མཆོད་གཏོར་བསྡུས་པ།

༼ཉ༽

༄༅། །མཆོད་གཏོར་བསྡུས་པ་བཞུགས།།

༄༅། །བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕུར་པའི་མཆོད་གཏོར་བསྡུས་པ་བྱེད་པར་འདོད་པས། ཤ་ཁྲག་ཕུད་དང་བཅས་པའི་གཏོར་མ་དཔལ་དང་བཅས་པ་ཅི་འབྱོར་བཤམས་ལ་བདག་གི་རྣལ་འབྱོར་རྫོགས་པར་བསྒོམས་ཏེ། གཏོར་མ་ཨོཾ་ཨཱཿཧཱུྃ་ངམ། ཨོཾ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཞེས་པ་དང༌། ཨོཾ་ལྔ་ལས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿལས་བྱུང་བའི་ཕུད་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དང་རཀྟ་རྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཏུ་བྱིན་གྱིས་བརླབ་བོ། །དེ་ནས་མདུན་དུ་དབང་ཕྱུག་ཕོ་མོའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པའི་མཐའ་མར་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་པའི་འོད་ཀྱི་འཕྲོ་འདུ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་གཡས་དཀར་གཡོན་དམར། གཡས་དང་པོ་རྡོ་རྗེ་རྩེ་དགུ་པ། བར་པ་རྡོ་རྗེ་རྩེ་ལྔ་པ། གཡོན་དང་པོ་མེ་དཔུང༌། བར་པ་ཁ་ཊྭཱཾ་ག འོག་མ་གཉིས་ཕུར་བ་འདྲིལ་བ། སྐུ་ཆེ་ཞིང་རགས་པ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དམར་བ། དབུ་སྐྲ་གྱེན་དུ་བརྫེས་པ། གླང་པོ་ཆེའི་ཀོ་རློན་དང༌། ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྟག་གི་པགས་པའི་ཤམ་ཐབས་ཅན། སྤྲུལ་གྱིས་བརྒྱན་པ། ཐོད་པ་ཁྲག་འཛག་པས་དོ་ཤལ་བྱས་པ། སྐམ་པོ་ལྔ་ལྔས་དབུ་བརྒྱན་པ། རཀྟའི་ཐིག་ལེ་ཞག་གི་ཟོ་རིས་ཐལ་ཆེན་གྱི་ཚོམ་བུས་བརྒྱན་པ། ཞི་བའི་ཆ་ལུགས་རྫོགས་པའི་བརྡར་རིན་པོ་ཆེས་བརྒྱན་པའོ། །དེ་ནས་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དང་སྐྲ་དང་བ་སྤུའི་བུ་ག་ཐམས་ཅད་ཁྲོ་བོས་གཏམས་པར་བསམ་མོ། །རང་འདྲ་བ་དེའི་ཐུགས་ཀར་ཉི་མའི་སྟེང་དུ་ཡེ་ཤེས་སེམས་དཔའ་རང་ལྟ་བུ་མཚོན་གང་བ་ཅིག་བསམ། དེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་ཡུངས་འབྲུ་ཙམ་གྱི་ལྟེ་བ་ལ་ཧཱུྃ་ཆུང་ངུ་ཅིག་བསམས་པ་ཏིང་ངེ་འཛིན་སེམས་དཔའོ། །དེ་ལ་ལྷ་ཐམས་ཅད་ཐིམ་པར་བསམས་ནས་དབང་བསྐུར། རིགས་ཀྱི་བདག་པོ་རྡོ་རྗེ་སེམས་དཔས་དབུར་བརྒྱན་པ་དེ་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དམ་ངོ་བོར་བསམས་པའི་ལྗགས་ལས་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། དབུལ་བ་ནི། བླ་མེད་མཆོག་གི་མཆོད་པ་དམ་པར་སྦྱར་བ་འདི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །ཐུགས་དམ་བཞིན་དུ་ཅི་བདེར་བཞེས་སུ་གསོལ། །ཞེས་པས་འདོད་ཡོན་ལྔ་ཕུལ་ལ། ཛཿཧཱུྃ་བྃ་ཧོཿཤྲཱི་ཧེ་རུ་ཀ་ཨི་དཾ་དྷཱུ་པཾ། པུཥྤཾ། དཱི་པཾ། གནྡྷཾ་བ་ལིཾ་ཏ་པྲ་ཏཱིཙྪ་ཧོ་ཤྲཱི་བནྡྷ་ཁཱ་ཧི། ཞེས་པས་དབུལ། ཡང་ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ཀྱང་མཆོད་དེ་ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཧ་ཞེས་གསུང་བར་བསམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་གསུང་ནས་བདག་ལ་བྱིན་གྱིས་བརླབས། ཕཊ་ཕཊ་ཕཊ་ཅེས་པས་དགྲ་བགེགས་ཐམས་ཅད་བསྒྲལ་བར་བསམས་ལ་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསྒོམ་མོ། །དེ་ནས་སྦྱོར་སྒྲོལ་གྱི་མཆོད་པ་ནི། ཐོག་མར་བདག་ཉིད་རྟོག་བསྒོམ་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །ཞེས་པ་དང༌། ཐབས་དང་ཤེས་རབ་བམ། ཟག་པ་མེད་པའི་མཆོད་པ་ནི། འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བའི། །ཐབས་དང་ཤེས་རབ་གཉིས་མེད་པ། །པདྨོ་ལ་ནི་རྡོ་རྗེ་ཞུགས། །བདག་ཉིད་མཆོད་པས་མཉེས་པར་བྱའོ། །ས་མ་ཡ་ཧོ། །ས་མ་ཡ་སྟྭཾ། ར་གོ་ཡཾ་ཨ་ནུ་ར་ག་ཡ་མེ། བོ་དྷི་ཙིཏྟ་ཞེས་པ་དང༌། གཉིས་སུ་མེད་པའི་མཆོད་པ་དངོས་ནི། མཉམ་པའི་སྒྲུབ་རྫས་ཆེན་པོ་དགེ །བདག་དག་མཉམ་པའི་ཚོགས་ལ་དབུལ། །བཟའ་དང་བཅའ་དང་བཏུང་དང་བགོ །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཨ་ལ་ལ་སྟེ་དཀྱིལ་འཁོར་ཐིམ། །ཞེས་པ་དང༌། ཛཿཧཱུྃ་བྃ་ཧོཿཞེས་བརྗོད་ལ། བྱང་སེམས་མཁའ་ནས་བླངས་ལྷ་ཐམས་ཅད་ཀྱི་ལྗགས་ལ་བཞག་པར་མོས་ཏེ། ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། པྲ་ཏཱིཙྪ་ཧོ། ཤྲཱི་བནྡྷ་ཁཱ་ཧི། དེ་ནས་རཀྟ་དབལ་བ་ནི། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲངས་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། །ཞིང་ཆེན་གསར་རྙིང་ཏི་རར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་རྣམས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མཱ་ཡ་མུ་ཏྲ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧྲཱིཿ དེ་བི་ས་ཧཱུྃ་ཕཊ། ཅེས་པ་དང༌། ཁམས་གསུམ་ཡོངས་སུ་བསྒྲལ་བའི་མཆོད་པ་ནི། ཧཱུྃ་ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །དམར་ཆེན་པོ་ཡི་རྒྱ་མཚོ་བསྐྱིལ། །འཁོར་བའི་དྲྭ་བ་གཅད་པའི་ཕྱིར། །འཁོར་གྱི་ཕྲ་མེན་ཚོགས་རྣམས་ཀྱིས། །མ་ལུས་གཤེགས་ནས་བསྣམས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཤྲཱི་ཧེ་རུ་ཀ་མ་ཧཱ་མཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་བ་སུ་ཏ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། ཞེས་པས་མཆོད་ལ། བསྟོད་པ་ནི། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང༌། །ཞེས་པ་ལ་སོགས་པས་བསྟོད་དོ། །དེ་ནས་དངོས་གྲུབ་བླང༌། བར་ཆད་ཞི་བར་གསོལ་བ་གདབ། ཡེ་ཤེས་པ་དང་བཅས་པ་བདག་ལ་བསྡུས་ཏེ་བརྟན་པར་བྱའོ། །འདི་ལས་ཀྱང་བསྡུས་པ་བྱེད་ན། བདག་བསྐྱེད་བསྒོམས་ནས། གཏོར་མ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། མདུན་དུ་ཡང་སྔ་མ་ལྟར་བསྐྱེད་ནས། ལྷ་ཐམས་ཅད་ཀྱི་ངོ་བོར་བསམས་ནས་བླ་མེད་མཆོག་ཚིག་རྣམས་དང༌། ཆོས་ཉིད་དུ་སྤར་བའི་བར་དུའོ། །དེ་ནས་མཆོད་པ་རྣམས་དང་བསྟོད་པ་བྱའོ། །འདོད་པའི་དོན་ལ་གསོལ་བ་གདབ། དགེ་བའི་རྩ་བ་རྣམས་སངས་རྒྱས་སུ་བསྔོ། མདུན་བསྐྱེད་བདག་ལ་བསྡུ། བསྲུང་བར་བྱའོ། །རྗེ་བླ་མའི་གསུང་བཞིན་བྲིས་པ་རྫོགས་སོ།།  །།བཟླས་པའི་ཚུལ་གསུམ་ལས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། སྡིག་སྦྱོང་དུ་སྔགས་བཟླས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཆོས་ཉིད་སྐྱེ་མེད་དུ་བཟླས་པའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བི་གྷྣཱན་བྃ་ཧཱུྃ་ཕཊ། དགྲ་བགེགས་ཚར་བཅད་པར་བཟླས་པའོ། །རྒྱུན་གྱི་མན་ངག་ཇོ་མོའི་གདམས་ངག་རྫོགས་སོ།།  །།སྙན་བརྒྱུད་ཡི་གེར་བྲིས་པ་རྡོ་རྗེ་ཕུར་པའི་སྔགས་ཕྲ་མེན་ཉིན་ཞག་གཅིག་གིས་བསྲུང་བ། ཞི་རྒྱས་དབང་མངོན་སྤྱོད་ཀྱི་བསྲུང་བ་ལ། རང་རྡོ་རྗེ་གཞོན་ནུར་གསལ་བའི་ཕུར་པ་ཨོཾ་ཨཱཿཧཱུྃ་གསུམ་དུ་བྱས་པས་ཕུར་པའི་སྐུ་གསུང་ཐུགས་ལ་ཐིམ་པས་ཕུར་པ་དེ་སྟོད་ཁྲོ་བོ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པས་ཕུར་པ་འཛིན་པ། སྨད་ཕུར་པའི་དབལ་དར་སྔོན་པོའི་ཤམ་ཐབས་ཅན་དུ་བསམ། མཆུ་བཙུགས་ལ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚན་ཧཱུྃ་ཕཊ་བརྒྱ་རྩ་བརྒྱད་བཟླས་སོ། །འགྲོ་ན་ལུས་ལ་བཅང༌། ཉལ་ན་སྔས་སུ་གཟུགས་པར་བྱའོ། །སྦོད་གཏོང་དང་དགྲ་བགེགས་ལ་སོགས་པའི་སྦྱོར་བ་ངན་པ་བྱེད་པས་མི་ཚུགས་སོ། །སློབ་དཔོན་པདྨས་རྣལ་འབྱོར་པའི་བར་ཆད་བསྲུང་བའི་དོན་དུ་མཛད་པ་རྫོགས་སོ།།  །།རྡོ་རྗེ་ཕུར་པ་གདོན་དྲག་པོ་འདུལ་བྱེད་ཅེས་ཀྱང་བྱ། གཟས་པ་པོ་ཁ་འཆིང་བ་ཞེས་ཀྱང་བྱ། བཟླས་པ་ཁྲི་བྱས་ན་འགྲུབ་པར་འགྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་གནོད་བྱེད་སརྦ་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ་ཛཿ ཨ་བར་ཏ་ཡ། དྷ་རོ་ཨཛྙིད་བཛྲ་ཨ་སེ་ཥ། ཨོཾ་བཛྲ་ཨ་སེ་ཥ་ཧཱུྃ་ཨ། སྙིང་ཁྲག་ཀུ་ལུ་ནན། བཾ་ཙི་ཏ་ཙི་ཏ་གནོད་བྱེད་སོགས་མཱ་ར་ཡ་ཧཱུྃ་རྦད། ཁ་ག་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། སྔས་སུ་གྲུ་གསུམ་མཐོ་གང་བ་བྱས་ལ་གནོད་པའི་མིང་བྱང་བཅུག་ལ། ཁྲག་དང་ཉུངས་ཀར་གྱི་ཐུན་བྱ། ཕུར་པ་བརྡེག རྡོ་རྗེ་ཕུར་པའི་ལྷ་ཚོགས་ལ་བཅོལ་བསྐུལ་བྱ། ཞག་བདུན་གྱིས་གདོན་དྲག་པོ་རྣམས་འཇོམས། ཚེར་མ་ཅན་གྱི་མེ་ལ་བསྲེག ཐལ་བ་གནོད་པའི་ཕྱོགས་སུ་འཕང༌། ལམ་དུ་མནན་པ་བྱ། ཕུར་པའི་གདོན་འདུལ་རྫོགས་སོ།།  །།ན་མོ་གུ་རུ། རྡོ་རྗེ་གཞོན་ནུ་རྒྱན་གྱི་གདམས་ངག་སངས་རྒྱས་ལག་བཅངས་ཀྱི་དགོངས་པ། སྤྱི་གཙུག་ཏུ་ཧཱུྃ་སྔོན་པོ་ཅིག་བསམ། འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མཆོད། ཚུར་འདུས་རང་གི་སྡིག་སྒྲིབ་སྦྱངས་ལུས་འོད་དུ་སོང་སྟོང་པར་བསམ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཆུའི་ཟླ་བ་ལྟར་གསལ་ལ་རང་བཞིན་མེད་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། ཧཱུྃ་སྔོན་པོ་རྒྱུའི་ཏིང་ངེ་འཛིན་དེ་གྱུར་པ་ལས་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ་ཞབས་བཞི་པ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པར་བསྒོམ། དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་མཚོན་གང་བ་བདག་འདྲ་བ་ཅིག་བསྒོམ། དེའི་ཐུགས་ཀར་རྡོ་རྗེ་རྩེ་དགུ་པ་ཅིག་བསྒོམ། དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་མ་ཕྱེད་བཀས་ཙམ་ཅིག་བསྒོམ། དེ་ལ་ཧཱུྃ་པུ་ཤུད་ལྟ་བུས་བསམས་པ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུྃ་ཕཊ། ཅེས་པས་འབྲུ་དགུ་གསེར་གྱི་བ་ཐག་ལྟ་བུས་བསྐོར་བ་ལ། སྔགས་ཀྱི་འོད་ཟེར་ཏིང་ངེ་འཛིན་སེམས་དཔའ་གསལ། དེས་ཡེ་ཤེས་སེམས་དཔའ་གསལ། དེས་དམ་ཚིག་སེམས་དཔའ་གསལ། དེས་སྡིག་པ་ཐམས་ཅད་དག་པར་བསམ་ཞིང་བཟླས། སྟོང་ལ་སོགས་པ་ཅི་ནུས་བཟླས་སོ། །ཚུར་འདུས་བདག་ལ་ཐིམ། བདག་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་ཧཱུྃ་ལ། དེ་ཧ་ལ། དེ་མགོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་ནཱ་ད་ལ། དེ་སྟོང་པ་འོད་གསལ་ཅིར་ཡང་མ་གྲུབ་པ་ལ་སེམས་བཞག་ལ་སྒོམ་བཟླས་བྱས་པས་སྡིག་པ་ཐམས་ཅད་བྱང༌། བར་ཆད་གདོན་ཞི་ཞིང་ནད་དང་རིམས་ཐམས་ཅད་དང་རྐྱེན་གློ་བུར་ཀུན་བཟློག་གོ །ཚེ་འདི་ལ་རིག་འཛིན་གྱི་གྲལ་དུ་འགྲོ། ཕྱི་མ་རྡོ་རྗེ་གཞོན་ནུར་བདག་གྱུར་རོ། །སློབ་དཔོན་པདྨས་མཁར་ཆེ་བཟའ་འཚོ་རྒྱལ་ལ་འབྲལ་ཁར་གདམས་པའོ། །སྣོད་དང་མི་ལྡན་པ་ལ་མི་སྦྱིན་ནོ། །རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*