རྡོ་རྗེ་ཕུར་པའི་སྒྲུབ་སྐོར།

༼ཉ༽

༄༅། །རྡོ་རྗེ་ཕུར་པའི་སྒྲུབ་སྐོར་བཞུགས་སོ།།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་དཔལ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཕུར་པ་རྩ་བའི་རྒྱུད་ལས་དུམ་བུའི་རྒྱུད་འདི་ཕྱུང་ནས། ཨཽ་ཌྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཛད་པའི་ཆོ་ག་འདི་ལ་དོན་གསུམ་སྟེ། རྒྱས་པ་དང་བསྡུས་པའོ། །དེ་ལ་ཡང་བསྙེན་པ་དང༌། བསྙེན་བསྒྲུབ་སྦྲགས་མ་གཉིས་ལས། བསྙེན་བསྒྲུབ་སྦྲགས་མའི་ཚུལ་འདི་བརྗོད་པར་བྱ་སྟེ། །དེ་ལ་གསུམ། སྔོན་འགྲོ་དང་དངོས་གཞི་དང་རྗེས་ཀྱི་བྱ་བའོ། །དང་པོ་ལ་གསུམ། རྫས་བསོག་པ་དང༌། མཚམས་བཅད་པ་དང༌། བཤགས་པ་བྱ་ཞིང་བྱིན་གྱིས་བརླབ་པའོ། །དེ་ལ་དང་པོ་གནས་བརྒྱན་ཏེ། རྟེན་བཀྲམ་ལ་ཅི་འབྱོར་པའི་མཆོད་པ་དང༌། གཏོར་མ་མདུན། རཀྟ་གཡས། ཕུད་གཡོན། བསྙེན་ཕུར་མདུན། རྔེའུ་ཆུང་དང་དྲིལ་བུ་གང་བདེར་བཤམ་མོ། །མཚམས་གཅད་པ་ནི། ཁྲོ་བོ་བཅུའི་སྔགས་ཀྱིས་སྲུང་འཁོར་བརྟན་པར་བསྒོམས་ལ། མཚམས་རྒྱས་བསྡུས་གང་རུང་བ་བཅད་དོ། །གསུམ་པ་ཅི་ཤེས་པའི་བཤགས་པ་དང༌། མཆོད་པ་དང༌། སྡིག་པ་བཤགས་པ་དང༌། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། དགེ་བའི་རྩ་བ་བསྔོ་བ་དང༌། བྱིན་དབབ་པ་དང༌། རྫས་བྱིན་གྱིས་བརླབ་པ་ནི། གཏོར་མ་ཨོཾ་ལྔ་ལས་འདོད་ཡོན་ལྔར་བྱིན་གྱིས་བརླབ་བོ། །ཕུད་ཨོཾ་ཨཱཿཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿལས་ཤ་ལྔ་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་དང༌། རཀྟ་རྃ་ལས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ལས་བྱུང་བའི་བདུད་རྩིར་བྱིན་གྱིས་བརླབ། རྔ་དང་དྲིལ་བུ་ལ་སོགས་པ་སྟོང་པ་ཉིད་ཀྱི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབ་བོ། །ཕུར་པ་རྡོ་རྗེ་གཞོན་ནུའི་ལུས་ལ་ཁྲོ་བོ་བཅུས་བརྒྱན་པར་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའོ། །དངོས་གཞི་ལ་གསུམ། ཏིང་ངེ་འཛིན་གསུམ། དཀྱིལ་འཁོར་གསུམ། མཆོད་པ་གསུམ་མོ། །དང་པོ་ལ་གསུམ་ལས། དབང་པོ་རྡོ་རྗེ་ཞེས་པས་སྟོང་པ་ཉིད་དུ་བསྒོམ་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནོ། །ཁྲོས་པ་ཞེ་སྡང་གཅོད་ཀྱིས་སྙིང་རྗེ་ཆེན་པོར་བསྒོམ་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏོ། །ནམ་མཁའ་སྟོང་པ་ལ་ཧཱུྃ་བསྒོམ་པ་རྒྱུའི་ཏིང་ངེ་འཛིན་ནོ། །དཀྱིལ་འཁོར་གསུམ་ནི། དང་པོ་ནི་མཚོན་ཆེན་སྔོན་པོ་ཞེས་པས་ཧཱུྃ་དེ་ལས་འབྱུང་བ་རིམ་བརྩེགས་དང་བཅས་པའི་གཞལ་ཡས་ཁང་པ་བསྐྱེད་པ་བསྟན་ནོ། །ནམ་མཁའི་དཀྱིལ་དུ་ཐིག་ལེ་ཤར། །ཞེས་པ་ནས། རྒྱུའི་ཏིང་ངེ་འཛིན་ཧཱུྃ་དེ་གཞལ་ཡས་ཁང་གི་ནང་དུ་ཕབ་པ་ལས་གཙོ་བོ་བསྐྱེད་པ་མན་ཆད་ཀྱིས་རྡོ་རྗེ་གཞོན་ནུ་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེག་ཏུ་བསྒོམ་པ་ནི། སྙིང་གི་སྒོ་རུ་ཤར་པ་དང༌། །ཞེས་པ་ལ་སོགས་པས་བསྟན་ཏེ། དམ་ཚིག་པ་བསྐྱེད་པའོ། །དེ་ནས་འགྲོ་བའི་རྒྱུད་སྦྱངས་ནས་ཡེ་ཤེས་སེམས་དཔའ་དགུག་པ་ནི། རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས། །ཞེས་པ་ལ་སོགས་པས་བསྟན་ནོ། །བརྟན་པའི་ཡན་ལག་ཏུ་དབང་བསྐུར་བ་ནི། ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན། །ཞེས་པ་ལ་སོགས་པས་བསྟན་ནོ། །དེ་ནས་གཉིས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི། སྔགས་རེ་བརྗོད་པས་དྲག་པོའི་ལྷ་བརྫུས་སྐྱེས་སུ་བྱུང་སྟེ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཞེས་པས་ཡབ། ཧཱུྃ་ཞེས་པས་ཡུམ། གརྫ་གརྫ་གཉིས་ཀྱིས་ཕྲ་མེན། ཧཱུྃ་ཕཊ་ཀྱིས་དེ་རྣམས་བསྐུལ་ཏེ། དེ་བཞིན་དུ་ཐམས་ཅད་བསྐྱེད་པར་བྱའོ། །ཁྲོ་བོའི་དཀྱིལ་འཁོར་རོ། །ཞར་ལ་དམ་ཅན་དང་བརྟན་མ་དང་ཆོས་སྐྱོང་རྣམས་སྤྲིན་འཐིབས་པ་ལྟར་བསྒོམ་མོ། །ཕུར་པ་རྫས་ཀྱི་དཀྱིལ་འཁོར་ནི་བྱིན་རླབས་བྱས་པའི་ཕུར་པ་ལག་ཏུ་བླངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་དང་མཐུ་རྩལ་དང་བྱིན་གྱི་རླབས་ཀྱིས་དབང་བསྐུར་བར་བསམ་ཞིང༌། མགོའི་ཕྱོགས་བཞི་སྤྱི་གཙུག་ལྔ་དང༌། སྐུ་གསུང་ཐུགས་ཀྱི་གནས་སུ་གཏུགས་ཤིང་རྩ་སྔགས་བཟླས་པ་དང༌། སྲིད་པའི་ཕུར་བུ་སྒྲུབ་པ་དང༌། །ཞེས་པ་ལ་སོགས་པ་བརྗོད་དོ། །དེ་ནི་དངོས་གཞི་དཀྱིལ་འཁོར་གསུམ་མོ། །གསུམ་པ་མཆོད་པ་གསུམ་ནི། བདུད་རྩི་གཏོར་མ་རཀྟ་དང་དེ་ལ་དམིགས་ཏེ། དམ་ཚིག་ཆེན་པོའི་དུས་ལ་བབ། །ཅེས་པ་ལ་སོགས་པས་མདུན་དུ་བདག་འདྲ་བའི་ཡིད་ཀྱིས་དཀྱིལ་འཁོར་གཅིག་ཞལ་ཕྱེ་ལ་བདག་བསྐྱེད་མདུན་བསྐྱེད་གཉིས་ཀ་ལ་བདུད་རྩིས་མཆོད་ལ་ཕོ་ཉ་བསྐུལ་བ་སྤྱིར་བསྟན་ནོ། །དེ་ནས་རཀྟ་མཆོད་པ་ནི། བསྒྲལ་བའི་མཆོད་པ་ཡིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅེས་པ་ལ་སོགས་པས་བསྐུལ་ཏེ་དགྲ་བགེགས་ཏིང་ངེ་འཛིན་གྱིས་བཀུག་ལ། ཨོཾ་ལྃ་ཧཱུྃ་ལྃ་ལ་སོགས་ཀྱིས་བཏབ་ལ། བསྒྲལ་ཏེ་རཀྟས་མཆོད། དངོས་གྲུབ་བར་ཆད་བྱེད་པའི་བགེགས། །ཞེས་པས་བསྐུལ། ཧཱུྃ་པ་ར་བིདྱ་ལ་སོགས་ཀྱིས་བསྒྲལ་བའི་ཤས་མཆོད། ཕོ་ཉ་བྲན་དང་བཀའ་ཉན་ཞེས་པ་ལ་སོགས་ཀྱིས་བསྐུལ་ཏེ། ཧ་ན་ཧ་ན་བཛྲ་ལ་སོགས་ཀྱིས་བསྒྲལ་ལ། རྡོ་རྗེ་གསང་བའི་བཀའ་ལ་སོགས་པས་བསྐུལ། ཧཱུྃ་མ་མ་བ་ཤཱྃ་ལ་སོགས་པ་དང༌། འོག་གི་སརྦ་ཨ་ན་ཡ་སོགས་སྦྲེལ་ཏེ་དེ་ལ་སོགས་པས་བསྒྲལ་ལ་ཀླད་པས་མཆོད་དེ། གདུག་ཅིང་སྡང་སེམས་ལྡན་པ་ཞེས་པ་ལ་སོགས་པ་དང༌། རྡུངས་ཤིག་རྡོ་རྗེ་འབར་བའི་གཏུན། །ལ་སོགས་པས་སྐུལ་ལ། ཁ་ཏཾ་ནས་ཕཊ་གསུམ་ཡན་ཆད་ཀྱིས་གཏན་དུ་དགྲ་བགེགས་བརྡུངས་པས་བསྒྲལ་ལ། རུས་པའི་མཆོད་པས་མཆོད། རཀྟའི་མཆོད་པ་དེ་རྣམས་ཐམས་ཅད་ལ་དངོས་སུ་གཏོར་མའི་དབལ་གྱི་སྟེང་དུ་རཀྟ་སྦྲེང་ཞིང་མཆོད་པར་བྱའོ། །ཤ་དང་ཀླད་པ་རུས་པའི་མཆོད་པ་ཡང༌། དངོས་སུ་རཀྟ་སྦྲེངས་པས་རཀྟའི་མཆོད་པ་བྱའོ། །དོན་གྱིས་བསྒྲལ་པའི་མཆོད་པ་ཞེས་བྱའོ། །དེ་ནས་གཏོར་མ་འདོད་ཡོན་ལྔར་བྱིན་གྱིས་བརླབས་པ་དེས་མཆོད་ལ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མཆོད། དེས་ལྷ་ཐམས་ཅད་དགྱེས་ནས་ཧ་ཧ་ཧ་ཞེས་གསུང་བར་བསམ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་གསུང་ནས་བདག་ལ་བྱིན་གྱིས་རློབ་པར་བསམ། ཕཊ་ཕཊ་ཕཊ་ཅེས་པས་དགྲ་བགེགས་བསྒྲལ་བར་བསམ། དེ་ཆོས་ཉིད་དུ་གནས་སྤར་བར་བསམ་མོ། །ཆོས་ཉིད་ཀྱི་བདེན་པ་མན་ཆད་ནི་གདབ་པ་བསྐྱར་བའི་གཞུང་ངོ༌། །དེ་ནས་བསྟོད་པས་བསྟོད་ལ་བཟླས་པ་བྱ་སྟེ། བདག་དང་མདུན་ན་མོ་གཉིས་ཀའི་འོད་འཕྲོ་འདུ་དང་བཟླས་རོག་བྱེད་པ་ལྷ་དང་མཆོད་པ་དང་དགྲ་བགེགས་བསྒྲལ་བའི་ཏིང་ངེ་འཛིན་བྱའོ། །མཇུག་གི་ཆོས་གསུམ་ནི་གདབ་པ་དང༌། ཚོགས་དང་ལས་མཇུག་གོ །དང་པོ་གདབ་པ་ནི་ཤོག་བུ་ལ་ཁྲག་དང་དུག་གིས་དགྲ་བགེགས་ཀྱི་ལིངྒ་རྒྱས་པར་བྲིས་ལ། དེ་ལ་དགུག་གཞུག་མང་དུ་བྱས་ལ་བྲུབ་ཁུང་དུ་བཅུག་ལ་ལག་པས་ཕུར་བུ་ཐོགས་ལ། དམ་ཚིག་ཆེན་པོའི་དུས་ལ་བབ། །མན་ཆད་བསྒྲལ་བའི་མཆོད་པ་བཞིན་བྱས་ཏེ། ཚིགས་བཅད་བརྗོད་པའི་དུས་སུ་ཕོ་ཉ་དགྱེ་ཞིང་དགུག་གཞུག་བྱ། སྔགས་བརྗོད་པའི་དུས་སུ་ཕུར་བུས་གདབ་སྟེ། ཁྲག་དང་ཤ་དང་ཀླད་པ་དང་རུས་པའི་མཆོད་པས་མཆོད་དེ། དེ་ནས་བག་ཟན་དང་དགྲའི་རྐང་རྗེས་ཀྱི་ས་ལ་སོགས་པ་ལས་བྱས་པའི་ལིངྒ་སྔར་བཞིན་གྱི་ཆོ་ག་བྱས་ལ། དུམ་བུར་གཏུབས་ལ་གཏོར་མ་ལ་དབུལ་ལོ། །དེས་ཀྱང་མ་སྒྲོལ་ལ་མ་རྟོག་ན། ཕུར་པ་ལག་ཏུ་བླངས་ལ་ཆོས་ཀྱི་བདེན་པའོ་མན་ཆད་བརྗོད་ཅིང༌། ཀཱི་ལ་ཡ་ལན་ཉི་ཤུ་རྩ་གཅིག་བརྗོད་ཅིང་སྙིང་དཀར་ནག་གི་མཚམས་སུ་ཕུར་པ་བཏབ་པར་བསམས་ལ། ལིངྒའི་སྙིང་གར་ཕུར་བུ་གདབ་བོ། །རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེ་བར་བསམ་མོ། །དེ་དག་གི་བྱིན་རླབས་ཀྱིས་བདག་ཚེ་ལ་དབང་བའི་རིག་འཛིན་དུ་གྱུར་པར་བསམ་མོ། །དེ་ནས་ཚོགས་ནི་ཡང་སྔ་མ་བཞིན་དུ་བྱས་ལ་དགྲ་བགེགས་བསྒྲལ་བའི་རོ་དེ་འདོད་ཡོན་ལྔར་སྤྲུལ་ལ་བྱིན་གྱིས་བརླབས་ཏེ། ཨོཾ་བཛྲ་ཡཀྵ་ཀྲོ་དྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པས་ལྷ་ལ་འབུལ། ཧ་ཧ་ཧ་ཞེས་པས་བཞད། ཧཱུྃ་ཧཱུྃ་ཧཱུྃ་གིས་བདག་ལ་དངོས་གྲུབ་སྩལ། ཕཊ་ཕཊ་ཕཊ་ཀྱིས་དགྲ་བགེགས་བསྒྲལ་བ་ཆོས་ཉིད་དུ་གནས་པར་བསམས་ལ་ཚོགས་ལ་རོལ་ཏེ་ལྷག་མ་བསྡུས་ལ་ཁ་ཕྲུས་བཏབ་ལ། ཕུད་ཀྱི་གཏོར་མ་དང་བསྲེགས་ནས་ལས་བྱེད་པའི་ཆོས་སྐྱོང་རྣམས་ལ་བྱིན་པར་བསམ། གོང་གི་བྲན་དང་བཀའ་ཉན་ཞེས་པའི་ཚིགས་བཅད་གཅིག་བརྗོད་པའི་སྐབས་ལ། ཨོཾ་ཨུ་ཙྪིཥྚ་བྷ་ལིཾ་ཏ་བྷཀྵ་སཱི་སྭཱ་ཧཱ། ཞེས་བརྗོད་པས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་མོ། །ལས་མཇུག་ནི་མནན་པ་དང༌། སྦྱིན་སྲེག་བྱ། གཏོར་མ་ཟོར་དུ་འཕང་ངོ༌། །མནན་པ་ནི་ལིངྒ་ས་གཉན་པོ་ལ་སྦའོ། །རྡོ་རྗེ་མེ་དབལ་ཞེས་པས་སྦྱིན་སྲེག་གི་ཏིང་ངེ་འཛིན་ཏེ། ལས་དང་མཐུན་པའི་ཐབ་ཏུ་རྡོ་རྗེ་གཞོན་ནུ་བསྐྱེད་ལ། ལས་སོ་སོའི་རྫས་སམ་དགྲ་བགེགས་ཞལ་དུ་ཕུལ་བར་བསམ་ཞིང༌། ལིང་རོ་དང་ལྕགས་ཕྱེ་ཟངས་ཕྱེ་སྐེ་ཚེ་ཡུངས་ཀར་ཡུངས་དམར་ནག མར་ནག་དང་ཁྲག་ལ་སོགས་པ་བསྙེན་སྔགས་ཀྱི་ཤམ་དུ་གནོད་བྱེད་མཱ་ར་ཡ་ཕཊ། ཅེས་པ་བཏགས་པའམ་ལས་སོ་སོའི་ཤམ་བུ་གདགས་ཤིང་བསམ་པ་དེས་དབུལ་ལོ། །འདོད་པའི་དོན་ལ་གསོལ་བ་གདབ། བཟོད་པར་གསོལ་ཏེ་ལྷ་མི་དམིགས་པར་བྱའོ། །གཏོར་མའི་ཟོར་ནི་སྒོ་དྲུག་དུ་ཁྱེར་ལ། བརྟན་མ་དགུག་པ་དང་ཟིལ་གྱིས་མནན། གཏོར་མ་སྦྱིན། ལས་གཞོལ། གཤེགས་སུ་གསོལ་བའི་ཏིང་ངེ་འཛིན་རྣམས་ཞེས་སོ། །དེ་ནས་དགྲ་བགེགས་ཀྱི་རྣམ་ཤེས་མར་མེ་འདྲ་བ་ལ། གཏོར་མ་དུག་ཐུན་ཕོག་པས་དགྲ་བགེགས་ཀྱི་རྣམ་ཤེས་མར་མེ་ལྟ་བུ་བསད་ཅིང་བསྒྲལ་ལོ། །རླུང་ཕྱོགས་སུ་འགྲོ་བ་དང་བསྟུན་ལ་གཏོར་མ་འཕང༌། ཟོར་ལམ་ན་དགྲ་བགེགས་གཞན་ཡོད་དུ་དོགས་ན་ལམ་ཕྱེ། ཟུར་ཅིག་ཅེས་བརྗོད་པར་བྱའོ། །བསྙེན་པ་རྐྱང་པ་བྱེད་ན་བཟླས་པ་ཡན་ཆད་ཀྱིས་བཏུབ། དུས་ཀྱི་ཚོགས་ལྟ་བུ་བྱེད་ན་གཞུང་བཞིན་དུ་རྫོགས་པར་བྱེད་དེ། འོན་ཀྱང་གདབ་པ་དང༌། མནན་པ་དང༌། སྦྱིན་སྲེག་མི་བྱེད། སྤྲོས་པ་ལ་དགའ་ན་གདབ་པར་བྱ། མནན་བསྲེག་མི་བྱ། བསྙེན་པ་འབུམ་ཕྲག་བཅུ་དྲུག་སོང་ནས་མནན་བསྲེག་བྱའོ། །དཀྱིལ་འཁོར་བྲིས། སྒྲུབ་པ་བྱེད་པའི་ལུགས་འདི་མི་བརྗོད་དེ། ལས་འདི་ཉིད་ཀྱིས་འགྲུབ་ཅེས་གསུང་ངོ༌། །གཏོར་མ་བཏང་ནས་ཡར་ལོག་པ་དང་ཆོས་བདག་མེད་པར་བསྒོམ་པ་དང༌། སྔགས་བཟླས་པས་བསྲུང༌། ནང་དུ་ཆང་ལ་སོགས་པ་ལོངས་སྤྱད། ལས་བཞིའི་བྲོ་དང༌། གླུ་གར་དང་བཀྲ་ཤིས་ཀྱི་ཚིག་མང་དུ་བརྗོད། ཤིན་ཏུ་བསྡུས་པའི་བསྙེན་བསྒྲུབ་ཀྱི་ཡིག་ཆུང་འདི་ནི། བླ་མ་གོང་མ་རྣམས་ཀྱི་གསུང་དང་ཕྱག་ལེན་ཇི་ལྟར་མཛད་པ་ལྟར་དོན་བསྡུས་ཏེ། དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དགོན་པར་བྲིས་པ་རྫོགས་སོ།།  །། ༈ གུ་རུས་དཔར་རྩ་སྤེལ་བའོ།།

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*