིད་ནའང་གསལ་མོད་ཀྱི། ཡི་གེ་མངས་པས་འཇིགས་པས་འཁྲུལ་འཁོར་ཉིད་དུ་བལྟ་བར་བྱའོ། །ཉི་ཤུ་གཉིས་པའི་སྐབས་སུ་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་གཏང་ཞེས་པ་ནི་དཔུང་པ་བཟང་པོ་བཞིན་ཆ་གཉིས་པར་བྱའོ། །དེ་ཉིད་ཀྱི་ལས་ཀྱི་སྐབས་སུ་སྦྱིན་སྲེག་བྱ་བ་ལ་རྒྱུད་འདིའི་སྦྱིན་སྲེག་ཐམས་ཅད་ཀྱི་མན་ངག་ནི་འདི་ཡིན་ཏེ། ལས་བཞིའི་ཐབ་སྤྱི་དང་མཐུན་པར་བྱ། ཅི་འབྱོར་པའི་ཤིང་བརྩིགས། རང་རང་གི་ཐད་སོ་ནས་འབྱུང་བའི་བསྲེག་རྫས་དང་པཱུ་ཛ་མདུན་དུ་བཞག མེ་སྦར་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསངས། ཐབ་ཏུ་སྐད་ཅིག་མས་མེ་ལྷ་ཞལ་གཅིག་ཕྱག་གཉིས་པ་ར་ལ་ཞོན་པ་དབྱུ་གུ་དང་གུནྡྷེ་འཛིན་པ་དགུག ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པས་རྫས་ཕུད་ཀྱི་སྦྱིན་སྲེག་ལན་བདུན་ཙམ་དབུལ། དེ་འབར་བའི་རྣམ་པར་གྱུར་པ་དང་རང་རང་གི་ལྷའམ་དེ་མེད་པ་རྣམས་ལ་ཡི་དམ་གྱི་ལྷ་སྐད་ཅིག་མས་བསྐྱེད། མཆོད་ལ་བསྲེག་རྫས་མང་དུ་ཕུལ་ཏེ་འདོད་པའི་དོན་ལ་གསོལ་བ་བཏབ་ལ་གཤེགས་སུ་གསོལ། འཇིག་རྟེན་པའི་མེ་ལྷ་བསྐྱེད་ལ་ལྷག་མ་སྦྱིན་ནོ། །འདོད་པའི་དོན་ལ་གསོལ་བ་བཏབ་ལ། རང་བཞིན་གྱི་གནས་སུ་བཏང་བ་སྟེ་གོང་འོག་ནས་འབྱུང་བའི་སྦྱིན་སྲེག་ཐམས་ཅད་ལ་སྦྱར་རོ། །ཉི་ཤུ་དྲུག་པ་དང་བདུན་པ་གཉིས་ལ་སྔགས་རང་བྲི་བའམ་ཙཀྲ་སྔགས་ཅན་བྲི་བ་སྟེ། ཙཀྲ་ནི་གསུམ་པར་གསལ་ཏེ་འོན་ཀྱང་དཔེ་ཆུང་བལྟ་བར་བྱའོ། །གསང་སྔགས་བཅུ་གསུམ་པ་ལ་ཨོཾ་ཨ་མ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བྱ་བའི་མན་ངག་ནི། སྐད་ཅིག་མས་བདག་གི་སྤྱི་བོར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཕྱག་གཡས་པ་མཆོག་སྦྱིན། གཡོན་པས་རྨ་བྱའི་མཇུག་སྒྲོ་འཛིན་པ་བསྒོམས་ལ། སྔགས་བཟླས་ཏེ་ཐུན་ཐོན་པ་དང༌། སྤྱི་བོ་ན་མར་ཐིམ་པའི་ཚུལ་གྱིས་སྔོན་དུ་བསྙེན་པ་བྱས་ལ་ལས་རྣམས་བསྒྲུབ་པའོ། །དེ་ཉིད་ཀྱི་ལས་བཞི་པ་ནི་རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱར་འཚོ་བར་འགྱུར་རོ་ཞེས་བྱ་བའི་མན་ངག་ནི་རྨ་བྱ་ཆེན་མོ་དེ་ཉིད་ཀྱི་ཕྱག་གཡས་པར་ཚེའི་བུམ་པ་འཛིན་པར་བསྒོམས་ལ། ཡེ་ཤེས་ཀྱི་བདུད་རྩིས་བདག་ལ་དབང་བསྐུར་བར་བསམ་ཞིང༌། ཐུན་འཇོག་ཀར་ཐིམ་ནས་ཚེ་མཆོག་ཏུ་གྱུར་པར་བསམ་མོ། །དེ་ཉིད་ཀྱི་ལས་བཅུ་གཅིག་པ་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །ཞེས་བྱ་བ་ལ། བུམ་པ་གཙང་མ་ཆུས་བཀང་ལ་དེའི་ནང་དུ་ཧྲཱིཿལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་རྨ་བྱ་ཆེན་མོ་བསམས་ལ། དེ་ལས་བདུད་རྩིའི་རྒྱུན་འཛག་པས་བུམ་པ་ཁེངས་པར་བསྒོམ་ཞིང༌། དེས་ཁྲུས་བྱས་ལ་དོན་བྱའོ། །གསང་སྔགས་བཅུ་བདུན་པ་རྗེ་བཙུན་མི་གཡོ་བའི་གདམས་ངག་རྣམས་ནི་པུས་བཙུགས་དང་ཞབས་བཞི་པའི་སྟེང་དུ་རྟོགས་པར་བྱ་བས་ན་འདིར་མ་བྲིས་སོ། །གསང་སྔགས་བཅུ་དགུ་པ་ཨོཾ་ཛམྦྷེ་མོ་ཏེ་ཞེས་བྱ་བའི་སྐབས་ཀྱི་ལས་དང་པོ་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་ཞེས་བྱ་བའི་མན་ངག་ནི། སྐྱེ་བོ་ཐམས་ཅད་ཡིད་དགའ་ཞིང༌། བསོད་སྙོམས་རྙེད་པར་བྱ་བའི་དོན་དུ་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་ཟངས་གཞོང་གི་ནང་དུ་ཆུ་བླུགས་ལ། དེའི་ནང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿལས་སྐད་ཅིག་གིས་ལྷ་མོ་རྨུགས་བྱེད་མ་སྐུ་མདོག་དམར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་རཏྣའི་རྒྱན་གྱིས་བརྒྱན་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམས་ལ་གསང་སྔགས་སྟོང་རྩ་བརྒྱད་བཟླས་ཏེ། ལྷ་མོ་ཞུ་བ་ལས་གྱུར་བའི་ཆུ་འོད་དམར་པོར་བསམས་ལ། དེའི་ཆུས་ལུས་ཐམས་ཅད་དམ་གདོང་ངམ་ལག་པ་ཁྲུས་བྱས་ལ་འགྲོ་བ་ཐམས་ཅད་ཡིད་དགའ་བར་བསམ་ཞིང༌། རང་གི་ཡི་དམ་གྱི་ལྷའི་རྟེན་དང༌། མཆོད་རྟེན་ནམ་པུ་སྟི་ལ་བསྐོར་བ་ལན་བདུན་བྱས་ལ་སྔགས་ཟློས་ཤིང་གྲོང་དུ་འཇུག་པར་བྱའོ། །དེ་ཉིད་ཀྱི་ལས་ལྔ་པའི་སྐབས་ན་རྟག་ཏུ་བཟླས་ན་ཞེས་པ་ནི་སྔོན་དུ་བསྙེན་པའི་སྐབས་ཡིན། ལྷ་མོ་རྨུགས་བྱེད་དམ། སྒྲོལ་མ་ཀུ་རུ་ཀུལླེའམ། ལེའུ་བཞི་པའི་སྐབས་ནས་འབྱུང་བའི་འཇིག་རྟེན་དབང་ཕྱུག་དམར་པོ་ཕྱག་བཞི་པ་གཙོ་འཁོར་གསུམ་པའི་ང་རྒྱལ་ལ་གནས་པའི་སྔགས་འབུམ་ཕྲག་བཞི་སྔོན་དུ་བཟླས་ན་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །ལེའུ་དང་པོའི་མན་ངག་རྣམས་སོ། །ལེའུ་གཉིས་པ་ལས་ཀྱང་སྔགས་ཉི་ཤུ་རྩ་གཅིག་གི་ལས་འབྱུང་བ་ལས་གསང་སྔགས་དང་པོའི་སྐབས་ནས་དཀྱིལ་འཁོར་བྱ་ཞིང་བུམ་པ་བཞག་ལ་ཞེས་པའི་མན་ངག་ནི། བུམ་པའི་མགུལ་ཆིངས་ལ་སོགས་པ་ལེགས་པར་བཅའ། ཆུ་གཙང་མས་དགང་བའི་ལྕི་བ་གསར་པས་དཀྱིལ་འཁོར་གྲུ་བཞི་བ་བྲིས་ལ། མེ་ཏོག་གི་སིལ་མ་བཀྲམ་པའི་སྟེང་དུ་བཞག རས་དཀར་པོས་བུམ་པའི་སྟེང་གཡོགས། དེའི་སྟེང་དུ་མེ་ལོང་གཙང་མ་བཞག བར་སྣང་དུ་བི་ལས་ལྷའི་བུ་དྲི་མ་མེད་པ་ཟླ་བ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཆོས་འཆད་པའི་ཕྱག་རྒྱ་ཅན། གསེར་གྱི་གདུགས་དང་དམག་གི་དཔུང་གིས་བསྐོར་བ་སྤྱན་དྲངས་ལ་པཱུ་ཛ་དང་གཏོར་མ་དབུལ། གསོལ་བ་བཏབ་ལ་མེ་ལོང་ལ་བསྟིམ་སྔགས་སྟོང་རྩ་བརྒྱད་བཟླས་ལ་མེ་ལོང་ལ་གདབ། ཁྱེའུའམ་བུ་མོ་གཙང་མ་གྲོང་བའི་ཆོས་ཀྱིས་མ་ཕོག་པ་ཁྲུས་བྱས་ཤིང་གོས་གཙང་མ་བསྐོན་ལ། ཙནྡན་གྱི་ཆུས་བླུགས་ཤིང་མེ་ཏོག་དྲི་ཞིམ་པོས་མགུལ་པ་བརྒྱན་པའི་མིག་གཉིས་ཨོཾ་ལས་བྱིན་གྱིས་བརླབས་ལ་སྔགས་བཏབ་སྟེ་མེ་ལོང་བལྟར་གཞུག དང་པོར་དམག་མཐོང༌། དེ་ནས་གསེར་གྱི་གདུགས་མཐོང་བ་དང་དྲི་བར་བྱའོ། །གསང་སྔགས་བདུན་པའི་སྐབས་ན་ཁམས་གསུམ་རྒྱལ་བའི་ཏིང་ངེ་འཛིན་ཞེས་བྱ་བ་ནི། བྱམས་སེམས་དང་ལྡན་པས་ཡི་གེ་ཧཱུྃ་ཙམ་ལས་སྐད་ཅིག་གིས་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་ནག་པོ་སྤྱན་གསུམ་པ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཕྱག་གཉིས་ཐུགས་ཀར་བསྣོལ་བའི་མཐེའུ་ཆུང་སྦྲེལ་བར་བསམས་ལ་སྔགས་བཟླས། ཤ་ཟ་ལ་གཏོར་མ་སྟེར་ན་ཡི་གེ་གསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་ལ་རང་གི་སྔགས་ཀྱིས་སྦྱིན་པར་བྱ་སྟེ། གོང་འོག་གི་གཏོར་མ་ཐམས་ཅད་ཀྱང་འདི་ཉིད་ཡིན་ནོ། །ལས་དགུ་པ་བུདྡྷ་ཙུ་རུ་ཞེས་པ་ལ་སོགས་པས་སྐྱེ་བ་བརྟག་པ་ནི། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ་སངས་རྒྱས་ཤཱཀྱ་ཐུབ་པའི་དྲུང་དུ་པཱུ་ཛ་བཤམས་ལ། དེ་དག་གིས་དཀོན་མཆོག་མཆོད་དེ་གསོ་སྦྱོང་ལ་གནས་པས་བསྙེན་པར་བྱའོ། །གཞུང་ལས་བསྙེན་པའི་ཆོ་ག་ཁྲི་བཟླས་ལ་ཞེས་འབྱུང་ཡང་འབུམ་ཕྲག་བཞི་བཟླས་ན་གཞུང་ནས་འབྱུང་བའི་ལས་རྣམས་འགྲུབ་པ་ཡིན་ནོ། །གསང་སྔགས་བཅུ་གཉིས་པའི་སྐབས་སུ་ཡི་གེ་འབུམ་བཟླས་པ་བྱས་ལ་ཞེས་པ་ནི། ཨོཾ་ཨ་ཏི་དེ་སྭཱ་ཧཱ་ཞེས་པ་ཡི་གེ་དྲུག་ཡོད་པས་དྲུག་འབུམ་བསྙེན་པ་བྱས་ལ་ལས་རྣམས་བསྒྲུབས་ཏེ། དེ་བ་དཱཏྟ་ལ་སོགས་པའི་སྔགས་ནི་གང་འདོད་པའི་མིང་འཇུག་པའི་སྐབས་ནི། ཕྱིས་བསྒྲུབ་པའི་དུས་སུ་འཇུག་པ་ཡིན་ནོ། །གསང་སྔགས་བཅུ་བདུན་པའི་བདག་ཉིད་ཛམྦྷ་ལའི་གཟུགས་སུ་ཞེས་པ་ནི། ཚོགས་གཉིས་བསག་པ་རྒྱས་པའམ། སྐྱབས་འགྲོ་དང་བྱང་ཆུབ་ཀྱི་སེམས་དང༌། སྟོང་པ་ཉིད་བསྒོམས་པ་ཙམ་ལས་པདྨ་དང་ཟླ་བའི་སྟེང་དུ་ཛྃ་མམ་ཛྃ་ལས་བྱུང་བའི་བི་ཛ་པཱུ་ར་ལས་ཛམྦྷ་ལ་བསྐྱེད། དེའི་སྙིང་གར་རང་རང་གི་སྔགས་སམ་བྃ་ཙམ་ལས་གཙོ་འཁོར་ལྔ་བསྐྱེད་པར་བྱ་སྟེ། དབུས་སུ་ནོར་རྒྱུན་མ། ཤར་དུ་དཔལ་ནོར་ཅན། ལྷོར་ནོར་གྱི་དཔལ་མོ། ནུབ་ཏུ་དཔལ་ནོར་གྱི་གདོང་ཅན། བྱང་དུ་དཔལ་ནོར་གྱི་བློ་གྲོས་མ་སྐུ་མདོག་དང་ཕྱག་མཚན་གཙོ་མོ་དང་མཐུན་པ་བསྐྱེད་ལ། སྔོན་དུ་བསྙེན་པ་འབུམ་ཕྲག་བཞི་བྱ། དེ་ནས་གཞུང་ནས་འབྱུང་བ་བཞིན་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །བཅུ་དགུ་པ་དང་ཉི་ཤུ་པའི་མངོན་པར་རྟོགས་པ་ནི། སྔོན་དུ་འགྲོ་བ་ཚོགས་གཉིས་བསག་པ་རྒྱས་བསྡུས་གང་རུང་བྱ། བྷྲཱུྃ་ལས་གཞལ་ཡས་ཁང་བསྒོམ། དབུས་སུ་པདྨ་འདབ་མ་བརྒྱད་པ་ལ་ནོར་རྒྱུན་མ་ལྷ་མོ་བརྒྱད་ཀྱིས་བསྐོར་བ་བསྒོམ་པ་དང༌། ཛམྦྷ་ལ་གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བསྒོམ་པ་དང་ཡབ་ཡུམ་གཉིས་སུ་མེད་པར་བསྒོམ་པ་སྟེ་སྒྲུབ་ཐབས་གསུམ་ཡིན་ནོ། །གང་ལྟར་ཡང་སྐྱེད་པའི་ཆོ་ག་ནི་རང་རང་གི་སྔགས་ཀྱིས་རིམ་པ་བཞིན་དུ་བསྐྱེད་པ་དང༌། བྃ་ལས་འབྲས་ཀྱི་སྙེ་མ་ལས་གཙོ་མོ་གྲུབ་པའི་ལྷ་མོ་རྣམས་བསྒོམ་ཞིང༌། ཛྃ་དང་བི་ཛ་པཱུ་ར་ལས་ཛམྦྷ་ལ་བསྐྱེད་པའི་དུས་སུ་གནོད་སྦྱིན་རྣམས་བསྐྱེད་པ་གང་རུང་ཡིན་ནོ། །དེ་ནས་ཡེ་ཤེས་པ་སྤྱན་དྲངས་ལ། བདག་ཉིད་མཆོད་བསྟོད་ནས། གཙོ་བོ་ཡབ་ཡུམ་གྱི་སྔགས་འབུམ་ཕྲག་བཞི་སྔོན་དུ་བསྙེན་པ་བྱས་ལ་ལས་རྣམས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟ་བུའི་བསྙེན་པ་མ་གྲུབ་ཀྱང་རུང་སྟེ། མཉེས་པར་བྱ་བའི་ཆོ་ག་ནི། གསེར་རམ། དངུལ་ལམ། ཟངས་སམ། ཤོག་བུ་ལ་པདྨ་འདབ་མ་བརྒྱད་པ་གཉིས་བྱ། གཅིག་ལ་གནོད་སྦྱིན་ཕོ་དགུ། གཅིག་ལ་གནོད་སྦྱིན་མོ་དགུ་བྲིས་པ་སྟེ། དེ་ཡང་གཟུགས་ཀྱི་སྙིང་གར་སྔགས་བྲི་བའམ། གཟུགས་མེད་ན་སྔགས་རང་བྲི་བ་གང་རུང་ཡིན་ནོ། །སྔགས་ལ་སྤེལ་ཚིག་ཡོད་པའམ་མེད་པ་གང་རུང་བྲི་སྟེ། སྤེལ་ཚིག་དང་བཅས་པ་ནི། ཨོཾ་བཛྲ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་མ་མ་དྷཱ་ནཾ་དེ་ཧི་དེ་ཧི་སྭཱ་ཧཱ། ཞེས་བྱ་བ་སྟེ། གཞན་རྣམས་ལའང་དེ་བཞིན་དུ་སྦྱར་བར་བྱའོ། །དེ་ལྟ་བུ་བྲིས་ལ་སྣོད་ཀྱི་ནང་དུ་མདུན་དུ་བཞག་ལ། པཱུ་ཛ་དང་གཏོར་མ་རྒྱ་ཆེན་པོ་བཤམས། བདག་ཡི་དམ་གྱི་ལྷར་བསྒོམ། ལྷ་བཅོ་བརྒྱད་སོ་སོ་རང་རང་གི་གནས་སུ་བསྐྱེད། ཡེ་ཤེས་སེམས་དཔའ་བཀུག་ལ་བསྟིམ། པཱུ་ཛ་དང་གཏོར་མ་རྒྱ་ཆེན་པོ་དབུལ། མར་དང་སྦྲང་རྩི་དང་ཤ་ཁ་རའི་ཆུས་ཁྱབ་པར་བསྐུ། དེ་ནས་ཐབས་ཤེས་རབ་གཉིས་སུ་མེད་པར་རྗེས་སུ་ཆགས་པའི་པཱུ་ཛ་བཅས་པར་བཤམས་ལ། རང་རང་གི་ཡབ་དང་ཡུམ་མ་འཁྲུལ་བར་ཡི་གེ་དང་ཞལ་རྣམས་ཐད་ཀར་སྦྱར་ལ། མོའི་ཙཀྲ་འོག ཕོའི་སྟེང་དུ་འབྱུང་ཞིང་ཕྱོགས་རྣམས་ཀྱང་མ་འཁྲུལ་བར་ཡོད་པར་བྱས་ལ་སྐུད་པ་སེར་པོས་རྒྱ་གྲམ་དུ་དཀྲིས་ལ་དེ་ཡང་ཟ་མ་ཏོག་ཆེན་པོའི་ནང་དུ་བཞག་ལ། མར་དང་སྦྲང་རྩི་དང་ཤ་ཁ་རས་ནུབ་པར་བྱས་ཏེ། དུས་རྒྱུན་དུ་མེ་ཏོག་དང་གཏོར་མ་ལ་སོགས་པས་མཆོད་པ་བྱས་ན་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྙིང་གར་ལྷ་ལྔ་བསྒོམ་པ་ལ་སྒྲུབ་ཐབས་གཅིག་དང༌། འདི་ལ་སྒྲུབ་ཐབས་མི་འདྲ་བ་གསུམ་ལོགས་ནའང་ཡོད་དོ། །ལེའུ་གཉིས་པའི་མན་ངག་རྣམས་སོ།།  །།ལེའུ་གསུམ་པ་ན་ལྷའི་རྣལ་འབྱོར་བཅུ་གཉིས་བཞུགས་ཏེ་ཐམས་ཅད་ལ་ཡང་སྔོན་དུ་འགྲོ་བའི་རྣལ་འབྱོར་ཚོགས་གཉིས་བསག་པ་རྒྱས་པར་བྱ་བའམ། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཀྱི་སེམས་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམས་པ་ཙམ་ལ་བརྟེན་པ་གང་རུང་ཡིན་ནོ། །སྟོང་པའི་ངང་ལས་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བསྐྱེད་པར་བྱ་སྟེ། དེ་ལ་དང་པོ་བཛྲ་ཏིཀྵྞ་ཞེས་པ་ལ་སོགས་པའི་སྔགས་བརྗོད་ཅིང་གདན་གྱི་སྟེང་དུ་བསམས་ཏེ་དེ་གྱུར་པ་ལས་དཔའ་བོ་གྲུབ་པ་བསྐྱེད་པར་བྱའོ། །གཉིས་པ་ཡང་ཨོཾ་བཱ་ཀྱེ་དཾ་ན་མ་ཞེས་བརྗོད་ཅིང༌། པདྨའི་སྟེང་དུ་བསམ། དེ་ཡོངས་སུ་གྱུར་པ་ལས། དཔའ་བོ་གྲུབ་པ་སྔ་མ་ལྟ་བུའི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པར་བསྐྱེད་པར་བྱའོ། །འདིའི་ལས་ཀྱི་ཚོགས་བརྒྱད་པའི་མིག་སྨན་སྒྲུབ་པའི་མན་ངག་ཀྱང་དུར་ཁྲོད་དུ་མི་མགོ་གསུམ་ལས་སྒྱེད་པུ་བྱ། དེའི་སྟེང་དུ་སྐྱེས་པའི་ཐོད་པའི་ནང་དུ་ཚིལ་ཆེན་དང་རོ་རས་ལ་མར་མེ་སྦར་ལ་བུད་མེད་ཀྱི་ཐོད་པས་ཁ་བཅད་དེ་དུད་པ་བླངས་ལ་སྣག་ཚ་བཞིན་སྦྱར་ཞིང༌། གསང་སྔགས་ཟླ། དེས་མིག་ལ་བྱུགས་ན་ལོ་ཀ་གསུམ་མཐོང་བར་འགྱུར་ཞིང༌། དཔྲལ་བར་ཐིག་ལེ་བྱས་ན་བདག་སུས་ཀྱང་མི་མཐོང་ལ། རྐང་པ་ལ་བྱུགས་ན་རྐང་མགྱོགས་གྲུབ་ཅིང༌། རྫས་དེས་གང་ལ་རེག་པའི་སྐྱེ་བོ་དེ་བདག་གི་དབང་དུ་འགྱུར་རོ། །གསུམ་པའང་ཨོཾ་ཧྲཱིཿཧཱུྃ་ཞེས་བརྗོད་ཅིང་གྱུར་པ་ལས་སྔ་མ་དང་འདྲ་བའི་སྐུ་བསྐྱེད་དོ། །བཞི་པ་ནི་ཨོཾ་ཧྲཱིཿཞེས་བརྗོད་ཅིང་གྱུར་པ་ལས་སྒྲོལ་མ་བསྒོམ་པར་བྱའོ། །དེ་གཉིས་ཀའི་ལས་ཀྱི་ཚོགས་ནི་གོང་དུ་བསྟན་པ་རྣམས་འགྲུབ་པ་ཡིན་ནོ། །ལྔ་པ་ལ་ཡང་ཨོཾ་ཏ་ཀྲི་ཏི་ཞེས་པ་ལ་སོགས་པས་སྟོང་པར་བསྒོམས་ལ། ཧྲཱིཿལས་པདྨ་དཀར་པོ་ཁྲུ་བདུན་གྱི་ཚད་དང་མཉམ་པའི་སྟེང་དུ། ཨ་ལས་ཟླ་བའི་དཀྱིལ་འཁོར། དེར་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་སྤྲོས་བསྡུས་གཅིག་ཏུ་གྱུར་པ་ལས་གཙོ་འཁོར་ལྔ་དུས་གཅིག་ཏུ་བསྒོམས་ལ། དབུས་སུ་ངག་གི་དབང་ཕྱུག་ཆེན་པོ། མདུན་དུ་ཤེས་རབ་མ། གཡས་སུ་ཡིད་གཞུངས་མ། རྒྱབ་ཏུ་བློ་ཆེན་མ། གཡོན་དུ་དྲན་པ་མ་བསྒོམས་ལ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་བསམ། དེ་ལས་བྱུང་བའི་ངག་གི་རང་བཞིན་མ་ལུས་པའི་ཕྲེང་བ་ཞེས་བྱ་བ། ཨཱ་ལི་ཀཱ་ལིའམ། ཨོཾ་འབའ་ཞིག ཨོཾ་ལས་སྐྱེས་པར་བསམ་ཞིང༌། ཨོཾ་མམ་ཨཱ་ལི་ཀཱ་ལི་གང་རུང་གཅིག་བཟླ་ཞིང༌། སྔོན་དུ་བསྙེན་པ་བྱའོ། །དྲུག་པ་ཨོཾ་མམ་བརྫུས་ཏེ་སྐྱེ་བའི་ཚུལ་གྱིས་དཀར་ཆེན་མོ་པདྨ་དང༌། མཆོག་སྦྱིན་གྱི་ཕྱག་རྒྱ་ཅན་མའོ། །བདུན་པ་ཀརྨ་ལི་ལ་སོགས་པ་བརྗོད་པ་ཙམ་གྱིས་དཔའ་བོ་གྲུབ་པ་གཙོ་འཁོར་ལྔ་བསྒོམ་པར་བྱའོ། །བརྒྱད་པའང་སྔགས་བརྗོད་པ་ཙམ་གྱིས་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་བསྒོམ་པར་བྱའོ། །དགུ་པའང་སྐད་ཅིག་གི་རྣལ་འབྱོར་གྱིས་ཨ་ར་པ་ཙ་ན་གཙོ་འཁོར་ལྔ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཨ་གྱུར་པ་ལས་ཙཀྲ་རྩིབས་བརྒྱད་པ་བསྒོམས་ལ། དབུས་སུ་དྷཱིཿ རྩིབས་བརྒྱད་ལ་ཨོཾ་ཨ་ར་པ་ཙ་ན་སྭཱ་ཧཱ། རྩིབས་མཆན་བརྒྱད་ལ་ཨཱ་ལི་བཅུ་དྲུག་གཉིས་གཉིས་སུ་བཅད་ལ་མུ་ཁྱུད་ལ་ཀཱ་ལི་བཀོད་དེ་བཟླས་པར་བྱའོ། །བཅུ་པ་དང་བཅུ་གཅིག་པ་ཉིད་ཀྱང་སྔགས་བརྗོད་པ་ཙམ་ལས་ངག་གི་དབང་ཕྱུག་གཙོ་འཁོར་ལྔ་བསྒོམ་པར་བྱའོ། །གཉིས་པ་རྡོ་རྗེ་རྣོན་པོ་ནི་ཡི་གེ་མུཿཡོངས་སུ་གྱུར་པ་ལས་བསྒོམ་པར་བྱའོ། །ཙཀྲ་གཅིག་ཡོད་དོ། །ཐམས་ཅད་ལ་ཡང་ཡེ་ཤེས་པ་གཞུག་པ་དང༌། དབུ་རྒྱན་རང་ཆས་སུ་བསྒོམ་པ་དང༌། བཟའ་བ་དང༌། གཉིད་དང༌། སྤྱོད་ལམ་ཐམས་ཅད་ལྷའི་ང་རྒྱལ་གྱིས་བྱ་སྟེ། ཐུན་མཚམས་སུ་གཏོར་མ་བཏང་སྟེ། བསྙེན་པ་བྱས་ན་རང་རང་གི་སྐབས་ནས་བཤད་པའི་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །ལེའུ་གསུམ་པའི་མན་ངག་གོ།  །།ལེའུ་བཞི་པ་ལ་ལྷའི་རྣལ་འབྱོར་བཞི་ཡོད་པ་ལས། དང་པོ་སྤྱན་རས་གཟིགས་ཀྱི་རྣལ་འབྱོར་ནི་ཧྲཱིཿཙམ་ལས་གཙོ་འཁོར་གསུམ་བསྐྱེད་པ་ནི། སྒྲོལ་མ་དང༌། ཁྲོ་གཉེར་ཅན་གཉིས་ཀྱང་སྐུ་མདོག་དང་ཕྱག་མཚན་གཙོ་བོ་དང་འདྲ་བའམ། སྒྲོལ་མ་ལྗང་གུ་གཡོན་ཨུཏྤ་ལ། ཁྲོ་གཉེར་ཅན་དཀར་མོ་གཡོན་དབྱུ་གུ་བསྣམས་པ། གཉིས་ཀའི་གཡས་མཆོག་སྦྱིན་དུ་བྱ་བའམ་གང་རུང་ཡིན་ནོ། །གཉིས་པ་ལྷའི་རྣལ་འབྱོར་ཀྱང་དེ་ཉིད་ཡིན། གསུམ་པ་ལྷའི་རྣལ་འབྱོར་དེ་ཉིད་ཀྱིས་བྱ་བའམ། ཧྲཱིཿལས་བྱུང་བའི་ཀུ་རུ་ཀུལླེ་དམར་མོ། དར་གྱི་ཤམ་ཐབས་ཅན། རཏྣའི་རྒྱན་གྱིས་བརྒྱན་པ། ཕྱག་དང་པོ་གཉིས་མདའ་གཞུ། གཡས་འོག་མ་སྐྱབས་སྦྱིན། གཡོན་ཨུཏྤ་ལ་དམར་པོ་འཛིན་པའོ། །བཞི་པའི་ལྷའི་རྣལ་འབྱོར་ཀྱང་དེ་ཉིད་དེ། ཙཀྲ་རྩིབས་བཅུ་དྲུག་པའོ། །སྔོན་འགྲོའི་རྣལ་འབྱོར་དང་རྗེས་ལ་བྱུང་བའི་ཆོ་ག་རྣམས་གོང་དུ། ལེའུ་གསུམ་པའི་རྣལ་འབྱོར་རྣམས་དང་མཐུན་ནོ།།  །།ལེའུ་བཞི་པོ་ཐམས་ཅད་ཀྱི་ཚིག་དོན་དང་མན་ངག་ཕལ་ཆེར་ནི། གཞུང་ཉིད་ཀྱི་སྟེང་དུ་མཆན་དུ་བཏབ་སྟེ་འདུག་གོ །ཙཀྲ་རྣམས་ཀྱི་དཔེ་ཆུང་ནི་ལོགས་ཤིག་ཏུ་བྱས་ཏེ་དེར་བརྟག་གོ །དཔའ་བོ་གྲུབ་པའི་མན་ངག་གནས་དག་ནི། །ཟབ་ཅིང་དཀའ་བའི་གནས་རྣམས་བྲིས་པ་ལས། །བྱུང་བའི་དགེ་བས་འགྲོ་བ་ཐམས་ཅད་ཀྱི། །སྡུག་བསྔལ་ཟད་ནས་བདེ་བ་ཐོབ་པར་ཤོག །འདི་ནི་ལེགས་པར་བརྟགས་ལ་སྦྱིན་བྱ་ཡི། །མ་བརྟགས་པ་ལ་ནམ་ཡང་སྦྱིན་མི་བྱ། །མན་ངག་དོན་གསལ་འདི་ནི་ས་སྐྱ་རུ། །དགེ་བསྙེན་གྲགས་པ་རྒྱལ་མཚན་བདག་གིས་སྦྱར། །དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་དཀའ་འགྲེལ་མན་ངག་དོན་གསལ་ཞེས་བྱ་བ་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་སྦྱར་བ་འདི་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*